བྱང་ཆུབ་སེམས་ཀྱི་རྣམ་བཞག་ཉུང་ངུ་དམ་ཆོས་བདུད་རྩིའི་འོད་སྣང་།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-02-16 10:08:43     རྩོམ་པ་པོ།   མཛོད་དགེ་འཇིགས་མེད་རྒྱ་མཚོ།     ཀློག་ཐེངས།  

༢༠༡༥ལོའི་གཞུང་ལུགས་རབ་འབྱམས་དམའ་རིམ་འཛིན་གྲྭ།

མཆོད་བརྗོད།

བསྐལ་བཟང་རྣམ་འདྲེན་རྒྱལ་བ་ཤཱཀྱ་དང་།

བྱང་ཆུབ་སེམས་མངའ་རྒྱལ་སྲས་ཞི་བ་ལྷ།

བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་རྣམས།

ནམ་ཡང་འདི་ཕྱིའི་སྐྱབས་གནས་གཙུག་ཏུ་མཆོད།

བཤེས་གཉེན་ཆུ་གཏེར་བདུད་རྩིའི་ཟེགས་མ་ཙམ།

སྙིང་གི་འདབ་མའི་དབུས་སུ་བབས་པ་རུ།

དགྱེས་པའི་དགའ་སྟོན་རོལ་བའི་ནད་ཀྱི་སྨན།

ཡི་གེའི་གཟུགས་སུ་ལེགས་པར་བྲི་བར་བྱ།

བྱང་ཆུབ་གོ་འཕང་ཐོབ་པར་འདོད་པ་ལ།

གཉིད་དང་བཟའ་བཏུང་ཙམ་ལ་མ་ཆགས་པའི།

བདག་དང་སྐལ་བ་མཉམ་པའི་བྱིས་བློ་ལ།

སྐྱ་རེངས་སྒེག་མོས་མུན་པ་བསལ་བར་བྱ།

དེ་ལ་འདིར་མ་འདྲིས་པའི་མཛའ་བཤེས་ཆེན་པོ་སྟོན་པ་ཐུབ་པའི་དབང་བོ་དེ་ཉིད་ཀྱིས་དང་བོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད།བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས།མཐར་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་སྟེ།འཁོར་ལོ་དང་བོ་བདེན་པ་བཞིའི་ཆོས་འཁོར་དང་གཉིས་པ་མཚན་ཉིད་མེད་པའི་ཆོས་འཁོར།གསུམ་པ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་རྣམས་རིམ་བཞིན་བསྐོར།

ཆོས་འཁོར་ཞེས་པ་ནི་སངས་རྒྱས་ཀྱི་བཀའ་དང་ལམ་ཞུགས་ཀྱི་མངོན་རྟོགས་ཤིག་ལ་ཟེར།དེ་ནི་འཁོར་ལོ་རིན་པོ་ཆེ་ལྟར་མི་མཐུན་ཕྱོགས་འཇོམས་ནུས་པ་དང༌།ལམ་རྣམས་སུ་འདོར་ཞིང་འཇུག་པ་དང༌།མྱུར་དུ་འགྲོ་བ་དང༌།འཕགས་ལམ་གྱི་རྩིབས་ཀྱི་ཡན་ལག་བརྒྱད་དང་ལྡན་པ་སོགས་ཀྱི་ཆོས་མཚུངས་པས་ཆོས་ཀྱི་འཁོར་ལོ་ཞེས་བྱའོ།ཆོས་འཁོར་གསུམ་གྱི་མཚན་ཉིད་ནི།དུས་དང་བོར་གསུངས་པའི་མདོ་འཁོར་ལོ་དང་བོའི་མཚན་ཉིད།དུས་བར་བར་གསུངས་པའི་མདོ་འཁོར་ལོ་བར་བའི་མཚན་ཉིད།དུས་ཐ་མར་གསུངས་པའི་མདོ་འཁོར་ལོ་ཐ་མའི་མཚན་ཉིད་དོ།བདག་ཅག་གི་སྟོན་པ་སངས་རྒྱས་པའི་ཚུལ་བསྟན་ནས་ཤེར་མདོ་གསུང་ཁའི་བར་དེ་དུས་དང་བོ་དང་།ཤེར་མདོ་གསུངས་པ་ནས་མདོ་སྡེ་དགོངས་འགྲེལ་གསུང་ཁའི་བར་དེ་དུས་བར་བ།མདོ་སྡེ་དགོངས་འགྲེལ་གསུངས་པ་ནས་མྱ་ངན་ལས་འདའ་ཁའི་བར་དུ་དུས་གསུམ་པར་འཇོག་དགོས།སྟོན་པ་མཆོག་གིས་གསུངས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ནི།རང་ཡུལ་ལ་ཆགས་པའི་འདོད་ཆགས་དང་།སྡུག་བསྔལ་དང་།དེའི་གནས་དང་སེམས་ཅན་ལ་མནར་སེམས་པའི་ཞེ་སྡང་དང་།ཆོས་ཀྱི་གནས་ལུགས་ལ་རྨོངས་པའི་གཏི་མུག་དང་ཆ་མཉམ་ཀྱི་གཉེན་པོར་མ་གྱུར་བ་མེད་དེ།སློབ་དཔོན་དབྱིག་གཉེན་མཆོག་གིས་མཛད་པའི་དམ་པའི་ཆོས་མངོན་པ་མཛོད་ལས།སྤྱོད་པ་རྣམས་ཀྱི་གཉེན་པོར་ནི།ཆོས་ཀྱི་ཕུང་བོ་མཐུན་པར་གསུངས།ཞེས་གསུངས་པ་ལྟར་རོ།

སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པས།བདེ་བ་སྒྲུབ་པའི་ཐབས་བླ་ན་མེད་པ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་རང་ཅག་སོ་སོ་སྐྱེ་བོ་རྣམས་ཀྱི་རྒྱུད་ལ་སྐྱེ་བར་བྱེད་རྒྱུ་དེ་ཡིན།སོ་སོ་སྐྱེ་བོའི་སྒྲ་དོན་ནི་ལས་ཐ་དད་པའི་དབང་གིས་སོ་སོར་འགྲོ་བས་ན་སོ་སོ་སྐྱེ་བོ་ཞེས་བརྗོད།རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་ཞིང་རྒྱུ་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བས་དགེ་བ་སྒྲུབ་པ་དང་སྡིག་པ་སྤོང་བ་ནི་སྐྱེ་འགྲོ་ཡོངས་ཀྱིས་བསྒྲུབ་པར་བྱ་དགོས་པའི་བླང་དོར་གྱི་གནས་གལ་ཆེན་ཞིག་ཡིན།དེ་ལ་དགེ་སྡིག་གི་ངོ་བོ་ཤེས་དགོས་པས་དགེ་སྡིག་གཉིས་ཀྱི་མཚན་ཉིད་ནི།རང་འབྲས་རྣམ་སྨིན་ཡིད་འོང་འབྱིན་པའི་ཆ་ནས་བཞག་པའི་ལུང་དུ་བསྟན་པའི་ཆོས་དགེ་བའི་མཚན་ཉིད།རང་འབྲས་རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་པའི་ཆ་ནས་བཞག་པའི་ལུང་དུ་བསྟན་པའི་ཆོས་སྡིག་པའི་མཚན་ཉིད་དོ།

དེ་ལ་འདིར་སྐབས་སུ་བབ་པ་ནི་རྒྱལ་བའི་གསུང་རབ་ཀུན་གྱི་གདམས་པའི་ཉིང་བཅུད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་བཤད་པ་ཡིན་ལ།དེ་ལ་གཉིས།མདོར་བསྟན་པ་དང་།རྒྱས་པར་བཤད་པའོ།

དང་བོ་ནི།རྒྱལ་སྲས་ཆེན་པོ་ཞི་བ་ལྷ་མཆོག་གི་ཞལ་སྔ་ནས།དམ་ཆོས་འོ་མ་བསྲུབས་པ་ལས།མར་གྱི་ཉིང་ཁུ་ཕྱུང་བ་ཡིན།ཞེས་གསུངས་པ་ལྟར་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་ཁོ་ན་བདག་ཅག་གི་རྣམ་འདྲེན་བཞི་བ་རྫོགས་པའི་སངས་རྒྱས་སྟོན་པ་བཅོམ་ལྡན་འདས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཕུང་ཇི་སྙེད་ཅིག་གསུངས་པ་དེ་དག་གི་སྙིང་བོའི་ནང་ནས་ཡང་སྙིང་མཆོག་ཏུ་གྱུར་བ་ཡིན་པར་གསུངས་ཡོད།དེར་བརྟེན་བྱང་ཆུབ་ཀྱི་སེམས་ཞེས་པ་དེ་ནི་གང་འདྲ་ཞིག་རེད་དམ་ཞེ་ན།འདུན་པ་གཉིས་དང་ལྡན་པའི་སེམས་ཞིག་ལ་གོ་དགོས།འདུན་པ་ཞེས་པ་ནི་དོན་དུ་གཉེར་འདོད་པ་དང་རེ་བ་བྱེད་པའི་དོན་ཡིན།འདུན་པ་གཉིས་དང་ལྡན་པའི་སེམས་ཞེས་པའི་འདུན་པ་གཉིས་ནི།ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་མཐའ་དག་གི་དོན་བསྒྲུབ་འདོད་ཀྱི་འདོད་པའམ་འདུན་པ་དང་།གཞན་དོན་འབད་མེད་ལྷུན་གྲུབ་ཏུ་བསྒྲུབ་ཐུབ་པ་ཞིག་ལ་ཡོང་བ་ལ་སྔོན་དུ་རང་ཉིད་ཀྱིས་བྱང་ཆུབ་ཐོབ་དགོས་འདུག་སྙམ་པའི་འདུན་པ་གཉིས་སོ།གཞན་དོན་དོན་གཉེར་གྱི་འདུན་པ་དེས་རྒྱུ་བྱས་པའི་དེ་དང་མཚུངས་ལྡན་དུ་ཡོད་པའི་གྲོགས་དང་བཅས་པའི་བློ་ཞིག་སྟེ།ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མཆོག་ཏུ་འགོད་འདོད་ཀྱི་བསམ་པས་རང་གི་བྱང་ཆུབ་མངོན་དུ་བྱ་འདོད་ཀྱི་བསམ་པའམ་བློ་ལ་བྱང་ཆུབ་ཀྱི་སེམས་ཞེས་བྱ།སེམས་དེ་དམིགས་པ་རྒྱ་ཆེ་བ་མཐའ་ཡས་པའི་སེམས་ཅན་ལ་དམིགས་པ་དང་འབྲས་བུ་ཡོན་ཏན་མཐའ་ཡས་པའི་རྣམ་མཁྱེན་དེ་དོན་དུ་གཉེར་བའི་བསམ་པ་ཞིག་ཡིན་སྟབས་བསམ་པ་རྒྱ་ཆེན་པོ་ཡིན།དེ་འདྲའི་སེམས་དེ་སྐྱེ་བ་ལ་བསྐལ་བ་ནས་བསྐལ་བར་དམིགས་རྣམ་སྦྱངས་ནས་དུས་ཡུན་རིང་བོ་ནས་སྐྱེ་བ་དང་།ཡང་ཚེ་སྔོན་གྱི་བག་ཆགས་མཐུག་པོའི་སྟོབས་ཀྱིས་ཚེ་འདིར་སྐྱེ་ཐུབ་པ་ཡང་ཡོང་སྲིད་པ་རེད།སྐྱེས་བུ་སུ་ཞིག་ལ་བྱང་ཆུབ་ཀྱི་སེམས་འདི་ལྟ་བུ་འཁྲུངས་ན་ཚོགས་ཀྱང་དེས་རྫོགས་ལ།སྡིག་སྒྲིབ་ཀྱང་དེས་སྦྱངས་འགྲོ་བས་བརྒྱ་གོ་གཅིག་ཆོད་ལྟ་བུ་ཡིན་ཏེ།རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས།བསྐལ་བ་དུ་མར་རབ་དགོངས་མཛད་པ་ཡི།ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས།ཞེས་གསུངས་པ་བཞིན།ཐུབ་དབང་རྣམས་ཀྱིས་མཐའ་གཅིག་ཏུ་སེམས་ཅན་ཡོངས་ལ་གནས་སྐབས་དང་མཐར་ཐུག་གང་དུ་ཡིན་ནའང་ཕན་པ་འབའ་ཞིག་སྟོན་པའི་བློ་དང་ཆོས་གང་ཡིན་ནམ་ཞེ་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཡིན།དེ་འདྲའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་སྐྱེ་བ་ལ་བརྩེ་བ་སྙིང་རྗེ་ཆེན་པོ་གལ་ཆེ་སྟེ་དེ་ཡིས་འདི་འདྲེན་དགོས་པས་སོ།བརྩེ་བ་སྙིང་རྗེ་ཆེན་པོ་ནི་དཔལ་ལྡན་ཟླ་བའི་ལེགས་བཤད་ཆེན་པོ་དབུ་མ་ལ་འཇུག་པ་ལས།གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི།ས་བོན་དང་ནི་སྤེལ་ལ་ཆུར་འདྲ་ཡུན་རིང་དུ།ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ།།དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི།ཞེས་གསུངས་པ་ནང་བཞིན་དང་བོ་བསྐྱེད་པ་ལ་ས་བོན་ལྟ་བུ་དང་བར་དུ་སྤེལ་བ་ལ་ཆུ་དང་འདྲ་ཞིང་ཐ་མར་ཡུན་རིང་ལོངས་སྤྱོད་པའི་གནས་ལ་འབྲས་བུ་སྨིན་པ་ལྟ་བུ་ཞིག་ཡིན་ནོ།

བརྩེ་བ་སྙིང་རྗེ་ཆེན་པོས་དྲངས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་གཙོ་བོར་སྟོན་པའི་གཞུང་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སྟེ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་མཛད་པའི་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་གདམས་པ་ཡིན་ལ།བསྟན་བཅོས་འདིས་སྐྱེས་བུ་ཆེན་པོའི་བསམ་པ་སྦྱོང་བའི་ཡན་ལག་ཏུ་སྐྱེས་བུ་ཆུང་འབྲིང་གི་བསམ་པ་སྦྱོང་བ་སྔོན་དུ་བཏང་ནས།བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དེ་སྤྱོད་པ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབས་ནས།འཚང་རྒྱ་བའི་ལམ་གྱི་རིམ་པ་རྗོགས་པར་སྟོན་པ་ཡིན་ནོ།།

གཉིས་པ་སྙིང་རྗེ་ཁྱད་པར་ཅན་ལས་འཁྲུངས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་རྒྱས་པར་བཤད་པ་ལ།མཚན་ཉིད།ཕན་ཡོན།དབྱེ་བ།ས་མཚམས།དེ་སྦྱང་བའི་རིམ་པ་དང་ལྔའོ།

དང་བོ་ནི།མདོ་སྡེ་རྒྱན་ལས།སྤྲོ་བ་ཆེ་དང་རྩོམ་པ་ཆེ།།དོན་ཆེ་བ་དང་འབྱུང་བ་ཆེ།།བྱང་ཆུབ་སེམས་དཔའི་སེམས་པ་སྟེ།།དོན་གཉིས་ལྡན་པའི་སེམས་འབྱུང་བ།།ཞེས་གྲོགས་གོ་ཆ་དང་སྦྱོར་བའི་བརྩོན་འགྲུས་དང་ལྡན་པ།འབྲས་བུ་རང་གཞན་གྱི་དོན་འགྲུབ་ཅིང་བྱང་ཆུབ་ཆེན་པོ་འབྱུང་བ།དམིགས་ཡུལ་བྱང་ཆུབ་ཆེན་པོ་དང་སེམས་ཅན་གྱི་དོན་ལ་དམིགས་པའི་སེམས་པ་འབྱུང་བ་སེམས་བསྐྱེད་ཀྱི་མཚན་ཉིད་དུ་བཤད་དོ།བསྟན་བཅོས་ཆེན་པོ་མངོན་རྟོགས་རྒྱན་ལས།སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།།ཡང་དག་རྫོགས་པའི་བྱང་ཆུབ་འདོད།།དེ་དང་དེ་ནི་མདོ་བཞིན་དུ།།བསྡུས་དང་རྒྱས་པའི་སྒོ་ནས་བརྗོད།ཅེས་དང་།ཀུན་འཇམ་དབྱངས་བཞད་པའི་ཕར་ཕྱིན་མཐའ་དཔྱོད་ཤེར་ཕྱིན་དོན་ཀུན་གསལ་བའི་རིན་ཆེན་སྒྲོན་མེ་ལས།རང་གི་རྒྱུར་གྱུར་བའི་གཞན་དོན་དོན་གཉེར་གྱི་འདུན་པ་ལས་བྱུང་ཞིང་རང་གི་གྲོགས་བྱང་ཆུབ་ལ་དམིགས་པའི་འདོད་པ་དང་མཚུངས་ལྡན་གྱི་ཐེག་ཆེན་ལམ་གྱི་གཞུང་ཤིང་དུ་བསྟན་པའི་ཆ་ནས་བཞག་པའི་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་དེ།ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད།ཞེས་གསུངས་པ་ལྟར་ཡིན།ཁྱད་པར་ཅན་ཞེས་པའི་དོན་ནི།བྱང་ཆུབ་ཀྱི་སེམས་འདི་ཉིད་ཐེག་ཆེན་ལམ་གྱི་གཞུང་ཤིང་ལྟ་བུ་དང་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུ་དང་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པའི་ལམ་གྱི་སྡོམས་ལྟ་བུ་ཡིན་པས་ཁྱད་པར་ཅན་ཞེས་བྱ།ཆ་བཞག་གིས་སངས་རྒྱས་འཕགས་པས་བྱང་ཆུབ་དོན་དུ་གཉེར་བ་བཅད་པ་དང་ཁོང་རྣམས་ཀྱི་རྒྱུད་ན་གཞན་དོན་དོན་དུ་གཉེར་བ་ཡོད་པ་བསྡུ་དགོས་སོ།།

གཉིས་པ་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བཤད་པ་ལ་བཅུ་ཡོད་དེ།སྡིག་པ་མཐའ་དག་འཇོམས་པའི་ཕན་ཡོན་དང་།བདེ་བ་མཆོག་བསྒྲུབ་ནུས་པའི་ཕན་ཡོན།ཇི་ལྟར་འདོད་པའི་དོན་བསྒྲུབ་ནུས་པའི་ཕན་ཡོན།མིང་དོན་ཁྱད་པར་ཅན་ཐོབ་པའི་ཕན་ཡོན་རྣམས་དང་།ཕན་ཡོན་དཔེའི་སྒོ་ནས་བསྔགས་པ་དྲུག་དང་བཅས་ཏེ་བཅུའོ།།

དང་བོ་སྡིག་པ་མཐའ་དག་འཇོམས་པའི་ཕན་ཡོན་ནི།བྱང་ཆུབ་ཀྱི་སེམས་འདི་ཉིད་ཀྱིས་སྐྱེ་བ་ཐོག་མེད་ནས་ད་ལྟའི་བར་དུ་བསགས་པའི་སྡིག་པ་ཆུང་ངུ་རྣམས་སུ་མ་ཟད་མཚམས་མེད་ལྔ་སོགས་སྡིག་པ་སྟོབས་ཆེན་པོ་འབྲས་བུ་མི་བཟད་པ་རྣམ་པར་སྨིན་པར་འགྱུར་ངེས་པ་རྣམས་ཀྱང་མགོ་བོ་གནོན་པར་ནུས་ཏེ།སྤྱོད་འཇུག་ལས།སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ།དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ།དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར།ཞེས་གསུངས་པའི་རྒྱུ་མཚན་ཡོད་པའི་ཕྱིར།ཤོ་ལོ་ཀ་དེའི་དོན་ནི།སྐྱེ་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་མཚམས་མེད་ལྔ་སྟེ་ཕ་གསོད་པ་དང་།མ་གསོད་པ།དགྲ་བཅོམ་པ་གསོད་པ།དགེ་འདུན་གྱི་དབྱེན་བྱེད་པ།དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ལ་སོགས་པའི་སྡིག་པ་སྟོབས་ཆེན་པོའི་འབྲས་བུ་མནར་མེད་ལ་སོགས་པ་ཚ་དམྱལ་དང་གྲང་དམྱལ་གྱི་སྡུག་བསྔལ་ཤིན་ཏུ་མི་བཟད་པ་དེ་ཤེས་རབ་དང་སྙིང་རྗེའི་བདག་ཉིད་ཅན་གྱི་རྫོགས་པའི་བྱང་ཆུབ་ཀྱི་སེམས་མིན་པའི་དགེ་བ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར་ཏེ་མི་འགྱུར་བས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱ་ཞེས་པའོ།

གཉིས་པ་བདེ་བ་མཆོག་བསྒྲུབ་ནུས་པའི་ཕན་ཡོན་ནི།བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཡིས་སྐྱེ་དགུ་ཡོངས་ཀྱི་བདེ་བ་མཆོག་སངས་རྒྱས་ཀྱི་གོ་འཕང་ཚེགས་ཆུང་ངུ་འམ་བདེ་བླག་ཏུ་ཐོབ་པར་འགྱུར་ཏེ།སྤྱོད་འཇུག་ལས།བསྐལ་བ་དུ་མར་རབ་དགོངས་མཛད་པ་ཡི།ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས།འདིས་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱིས།བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་བྱེད།ཅེས་གསུངས་པ་ཉིད་ཀྱིས་སོ།དེའི་དོན་ནི།བསྐལ་བ་དུ་མར་ཏེ་གྲངས་མེད་གསུམ་དུ་སེམས་ཅན་རྣམས་ལ་ཕན་པའི་ཐབས་འབའ་ཞིག་རབ་ཏུ་དགོངས་ཤིང་དཔྱད་པར་མཛད་པའི་སྟོན་པ་ཐུབ་པའི་དབང་བོ་དེ་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་དབུགས་ལྡན་ཡོད་དོ་ཅོག་ལ་ཕན་པར་གཟིགས་ཏེ།འདིས་ནི་ཚད་མེད་པའམ་མཐའ་མེད་པའི་སྐྱེ་བོའི་ཚོགས་རྣམས་ཀྱིས་བདེ་བ་མཆོག་བླ་ན་མེད་པའི་བྱང་ཆུབ་བམ་སངས་རྒྱས་ཀྱི་གོ་འཕང་ཚེགས་མེད་པར་བདེ་བླག་ཉིད་དུ་ཐོབ་པར་བྱེད་པའི་ཕྱིར་རོ།ཞེས་པའོ།བསྐལ་བ་ནི།ཆོས་མངོན་པ་མཛོད་ལས་བསྐལ་བ་ལ་ཆགས་བསྐལ་དང་གནས་བསྐལ།འཇིག་བསྐལ་དང་སྟོང་བསྐལ་བཞི་ཡོད་ལ་དེ་རེ་རེ་ལ་བསྐལ་ཆུང་ཉི་ཤུ་རེ་ཡོད་པས་བསྐལ་ཆེན་གཅིག་ལ་བསྐལ་ཆུང་བརྒྱད་ཅུ་ཡོད།

བསྐལ་ཆུང་ནི་མིའི་ཚེ་ལོ་བཅུ་བ་ནས་བཟུང་ལོ་བརྒྱ་རེར་ལོ་རེ་འཕེལ་ཏེ་མིའི་ཚེ་ལོ་བརྒྱད་ཁྲི་བཞི་སྟོང་བར་ཡར་འཕེལ་བའི་དུས་ཡུན་ལ་བསྐལ་ཆུང་གཅིག་དང་།དེ་ནས་ལོ་བརྒྱ་རེར་ལོ་རེ་འགྲིབ་སྟེ་མིའི་ཚེ་ལོ་བཅུ་བའི་བར་མར་འགྲིབ་པའི་དུས་ཡུན་ལ་ཡང་བསྐལ་ཆུང་གཅིག་ཟེར།བསྐལ་ཆུང་གཅིག་ལ་མི་ལོ་ཁྲི་བརྒྱད་བརྒྱ་སོ་དགུ་དང་དགུ་སྟོང་ཐམ་པ་ཡོད་པར་བཤད་དོ།

གསུམ་པ་ཇི་ལྟར་འདོད་པའི་དོན་བསྒྲུབ་ནུས་པའི་ཕན་ཡོན་ནི།སེམས་འདིས་རང་གཞན་ཀུན་གྱི་སྡུག་བསྔལ་མི་འདོད་པ་མཐའ་དག་སྤོང་ནུས་ཤིང་བདེ་བ་ཀུན་ཀྱང་སྤྱོད་པར་ནུས་ཏེ།སྤྱོད་འཇུག་ལས།སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང་།སེམས་ཅན་མི་བདེ་བསལ་བར་འདོད་པ་དང་།བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་།བྱང་ཆུབ་སེམས་ཉིད་རྟག་ཏུ་བཏང་མི་བྱ།ཞེས་གསུངས་པས་སོ།འདི་ཡི་དོན་ནི།སྲིད་པ་འཁོར་བར་གནས་པའི་དམྱལ་སོགས་ཀྱི་སྡུག་བསྔལ་གྱིས་མཚོན་པའི་སྡུག་བསྔལ་བརྒྱ་ཕྲག་མང་བོ་རབ་ཏུ་གཞོམ་པར་འདོད་ཅིང་།རང་འབའ་ཞིག་མ་ཡིན་པར་སེམས་ཅན་གཞན་རྣམས་ཀྱི་འདི་དང་ཕྱི་མའི་མི་བདེ་བ་ཐམས་ཅད་བསལ་བར་འདོད་པ་དང་།རང་གཞན་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་བདེ་བ་མང་བོ་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་བྱང་ཆུབ་ཀྱི་སེམས་ཉིད་རྟག་ཏུ་གཏང་བར་མི་བྱ་སྟེ།དེས་དོན་དེ་དག་འགྲུབ་པར་ངེས་པའི་ཕྱིར།ཞེས་པ་ཡིན་ནོ།འདི་སྐྱེས་བུ་གསུམ་དང་སྦྱར་ནས་བཤད་ཚུལ་ཡང་ཡོད་དོ།

བཞི་བ་མིང་དོན་ཁྱད་པར་ཅན་ཐོབ་པའི་ཕན་ཡོན་ནི།བྱང་ཆུབ་ཀྱི་སེམས་འདི་སྲིད་པར་འཁོར་ཞིང་ཆགས་སོགས་ཀྱིས་ཉམ་ཐག་པའི་སེམས་ཅན་གྱི་རྒྱུད་ལ་སྐྱེས་ན་ཚངས་པ་ལ་སོགས་པ་ལྷ་མི་ཀུན་གྱིས་ཕྱག་བྱེད་ཅིང་རྒྱལ་བའི་སྲས་ཀྱི་མིང་འཐོབ་སྟེ།སྤྱོད་འཇུག་ལས།བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས།འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས།བདེ་གཤེགས་རྣམས་ཀྱིས་སྲས་ཞེས་བརྗོད་བྱ་ཞིང་།འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར།ཞེས་གསུངས་པའི་ཕྱིར།དེའི་དོན་ནི།ལུས་ལ་ཕོ་མོ་དང་ན་ཚོད་ལ་རྒན་གཞོན།རིགས་རུས་ལ་བཟང་ངན་མེད་པར་རང་རྒྱུད་ལ་སྨོན་པ་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་སྐྱེས་མ་ཐག་པའི་སྐད་ཅིག་དེ་ཉིད་ལ་སྔར་འཁོར་བའི་བཙོན་རར་ལས་དང་ཉོན་མོངས་པའི་ལྕགས་སྒྲོག་གིས་བསྡམས་པས་ཉམ་ཐག་པའི་སེམས་ཅན་རྣམས་ཀྱང་མིང་ཁྱད་པར་ཅན་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཞེས་བརྗོད་པར་བྱ་ཞིང་མིང་གི་དོན་ཁྱད་པར་ཅན་འཇིག་རྟེན་པ་ལྷ་མིར་བཅས་པས་ཐལ་མོ་སྦྱོར་བ་དང་ཕྱག་བྱ་བར་འོས་པའི་གནས་སུ་འགྱུར་རོ།ཞེས་པའོ།

ལྔ་བ་བྱང་ཆུབ་སེམས་ཀྱི་ཕན་ཡོན་དཔེའི་སྒོ་ནས་བསྔགས་པ་དྲུག་གི་དང་བོ་དམན་པ་མཆོག་ཏུ་བསྒྱུར་བ་གསེར་འགྱུར་གྱི་རྩི་དང་མཚུངས་པའི་དཔེ་ནི།བྱང་ཆུབ་ཀྱི་སེམས་འདིས་གསེར་འགྱུར་གྱི་རྩིས་ལྕགས་ལ་སོགས་པ་རིན་ཆེན་གསེར་གྱི་ངོ་བོར་བསྒྱུར་བ་བཞིན་མི་གཙང་བའི་རང་བཞིན་གྱི་ཕུང་བོ་འདི་རྒྱལ་བའི་སྐུའི་ངོ་བོར་བསྒྱུར་ནུས་ཏེ།སྤྱོད་འཇུག་ལས།གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར།མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ།རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན།བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུངས།ཞེས་གསུངས་པས་ནའོ།དོན་ནི།གསེར་འགྱུར་གྱི་རྩི་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་དུ་བསྒྱུར་བའི་ནུས་པ་དང་རྣམ་པ་ཆེས་མཆོག་ཏུ་གྱུར་བ་ཇི་ལྟ་བུར།རྒྱུ་དང་ངོ་བོའི་སྒོ་ནས་ཆེས་རབ་ཏུ་མི་གཙང་བའི་ལུས་འདི་བླངས་ནས་རྟེན་དེ་ལ་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་སྒོམ་སྟོབས་ཀྱིས་རྒྱལ་བའི་སྐུ་རིན་པོ་ཆེ་རིན་ཐང་མེད་པས་དེ་རིན་གྱིས་གཞལ་བར་མི་ནུས་པར་སེམས་དེ་ཉིད་ཀྱིས་བསྒྱུར་བས་ན་ཕན་ཡོན་འདི་དག་བསམས་ནས་ཀྱང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཞེས་བྱ་བ་འདི་ཉིད་དུས་ནམ་ཡང་རང་རྒྱུད་ནས་མི་ཉམས་པར་རབ་ཏུ་བརྟན་པོར་ཟུངས་ཤིག་ཅེས་པའོ།དཔེ་འདི་མདོ་སྡོང་བོ་བཀོད་པ་ལས་གསུངས་ཏེ།སྡོང་བོ་བཀོད་པ་ལས།རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན།དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བ་ཡོད་དེ།དེ་ནི་སྲང་གཅིག་གིས་ཀྱང་ལྕགས་སྲང་སྟོང་གསེར་དུ་འགྱུར་རོ།དངུལ་ཆུ་སྲང་གཅིག་པོ་དེ་ནི་ལྕགས་སྲང་སྟོང་བོ་དེས་ཟད་པར་བྱ་བ་འམ་ལྕགས་སུ་བསྒྱུར་བར་མི་ནུས་སོ།དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རོའི་ཁམས་དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་ཡེ་ཤེས་ཀྱིས་བཟུང་བ་ནི་ལས་དང་ཉོན་མོངས་པའི་སྒྲིབ་པའི་ལྕགས་ཐམས་ཅད་ཟད་པར་བྱས་ཏེ།ཆོས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཁ་དོག་ཏུ་བྱེད་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རོའི་ཁམས་གཅིག་པོ་དེ་ནི་ལས་དང་ཉོན་མོངས་པའི་ལྕགས་ཐམས་ཅད་ཀྱིས་ཀྱང་ཀུན་ནས་ཉོན་མོངས་པར་བྱ་བའམ་ཟད་པར་མི་ནུས་སོ།ཞེས་གསུངས།གསེར་འགྱུར་གྱི་རྩི་ནི་རྣམ་པ་དངུལ་ཆུར་ཡོད་ལ་ངོ་བོ་གསེར་གྱི་མཆོག་ཡིན་པས་དེས་ཕྲད་མ་ཐག་ལྕགས་ཁམས་ཀྱི་རོ་ཐམས་ཅད་ཕུག་ནས་གསེར་གྱི་ཁམས་འབའ་ཞིག་པར་བྱེད་པར་མདོ་མྱང་འདས་སོགས་དང་རྒྱུད་དུས་འཁོར་སོགས་ལས་བཤད་པར་དཔའ་བོ་གཙུག་ལག་ཕྲེང་བས་བཤད་དོ།

དྲུག་པ་རྙེད་དཀའ་ཞིང་རིན་ཐང་ཆེ་བ་ཡིད་བཞིན་གྱི་ནོར་བུ་དང་མཚུངས་པའི་དཔེ་ནི།བྱང་ཆུབ་སེམས་འདི་སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་བརྟགས་ཀྱང་རྙེད་དཀའ་ཞིང་རིན་ཐང་ཆེ་བ་ཡིད་བཞིན་ཀྱི་ནོར་བུ་དང་འདྲ་བར་གཟིགས་ཏེ།སྤྱོད་འཇུག་ལས།འགྲོ་བའི་དེད་དཔོན་གཅིག་བུ་ཚད་མེད་བློས།ལེགས་པར་ཡོངས་སུ་བརྟགས་ན་རིན་ཆེ་བས།འགྲོ་བའི་གནས་དང་བྲལ་བར་འདོད་པ་རྣམས།རིན་ཆེན་བྱང་ཆུབ་སེམས་ལེགས་བརྟན་པར་ཟུངས།ཞེས་གསུངས་པའི་ཕྱིར།དོན་ནི།འགྲོ་བའི་དེད་དཔོན་གཅིག་བུ་སྟེ་འགྲོ་བ་སེམས་ཅན་ཐམས་ཅད་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་ལམ་བཟང་སྟོན་པར་བྱེད་པའི་དེད་དཔོན་ཉག་གཅིག་བུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཚད་མེད་པའམ་གཞལ་བར་མི་ནུས་པའི་བློས་ཞེས་གཏུགས་པ་མེད་པའི་མཁྱེན་རབ་མཐར་ཐུག་པ་དེས་གཟིགས་ཏེ་ལེགས་པར་ཡོངས་སུ་བརྟགས་ནའང་།ཐབས་ཀྱི་ཆ་བྱང་ཆུབ་ཀྱི་སེམས་འདི་ཉིད་རིན་ཐང་ཧ་ཅང་ཆེ་བས།འགྲོ་བའི་གནས་འཁོར་བའི་རྒུད་པ་མཐའ་དག་དང་བྲལ་བར་འདོད་པ་རྣམས་ཀྱིས་རིན་པོ་ཆེ་དབང་གི་རྒྱལ་བོ་ལྟ་བུའི་རིན་ཆེན་བྱང་ཆུབ་ཀྱི་སེམས་ལེགས་པར་བསྐྱེད་ནས་མི་ཉམས་པར་བརྟན་པོར་ཟུངས་ཤིག་ཅེས་པའོ།དེའི་ཚུལ་ནི་སྡོང་བོ་བཀོད་པ་ལས།རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན།ནོར་བུ་རིན་པོ་ཆེ་ཆེན་པོ་དྲི་མ་མེད་པས་རྣམ་པར་དག་པའི་འོད་ཅེས་བྱ་བ་ནི་རིན་པོ་ཆེའི་འབྱུང་གནས་ཐམས་ཅད་ཟིལ་གྱིས་གནོན་ཏོ།དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་དྲི་མ་མེད་པས་རྣམ་པར་དག་པའི་འོད་ཀྱང་སོ་སོའི་སྐྱེ་བོ་དང་།སློབ་པ་དང་མི་སློབ་པ་དང་།རང་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཟིལ་གྱིས་གནོན་ཏོ།ཞེས་དང་།རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན།ཇི་སྲིད་དུ་ཉི་ཟླའི་དཀྱིལ་འཁོར་འོད་ཀྱིས་སྣང་བར་བྱེད་པ་དེ་སྲིད་དུ་ནོར་དང་།འབྲུ་དང་།རིན་པོ་ཆེའི་རྣམ་པ་དང་།གསེར་དང་དངུལ་དང་།མེ་ཏོག་དང་སྤོས་དང་ཕྲེང་བ་དང་།གོས་དང་ལོངས་སྤྱོད་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ནོར་བུ་རིན་པོ་ཆེ་ཆེན་པོ་དབང་གི་རྒྱལ་པོའི་རིན་དུ་མི་ཆོག་གོདེ་བཞིན་དུ་ཇི་སྲིད་དུ་དུས་གསུམ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ཀྱི་ཡུལ་སྣང་བར་མཛད་པ་དེ་སྲིད་དུ་ལྷ་དང་མི་དང་།ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཟག་པ་ཡོད་པའམ་ཟག་པ་མེད་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་དབང་གི་རྒྱལ་པོའི་རིན་དུ་མི་ཆོག་གོཞེས་གསུངས་སོ།

བདུན་པ་འབྲས་བུ་མི་ཟད་ཅིང་འཕེལ་བ་དཔག་བསམ་ཤིང་དང་འདྲ་བའི་དཔེ་ནི།བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པའི་དགེ་བ་རྣམས་ཆུ་ཤིང་ལྟར་འབྲས་བུ་ལན་རེ་ཙམ་བསྐྱེད་པ་ལས་ཟད་པར་འགྱུར་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་དཔག་བསམ་གྱི་ཤིང་བཞིན་ཡིན་པས་སྔ་མ་ལྟར་མ་ཡིན་ཏེ།སྤྱོད་འཇུག་ལས།དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི།འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད།བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་།འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར།ཞེས་གསུངས་པས་སོ།དོན་ནི།དགེ་བ་གཞན་ཀུན་ཏེ་རང་ཉིད་གཅིག་བུའི་དོན་དུ་ཚེ་འདི་སྣང་གི་བསམ་པས་ཀུན་ནས་བསླངས་ཏེ་བསགས་པའི་དགེ་བ་དང་།ཐར་བ་ཆ་མཐུན་གྱི་དགེ་བ།གཞན་ཡང་ཚེ་ཕྱི་མར་རང་ཉིད་མངོན་མཐོ་ལྷ་མིའི་གོ་འཕང་དང་ཁམས་གསུམ་ལ་སྐྱོན་དུ་བལྟས་ནས་ཉན་རང་གི་ཐེག་པ་ཙམ་ཐོབ་ཆེད་དུ་བསགས་པའི་དགེ་བ་སོགས་བྱང་ཆུབ་ཀྱི་སེམས་ཀྱིས་རྩིས་མ་ཟིན་པའི་དགེ་བ་གཞན་ཀུན་ཡོངས་སུ་རྫོགས་པ་ཆུ་ཤིང་གི་སྡོང་བོ་ལྟར་འབྲས་བུ་གཅིག་ཙམ་སྨིན་རྗེས་སྐམ་འགྲོ་བ་ཡིན་ཡང་།བྱང་ཆུབ་ཀྱི་སེམས་ཀྱིས་རྩིས་ཟིན་པའི་དགེ་བ་རྣམས་དུས་སྐད་ཅིག་རེ་རེ་ལ་རྒྱུ་མཐུན་པའི་འབྲས་བུ་ཕུན་སུམ་ཚོགས་པ་སྦྱིན་པའི་དཔག་བསམ་གྱི་ལྗོན་ཤིང་བཞིན་དུ།དུས་རྟག་པར་རམ་ནམ་དུ་ཡང་འབྲས་བུ་འབྱིན་པར་བྱེད་པས་ཅི་ཙམ་ལོངས་སུ་སྤྱད་ཀྱང་ད་དུང་མི་ཟད་པར་གོང་ནས་གོང་དུ་འཕེལ་བར་འགྱུར་རོ།ཞེས་པའོ།བྱང་སེམས་ཀྱིས་ཟིན་ན་འབྲས་བུ་དཔག་ཏུ་མེད་པ་འབྱུང་བ་ནི་དཀོན་མཆོག་ཟ་མ་ཏོག་གི་མདོ་ལས།འཇམ་དཔལ་འདི་ལྟ་སྟེ།དཔེར་ན་སྤོས་ཀྱི་ཤིང་ལྗོན་པ་སྣ་ཚོགས་ནི་ཁམས་བཞིས་བཟུང་ནས་རྣམ་པར་འཕེལ་ལོ།འཇམ་དཔལ་དེ་བཞིན་དུ་ཚོགས་སྣ་ཚོགས་བསགས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་བཟུང་ཞིང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་ན་རྣམ་པར་འཕེལ་ལོ།ཞེས་དང་།བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས།བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན།རྒྱ་མཚོ་ཆེན་པོར་ཆུའི་ཐིགས་པ་ལྷུང་བ་ནི་བསྐལ་བའི་མཐར་མ་ཐུག་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ་གཏུགས་པ་མེད་དོ།དེ་བཞིན་དུ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ནི་བྱང་ཆུབ་ཀྱི་སྙིང་བོ་ལ་ཐུག་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ་གཏུགས་པ་མེད་དོ།ཞེས་གསུངས་སོ།

བརྒྱད་པ་འཇིགས་པ་ཆེན་པོ་ལས་སྐྱོབ་ནུས་པ་དཔའ་བོ་དང་འདྲ་བའི་དཔེ་ནི།སེམས་འདི་དགེ་བ་འཕེལ་བྱེད་ཁོ་ན་མ་ཡིན་གྱི་མི་དགེ་བ་ཟད་བྱེད་ཀྱང་ཡིན་ཏེ།སྐྱེས་བུ་ནུས་མེད་ཀྱིས་དཔའ་བོ་ལ་བརྟེན་ནས་དགྲའི་འཇིགས་པ་དང་བྲལ་བར་བྱེད་པ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་ངན་འགྲོའི་འཇིགས་པ་ལས་ཐར་བར་བྱེད་དེ།སྤྱོད་འཇུག་ལས།སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་།དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར།གང་ལ་བསྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ།དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བསྟེན།ཞེས་གསུངས་པའི་ཕྱིར།དོན་ནི།དཀོན་མཆོག་གསུམ་ལ་གནོད་པ་དང་མཚམས་མེད་ཀྱི་ལས་ལྔ།དེ་དང་ཉེ་བ་ལྔ་ལ་སོགས་པ་སྡིག་པ་ཤིན་ཏུ་མི་བཟད་པ་བྱས་ན་ཡང་ཧ་ཅང་ཉམ་ཆུང་བའི་མི་ཞིག་གིས་དཔའ་བོ་རྩལ་སྟོབས་རྫོགས་པའི་གང་ཟག་ཅིག་ལ་བརྟེན་ནས་རང་ལ་ཚུར་རྒོལ་བའི་དགྲ་བོ་དང་ལམ་གྱི་འཇིགས་པ་ཆེན་པོ་སོགས་ལས་སྐྱོབ་པ་ལྟར་བྱང་ཆུབ་ཀྱི་སེམས་གང་ལ་བརྟེན་ནས་ངན་འགྲོའི་འཇིགས་པ་དེ་དག་ལས་ཡུད་ཀྱིས་ཏེ་སྐད་ཅིག་ཏུ་སྒྲོལ་བར་འགྱུར་བས།དེ་ལྟའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བག་ཅན་ནམ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་རྒྱུ་མཚན་ཅིས་མི་བསྟེན་ཏེ་ངེས་པར་བསྟེན་པར་རིགས་སོ།ཞེས་པའོ།དེ་ལྟར་ཡང་བློ་གྲོས་མི་ཟད་པས་བསྟན་པ་ལས།རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་དཔའ་བོ་ལ་ཡང་དག་པར་བརྟེན་པ་ན་དགྲ་བོ་ཐམས་ཅད་ཀྱིས་མི་འཇིགས་སོ།དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྐྱེས་བུ་དཔའ་བོ་ལ་ཡང་དག་པར་བརྟེན་པའི་བྱང་ཆུབ་སེམས་དཔའ་ནི་ཉེས་པར་སྤྱོད་པའི་དགྲ་བོ་ཐམས་ཅད་ཀྱིས་མི་འཇིགས་སོ།ཞེས་གསུངས་པ་དང་།རྒྱལ་བོ་མ་སྐྱེས་དགྲ་ལྟ་བུའང་བྱང་ཆུབ་ཀྱི་སེམས་ཀྱི་མཐུས་ཚེ་དེ་ལ་སྒྲ་བྱུང་གི་བཟོད་པ་ཐོབ་པར་འགྱོད་བསལ་གྱི་མདོ་ལས་བཤད་པ་ལྟ་བུའོ།

དགུ་བ་སྡིག་པ་ཚེགས་མེད་པར་འཇོམས་པའི་དུས་མཐའི་མེ་དང་མཚུངས་པའི་དཔེ་ནི།བྱང་ཆུབ་ཀྱི་སེམས་འདིས་ནི་སྡིག་པ་མཐའ་དག་དུས་མཐའི་མེ་བཞིན་སྐད་ཅིག་ཙམ་ལ་འཇིགས་པར་བྱེད་ནུས་ཏེ།སྤྱོད་འཇུག་ལས།དེས་ནི་དུས་མཐའི་མེས་བཞིན་སྡིག་ཆེན་རྣམས།སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད།ཅེས་གསུངས་པས་སོ།དོན་ནི།སེམས་བསྐྱེད་དེ་སྡིག་པ་འཇོམས་པའི་ནུས་པ་ཆེན་པོ་དང་ལྡན་ཏེ།བསྐལ་བ་འཇིག་པའི་དུས་མཐའི་མེས་བསམ་གཏན་དང་བོ་མན་ཆད་ཀྱི་སྣོད་བཅུད་ཐམས་ཅད་སྲེག་པ་བཞིན་དུ་དམྱལ་བ་བསྐྱེད་པའི་སྡིག་པ་ཆེན་པོ་རྣམས་སྐྱེས་བུའི་སེ་གོལ་གཅིག་གི་ཡུན་ཚད་ལ་ཆ་སུམ་བརྒྱ་རེ་ལྔར་ཕྱེས་པའི་ཆ་སྐད་ཅིག་མ་གཅིག་གི་ཡུད་ཙམ་ལ་ངེས་པར་སྲེག་པར་བྱེད་པ་དང་མཚུངས་པར་སེམས་བསྐྱེད་དེས་ནི་མྱོང་ངེས་ཀྱི་ལས་ཀྱི་ནུས་པའང་འཇོམས་པར་བྱེད་ནུས་ན་མ་ངེས་པ་རྣམས་ལྟ་ཅི་སྨོས།ཞེས་པའོ།སྡོང་བོ་བཀོད་པ་ལས།ལས་ཉེས་པར་བྱས་པ་ཐམས་ཅད་སྲེག་པར་བྱེད་པས་སྲེག་པའི་བསྐལ་བའི་མེ་ལྟ་བུའོ།ཞེས་གསུངས་སོ།འདི་ཕན་ཡོན་དང་བོ་དང་ཟློས་པའི་སྐྱོན་མི་འབྱུང་སྟེ།སྔ་མ་ནི་སྡིག་པ་ཟིལ་གྱིས་གནོན་པ་དང་ཕྱི་མ་ནི་རྩ་བ་ནས་འཇོམས་པའི་ཆ་ནས་སོ།གཞན་ཡང་སྔ་མ་ཀུན་རྫོབ་སེམས་བསྐྱེད་ཀྱི་ཕན་ཡོན་དང་ཕྱི་མ་དོན་དམ་སེམས་བསྐྱེད་ཀྱི་ཕན་ཡོན་དུ་འགྲེལ་བ་ཡང་ཡོད་དོ།

བཅུ་བ་དཔེ་གཞན་མདོ་ལས་བསྟན་པའི་ཚུལ་ནི།སྤྱོད་འཇུག་ལས།དེ་ཡི་ཕན་ཡོན་དཔག་ཏུ་མེད་པ་དགབྱམས་མགོན་བློ་དང་ལྡན་པས་ནོར་བཟང་བཤད།ཅེས་གསུངས་པ་ལྟར་རོ།དོན་ནི།བྱང་ཆུབ་ཀྱི་སེམས་དེ་ཡི་ཕན་ཡོན་བློས་དཔག་ཏུ་མེད་ཅིང་ཚད་གཞལ་དུ་མེད་པས་མཐའ་ཡས་པ་གཞན་དག་ནི་རྒྱལ་བའི་རྒྱལ་ཚབ་ཆེན་པོ་རྗེ་བཙུན་བྱམས་པ་མགོན་པོ་བློ་ཤེས་རབ་དང་ལྡན་པས་ཚོང་དཔོན་ནོར་བུ་རབ་ཏུ་བརྟན་པའི་བུ་བྱང་ཆུབ་སེམས་དཔའ་གཞོན་ནུ་ནོར་བཟང་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་སངས་རྒྱས་ཀྱི་ཆོས་བསྐྱེད་པའི་ས་བོན་དང་དཀར་བོའི་ཆོས་རྣམ་པར་འཕེལ་བའི་ཞིང་དང་འཇིག་རྟེན་ཐམས་ཅད་རྟེན་པའི་ས་ལྟ་བུ་སོགས་དཔེ་ཉིས་བརྒྱ་དང་སུམ་ཅུའི་སྒོ་ནས་བཤད་དོ།ཞེས་པའོ།གང་ལས་ཞེ་ན།ཕལ་བོ་ཆེ་སྡོང་བོས་བརྒྱན་པའི་ལེའུ་ལས་སོ།ཇི་ལྟར་ན།སྡོང་བོ་བཀོད་པ་ལས་བྱང་ཆུབ་སེམས་དཔའ་ནོར་བཟང་གིས་འཕགས་པ་འཇམ་དཔལ་གྱི་དྲུང་དུ་སེམས་བསྐྱེད་ཅིང་འཇམ་དཔལ་གྱིས་ལུང་བསྟན་ཏེ་དགེ་སློང་སྤྲིན་གྱི་དཔལ་གྱི་དྲུང་དུ་མངགས་པ་བཞིན་རིམ་པ་ལྟར་དགེ་བའི་བཤེས་གཉེན་བརྒྱ་དང་བཅུ་བསྟེན་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྣ་རེ་རེ་ལས་མ་གསུངས་ཤིང་མཐར་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་བྱང་ཆུབ་སེམས་དཔའ་བྱམས་པ་བཞུགས་པའི་དྲུང་དུ་བྱོན་ཚེ་རྗེ་བཙུན་བྱམས་པས་འཁོར་རྣམས་ལ་གསུངས་པ།ལྟོས་ཤིག་བསམ་པ་ཡོངས་སུ་དག་པ་འདི།ནོར་བཟང་ནོར་རྣམས་རབ་ཏུ་བརྟན་པའི་བུ།བྱང་ཆུབ་སྤྱོད་པ་དམ་པ་ཡོངས་འཚོལ་ཞིང་།མཁས་པ་ང་ཡི་དྲུང་དུ་ཉེ་བར་འོང་།ལེགས་པར་འོངས་སམ་སྙིང་རྗེ་བྱམས་བྱུང་ཁྱོད།བྱམས་པའི་དཀྱིལ་འཁོར་ཡངས་པ་ལེགས་འོངས་སམ།ལེགས་པར་འོངས་སམ་བལྟ་ན་རབ་ཞི་བ།སྤྱད་པ་སྤྱོད་ཚེ་དུབ་པར་མ་གྱུར་ཏམ།རྣམ་དག་བསམ་ལྡན་ཚུར་ཤོག་འོངས་པ་ལེགས།ཞེས་པ་ལ་སོགས་པ་གསུངས་ཏེ་དབུགས་དབྱུང་གཟེངས་བསྟོད་མཛད་པ་ལ་སྔར་གྱི་ལོ་རྒྱུས་ཞུས་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་གསུང་བར་ཞུས་པ་ན།རྗེ་བཙུན་གྱིས་ཁོང་གི་ཕོ་བྲང་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་བོ་ལ་ལྟོས་ཤིག་གསུངས་པ་ལྟར་མཇལ་བས་ཕོ་བྲང་གི་ཁང་བ་བརྩེགས་པ་རེ་རེར་ཚེ་རེ་རེ་བཞིན་དབུ་དང་ཡན་ལག་གི་སྦྱིན་པ་གཏོང་བ་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རྗེ་བཙུན་བྱམས་པས་སློབ་ཚུལ་མཐོང་བས།ནོར་བཟང་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་དག་ཐུགས་སུ་ཆུད་ཅིང་།བྱམས་མགོན་གྱིས་བྱང་ཆུབ་སེམས་ཀྱི་ཕན་ཡོན་འདི་ལྟར་གསུངས་ཏེ།རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ།འགྲོ་བ་ཐམས་ཅད་ཀྱི་དཀར་བོའི་ཆོས་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ།འཇིག་རྟེན་ཐམས་ཅད་རྟེན་པས་ས་ལྟ་བུའོ།ཞེས་པ་ནས།བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་སྲུང་བས་ཕ་ལྟ་བུའོ།ཞེས་བྱ་བའི་བར་དང༌།དེ་བཞིན་དུ་སྦྱར་ཏེ་དབུལ་བ་ཐམས་ཅད་ཡང་དག་པར་གཅོད་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ།དོན་ཐམས་ཅད་ཡང་དག་པར་སྒྲུབ་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་བོ་ལྟ་བུའོ།བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་བོ་ལྟ་བུའོ།ཉོན་མོངས་པའི་དགྲ་ཕམ་པར་བྱ་བ་ལ་མདུང་ཐུང་ལྟ་བུའོ།ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འགེབས་པས་གོ་ཆ་ལྟ་བུའོ།ཉོན་མོངས་པའི་མགོ་ལྷུང་བར་བྱེད་པས་རལ་གྲི་ལྟ་བུའོ།ཉོན་མོངས་པའི་ཤིང་གཅོད་པས་སྟ་རེ་ལྟ་བུའོ།འཚེ་བ་ཐམས་ཅད་ལས་སྐྱོབ་པས་མཚོན་ཆ་ལྟ་བུའོ།འཁོར་བའི་ཆུའི་ནང་ན་གནས་པ་སྟེང་དུ་འབྱིན་པས་མཆིལ་བ་ལྟ་བུའོ།སྒྲིབ་པ་དང་ཁེབས་པའི་རྩ་བ་ཐམས་ཅད་རྣམ་པར་འཐོར་བས་རླུང་གི་དཀྱིལ་འཁོར་ལྟ་བུའོ།བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་ཐམས་ཅད་བསྡུས་པའི་ཕྱིར་མདོར་བསྟན་པ་ལྟ་བུའོ།ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་མཆོད་རྟེན་ལྟ་བུ་སྟེ།རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་ཀྱི་སེམས་ནི་ཡོན་ཏན་དེ་དག་དང༌།ཡོན་ཏན་གྱི་བྱེ་བྲག་ཚད་མེད་པ་གཞན་དང་ཡང་ལྡན་ནོ།ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ།མདོ་ཚིག་ཤིན་ཏུ་མང་བས་མཐའ་དག་ཇི་བཞིན་དུ་འགོད་པར་མ་ནུས་སོ།

གསུམ་པ་དབྱེ་བ་ནི།བྱང་ཆུབ་ཀྱི་སེམས་དེ་ལ་ངོ་བོའི་སྒོ་ནས་སྨོན་འཇུག་གི་སེམས་བསྐྱེད་གཉིས་ཡོད་དེ།སྤྱོད་འཇུག་ལས།བྱང་ཆུབ་སེམས་དེ་མདོར་བསྡུས་ན།རྣམ་པ་གཉིས་སུ་ཤེས་བྱ་སྟེ།བྱང་ཆུབ་སྨོན་པའི་སེམས་དང་ནི།བྱང་ཆུབ་འཇུག་པ་ཉིད་ཡིན་ནོ།ཞེས་གསུངས་པ་བཞིན་ཡིན་པའི་ཕྱིར།ཉམས་ལེན་གྱི་བྱ་བ་ལ་ལྟོས་མི་དགོས་པའི་རིགས་ཅན་གྱི་སེམས་བསྐྱེད་དེ་སྨོན་སེམས་ཀྱི་མཚན་ཉིད།དབྱེ་ན་སྐྱེ་འཕགས་ཀྱི་རྒྱུད་ཀྱི་གཉིས།ཕྱིན་དྲུག་གི་བྱ་བས་དངོས་སུ་ཟིན་དགོས་པའི་སེམས་བསྐྱེད་དེ་འཇུག་སེམས་ཀྱི་མཚན་ཉིད་ཡིན།

དཔེའི་སྒོ་ནས་དབྱེ་བ་ཉེར་གཉིས་ཡོད་དེ།མངོན་རྟོགས་རྒྱན་ལས།དེ་ཡང་ས་གསེར་ཟླ་བ་མེ།གཏེར་དང་རིན་ཆེན་འབྱུང་གནས་མཚོ།རྡོ་རྗེ་རི་སྨན་བཤེས་གཉེན་དང་།ཡིད་བཞིན་ནོར་བུ་ཉི་མ་གླུ།རྒྱལ་བོ་མཛོད་དང་ལམ་པོ་ཆེ།བཞོན་པ་བཀོད་མའི་ཆུ་དང་ནི།སྒྲ་བརྙན་ཆུ་བོ་སྤྲིན་རྣམས་ཀྱིས།རྣམ་པ་ཉི་ཤུ་རྩ་གཉིས་སོ།ཞེས་གསུངས་པ་ལྟར་ས་ལྟ་བུའི་སེམས་བསྐྱེད་ནས་སྤྲིན་ལྟ་བུའི་སེམས་བསྐྱེད་ཀྱི་བར་ཡོད་དོ།

ཡང་སྒྲས་བརྗོད་རིགས་ཀྱིས་དབྱེ་ན།ཀུན་རྫོབ་སེམས་བསྐྱེད་དང་།དོན་དམ་སེམས་བསྐྱེད་གཉིས་ཡོད།དམ་པ་གསུམ་ཚང་བའི་ཐེག་ཆེན་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་དེ་དོན་དམ་སེམས་བསྐྱེད་ཀྱི་མཚན་ཉིད།དམ་པ་གསུམ་ནི་མདོ་སྡེ་རྒྱན་ལས།རྫོགས་པའི་སངས་རྒྱས་རབ་བསྙེན་བྱས།བསོད་ནམས་ཡེ་ཤེས་ཚོགས་རབ་བསགས།ཆོས་ལ་མི་རྟོག་ཡེ་ཤེས་ནི།སྐྱེས་ཕྱིར་དེ་ནི་དམ་པར་འདོད།ཅེས་གསུངས་པ་ལྟར།ཚིག་རྐང་དང་བོས་སྔོན་སངས་རྒྱས་མང་བོ་མཉེས་པར་བྱས་ནས་དེ་ལས་ལུང་མནོས་པ་ལ་བརྟེན་ནས་ཐོབ་པའི་ལུང་མནོས་དམ་པ་དང་།གཉིས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པ་སྔོན་དུ་སོང་བའི་རྒྱུ་དམ་པ།གསུམ་པས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ཁོང་དུ་ཆུད་པ་དམ་པ་བཅས་བསྟན་ཏོ།རྗེ་ཙོང་ཁ་བའི་ལེགས་བཤད་གསེར་གྱི་ཕྲེང་བ་ལས།ཁྱད་པར་དེ་གསུམ་གྱིས་སེམས་བསྐྱེད་པ་དོན་དམ་པ་ཉིད་དུ་སྟོན་ཏོ།ཞེས་གསུངས་སོ།

ས་མཚམས་ཀྱི་སྒོ་ནས་དབྱེ་ན་མོས་པ་སྤྱོད་པའི་སེམས་བསྐྱེད་དང་།

ལྷག་བསམ་དག་པའི་སེམས་བསྐྱེད།རྣམ་པར་སྨིན་པའི་སེམས་བསྐྱེད།སྒྲིབ་པ་སྤངས་པའི་སེམས་བསྐྱེད་དང་བཞི་ཡོད་ལ།དང་བོ་ཚོགས་སྦྱོར་གྱི་སེམས་བསྐྱེད་དང་།གཉིས་པ་ནི་མ་དག་ས་བདུན་གྱི་སེམས་བསྐྱེད།གསུམ་པ་ནི་དག་སའི་སེམས་བསྐྱེད་དང་།བཞི་བ་སངས་རྒྱས་སའི་སེམས་བསྐྱེད་ཡིན་ནོ།མདོ་སྡེ་རྒྱན་ལས།སེམས་བསྐྱེད་དེ་ནི་ས་རྣམས་ལ།མོས་དང་ལྷག་བསམ་དག་པ་དང་།རྣམ་པར་སྨིན་པ་གཞན་དུ་འདོད།དེ་བཞིན་སྒྲིབ་པ་སྤངས་པ་འོ།ཞེས་སོ།

སེམས་བསྐྱེད་ཚུལ་གྱིས་དབྱེ་ན།རྒྱལ་བོ་ལྟ་བུའི་སེམས་བསྐྱེད་དང་།མཉན་པ་ལྟ་བུའི་སེམས་བསྐྱེད།རྫི་བོ་ལྟ་བུའི་སེམས་བསྐྱེད་གསུམ་ཡོད།རང་ཉིད་སངས་རྒྱས་སུ་གྲུབ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པའི་རྣམ་པ་ཅན་གྱི་ཐེག་ཆེན་གྱི་སེམས་བསྐྱེད་དེ་དང་བོ་དང་།རང་གཞན་དུས་མཉམ་དུ་སངས་རྒྱ་བར་འདོད་པའི་རྣམ་པ་ཅན་གྱི་ཐེག་ཆེན་གྱི་སེམས་བསྐྱེད་གཉིས་པ།སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་ནས་རྗེས་སུ་རང་ཉིད་སངས་རྒྱ་བར་འདོད་པའི་རྣམ་པ་ཅན་གྱི་ཐེག་ཆེན་གྱི་སེམས་བསྐྱེད་དེ་གསུམ་པ་ཡིན་ནོ།མཚན་གཞི་རིམ་པ་བཞིན།བསྐལ་བ་བཟང་བོའི་སངས་རྒྱས་སྟོང་གི་སྔོན་གྱི་སེམས་བསྐྱེད་ལྟ་བུ་དང་འཇམ་དཔལ་གྱི་ཞིང་གི་བཀོད་པའི་ཡོན་ཏན་གྱི་མདོ་ལས་བྱུང་བའི་སྨོན་ལམ་ལྟ་བུ།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྔོན་གྱི་སེམས་བསྐྱེད་ལྟ་བུ་རྣམས་སོ།

བཞི་བ་ས་མཚམས་བཤད་པ་ནི།སྨོན་སེམས་ཀྱི་ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་ནས་ས་བདུན་པའི་བར་དུ་དང་།འཇུག་སེམས་ནི་ཐེག་ཆེན་གྱི་ཚོགས་ལམ་འབྲིང་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་དོ།

སེམས་བསྐྱེད་ཉེར་གཉིས་ཀྱི་ས་མཚམས་ཡོད་དེ།དང་པོ་གསུམ་མ་མཐའ་ཐེག་ཆེན་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་ནས་རིམ་གྱིས་ཐོབ།བཞི་བ་སྦྱོར་ལམ་ནས་ཐོབ།སྦྱིན་པ་དང་ལྡན་པའི་དེ་ནས་ཡེ་ཤེས་ཀྱི་ཕར་ཕྱིན་དང་ལྡན་པའི་དེ་བཅུ་ས་བཅུ་ལ་རིམ་གྱིས་ཐོབ།མངོན་ཤེས་དང་ལྡན་པ་སོགས་ལྔ་ནི་ས་བཅུ་བའི་ཁྱད་པར་གྱི་ལམ་དུ་ཐོབ།ཐ་མ་གསུམ་ནི་སངས་རྒྱས་ཀྱི་སའི་སྦྱོར་དངོས་མཇུག་གསུམ་གྱི་རིམ་གྱིས་ཐོབ་བོ།

ཀུན་རྫོབ་སེམས་བསྐྱེད་ཀྱི་ས་མཚམས་ནི་ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་ནས་ས་བདུན་པའི་བར་དུ་ཡོད་ལ།དོམ་དམ་སེམས་བསྐྱེད་ཀྱི་ས་མཚམས་ས་དང་བོ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་དོ།

མོས་པ་སྤྱོད་པའི་སེམས་བསྐྱེད་ནི་ཐེག་ཆེན་གྱི་ཚོགས་སྦྱོར་གཉིས་ན་ཡོད་ལ།ལྷག་བསམ་དག་པའི་སེམས་བསྐྱེད་མ་དག་ས་བདུན་ན་ཡོད།རྣམ་པར་སྨིན་པའི་སེམས་བསྐྱེད་དག་ས་གསུམ་དང་།སྒྲིབ་པ་སྤངས་པའི་སེམས་བསྐྱེད་སངས་རྒྱས་ཀྱི་སར་ཡོད་པ་ཡིན་ནོ།

ལྔ་བ་བྱང་ཆུབ་ཀྱི་སེམས་སྦྱང་བའི་རིམ་པ་ནི།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ལུགས་ཀྱི་རྒྱུ་འབྲས་མན་ངག་བདུན་མ་དང༌།རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ལུགས་ཀྱི་བདག་གཞན་མཉམ་བརྗེའི་སྒོ་ནས་སྦྱང་བ་གཉིས་ཡོད་པ་ལས།རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱང་བ་ལ།དེ་བདུན་ནི་མར་ཤེས།དྲིན་དྲན།དྲིན་གཟོ།ཡིད་འོང་གི་བྱམས་པ།སྙིང་རྗེ།ལྷག་བསམ།བྱང་ཆུབ་ཀྱི་སེམས་བཅས་ཡིན།མར་ཤེས་ནས་ལྷག་བསམ་བར་དྲུག་ནི་རྒྱུ་དང༌སེམས་བསྐྱེད་ནི་འབྲས་བུ་ཡིན་པར་གསུངས།འདི་དག་རྒྱུ་འབྲས་སུ་འགྲོ་ལུགས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་སེམས་བསྐྱེད་ཀྱི་སྔོན་དུ་གཞན་དོན་ཁུར་དུ་ཁྱེར་བའི་ལྷག་བསམ་འགྲོ་དགོས་ལ།དེ་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་སྙིང་རྗེ་མེད་ན་མི་སྐྱེ།དེ་སྐྱེ་བ་ལ་སེམས་ཅན་ཐམས་ཅད་བུ་ཡིད་དུ་འོང་བ་ལྟར་གཅེས་ལ་ཕངས་པའི་རྣམ་པ་ཅན་དུ་འཆར་བའི་ཡིད་འོང་གི་བྱམས་པ་བསྐྱེད་དགོས།དེ་ལྟ་བུའི་བྱམས་པ་དེ་སྐྱེ་བར་མར་གྱུར་སེམས་ཅན་ཀུན་ལ་དྲིན་གཟོ་བ་སྔོན་དུ་འགྲོ་དགོས་ཤིང་།དྲིན་གཟོ་བ་དེ་དེ་རྣམས་ཀྱི་དྲིན་དྲན་པ་མེད་ན་མི་སྐྱེ་ལ།དྲིན་དྲན་པར་སེམས་ཅན་ཐམས་ཅད་གཉེན་གྱི་མཐར་ཐུག་མར་བསྒྲུབས་ནས་དྲིན་དྲན་དགོས་པ་དང་།དེ་ནི་མར་ཤེས་པ་ལས་འབྱུང་ངོ་།དེ་ལྟར་མན་ངག་བདུན་རིམ་པ་བཞིན་དུ་སྒོམ་དགོས་ལ།དེའང་ཐོག་མར་སེམས་ཅན་ཐམས་ཅད་ལ་བཏང་སྙོམས་བསྒོམ་པ་ལས་འབྱུང་བ་ཡིན་ནོ།དེས་ན་འདིའི་རྒྱུ་འབྲས་ཞེས་པ་ནི་ཕྱི་མ་ཕྱི་མ་སྐྱེ་བར་སྔ་མ་སྔ་མ་སྔོན་དུ་འགྲོ་དགོས་པ་ཞིག་ལ་གོའོ།

གཉིས་པ་རྒྱལ་སྲས་ཞི་བ་ལྷའི་ལུགས་ཀྱི་བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱང་བ་ནི།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས།གང་ཞིག་བདག་དང་གཞན་རྣམས་ནི།མྱུར་དུ་བསྐྱབ་པར་འདོད་པ་དེས།བདག་དང་གཞན་དུ་བརྗེ་བྱ་བ།གསང་བའི་དམ་པ་སྤྱད་པར་བྱ།ཞེས་གསུངས་པ་ལྟར་སྣོད་མིན་གྱི་བློ་ལ་ཆུད་དཀའ་བས་དང་བོར་ཇོ་བོ་ཆེན་པོ་སོགས་ཀྱིས་ལྐོག་ཆོས་སུ་གནང་ཡང་ཕྱིས་སུ་དགེ་བཤེས་འཆད་ཁ་བས་ཚོགས་ཆོས་སུ་མཛད་ནས་བློ་བདུན་དོན་བདུན་མའི་གཞུང་དང་བཅས་པ་མཛད་དོ།

བློ་སྦྱང་ཚུལ་འདི་ལ་བདག་གཞན་མཉམ་པ་སྒོམ་ཚུལ་དང་བདག་གཞན་བརྗེ་བ་སྒོམ་ཚུལ་གཉིས་ཡོད་པ་ལས།དང་བོ་ནི་བླ་མཆོད་ལས།སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་ཅིང་།བདེ་ལ་ནམ་ཡང་ཆོག་ཤེས་མེད་པར་ནི།བདག་དང་གཞན་ལ་ཁྱད་པར་ཡོད་མིན་ཞེས།ཞེས་པ་ལྟར་ད་ལྟ་ང་ཚོས་བདག་དང་ང་ཟེར་བ་ན་ཤིན་ཏུ་གཅེས་ཤིང་ཕངས་ལ་གཞན་དེ་ལྟར་དུ་མི་བལྟ་བ་ནི་བདག་གཞན་མ་མཉམ་པ་ཡིན་པས།བདག་གཞན་གཉིས་ལ་ཁྱད་པར་ཆེན་པོ་དེ་ཙམ་མེད་དེ།བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་རང་གཞན་གཉིས་ཀ་མཚུངས་པས་སོ་སྙམ་དུ་བསྒོམ་པ་ལ་ཟེར།

བདག་གཞན་བརྗེ་བ་སྒོམ་ཚུལ་ལ།བདག་གཅེས་འཛིན་གྱི་སྐྱོན་དང་གཞན་གཅེས་འཛིན་གྱི་ཡོན་ཏན།བརྗེ་བའི་བསམ་པ་དངོས།གཏོང་ལེན་སྒོམ་པ་བཞི་ཡོད་པའི་དང་བོ་ནི།བླ་མཆོད་ལས།རང་ཉིད་གཅེས་པར་འཛིན་པའི་གཅོང་ནད་འདི།མི་འདོད་སྡུག་བསྔལ་བསྐྱེད་པའི་རྒྱུར་མཐོང་ནས།སོགས་དང༌།སྤྱོད་འཇུག་ལས།འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ།དེ་ཀུན་བདག་བདེ་འདོད་ལས་བྱུང༌།ཞེས་དང༌།འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང༌།འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་གྱུར་པ།དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་ན།འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ།ཞེས་པ་ལྟར་རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ་རུ་བསྒོམ་པའོ།

གཉིས་པ་ནི།སྤྱོད་འཇུག་ལས།འཇིག་རྟེན་བདེ་བ་ཇི་སྙེད་པ།དེ་ཀུན་གཞན་བདེ་འདོད་ལས་བྱུང༌།ཞེས་དང༌།བླ་མཆོད་ལས།མ་རྣམས་གཅེས་བཟུང་བདེ་ལ་འགོད་པའི་བློ།མཐའ་ཡས་ཡོན་ཏན་འབྱུང་བའི་སྒོར་མཐོང་ནས།ཞེས་སོགས་ཀྱི་སྒོ་ནས་གཞན་གཅེས་འཛིན་གྱི་ཡོན་ཏན་བསམ་པ་ལ་གོ་བ་ཡིན་ནོ།

གསུམ་པ་ནི།སྤྱོད་འཇུག་ལས།འཇིག་རྟེན་བདེ་བ་ཇི་སྙེད་པ།དེ་ཀུན་གཞན་བདེ་འདོད་ལས་བྱུང༌།འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ།དེ་ཀུན་བདག་བདེ་འདོད་ལས་བྱུང༌།མང་དུ་བཤད་ལྟ་ཅི་ཞིག་དགོས།བྱིས་པ་རང་གི་དོན་བྱེད་དང་།ཐུབ་པ་གཞན་གྱི་དོན་མཛད་པ།འདི་གཉིས་ཀྱི་ནི་ཁྱད་པར་ལྟོས།ཞེས་དང་།བླ་མཆོད་ལས།རང་ཉིད་གཅེས་པར་འཛིན་པའི་གཅོང་ནད་འདི།མི་འདོད་སྡུག་བསྔལ་བསྐྱེད་པའི་རྒྱུར་མཐོང་ནས།ཞེས་གསུངས་པ་བཞིན་ཐོག་མར་རང་ཉིད་གཅེས་པར་འཛིན་པ་རྒུད་པ་ཀུན་གྱི་སྒོ་རུ་བསམ་པ་དང་།དེ་ནས་གཞན་གཅེས་པར་འཛིན་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གནས་སུ་བསམ་ཏེ།སྐྱོན་ཡོན་མཐོང་བའི་སྒོ་ནས་རང་གཅེས་པར་འཛིན་པའི་བློ་དང༌།གཞན་ཡལ་བར་འདོར་བའི་བློ་གཉིས་གོ་ས་སྤོ་བ་སྟེ།སྔོན་རང་ཉིད་གཅེས་པར་བཟུང་ནས་གཞན་ཡལ་བར་དོར་བ་ལ་ད་དེ་ཉིད་གོ་ས་ལྡོག་ནས་རང་གཅེས་པར་འཛིན་པ་དེ་གཞན་ལ་སྤོ་བ་དང་།སྔོན་ཆད་རང་གཅེས་པར་འཛིན་པ་བཞིན་དུ་ཕྱིན་ཆད་གཞན་གཅེས་པར་འཛིན་ཅིང་།གཞན་ཡལ་བར་དོར་བ་ལྟར་ད་ཕྱིན་ཆད་རང་ཡལ་བར་འདོར་བར་བྱའོ་སྙམ་དུ་བསྒོམ་པའོ།

བཞི་བ་ནི།བླ་མཆོད་ལས།དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན།མར་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན།མ་ལུས་ད་ལྟ་བདག་ལ་སྨིན་པ་དང་།བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས།འགྲོ་ཀུན་བདེ་དང་ལྡན་པར།ཞེས་པ་ལྟར་རང་གི་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ་ཐམས་ཅད་ནམ་མཁའི་མཐས་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་གཏོང་བར་བསྒོམ་པ་གཏོང་བ་དང་།མ་རྒན་སེམས་ཅན་ཐམས་ཅད་རིགས་དྲུག་འཁོར་བའི་གནས་ན་སྡུག་བསྔལ་བསམ་གྱིས་མི་ཁྱབ་པས་མནར་གྱིན་ཡོད་པས་དེ་དག་གི་སྡིག་སྒྲིབ་དང་སྡུག་བསྔལ་ཀུན་ཚུར་བླངས་ནས་བདག་གི་ལུས་སེམས་གཉིས་ཀར་བྱུང་བར་གྱུར་ཅིག་སྙམ་པ་ལེན་པའོ།དེའང་རང་གི་སྡུག་བསྔལ་ཡང་མི་བཟོད་ན་གཞན་གྱི་སྡུག་བསྔལ་ལེན་མི་ནུས་སྙམ་པའི་འཇིགས་པ་སྐྱེ་ན།བློ་གོམས་པའི་ཕྱིར་ཐོག་མར་རང་གི་མ་འོངས་པའི་སྡུག་བསྔལ་རྣམས་ལེན་པར་གསུངས་ལ།དེའི་ཚུལ་ནི་སྔ་དྲོ་ལྟ་བུར་རང་གི་ཕྱི་དྲོ་ལ་མྱོང་རྒྱུའི་སྡུག་བསྔལ་ལེན་པ་དང་།སང་ཉིན་མྱོང་རྒྱུ་རྣམས་དེ་རིང་ལེན།དེ་བཞིན་དུ་ཟླ་བ་ལོ་ཚེ་འཇུག་ཚེ་རབས་གཞན་གྱི་དེ་རྣམས་ད་ལྟའི་རང་རྒྱུད་ལ་ལེན་པའོ།མདོར་བསྡུས་ཙམ་ནི་དེ་ལྟར་ལ་རྒྱས་པར་ནི་ལམ་རིམ་དང་སྤྱོད་འཇུག་བླ་མཆོད་ཁྲིད་ཡིག་སོགས་ལས་ཤེས་པར་བྱའོ།

སྨྲས་པ།

བྱང་ཆུབ་སེམས་ཀྱི་རྣམ་བཞག་ཉུང་ངུ་འདི།

རྩོམ་པ་བྱེད་པའི་རྒྱུ་གསུམ་མ་ཚང་ཡང་།

གཞུང་བཟང་འདབ་བརྒྱ་བ་ཡི་ཟེའུ་འབྲུ་ལས།

བློ་གསལ་རྐང་དྲུག་གཞོན་ནུས་བཏུས་ཏེ་བཀོད།

རང་ཉིད་བསྟན་ལ་སྦྱང་བརྩོན་དམན་དྲག་པས།

ནོངས་པ་ཅི་མཆིས་མཁས་པའི་སྤྱན་སྔར་འཆགས།

ལེགས་ཆ་ཅུང་ཙམ་ཡོད་པས་སྐྱེ་འགྲོ་ཀུན།

བྱང་སེམས་སྤྱོད་པས་ཉིན་མཚན་འདའ་བར་ཤོག

འདིར་འབད་རྣམ་དཀར་འོ་མའི་ཆབ་རྒྱུན་ལས།།

ལེགས་འཁྲུངས་རིན་ཆེན་བྱང་ཆུབ་སེམས་པ་མཆོག།

མཐའ་ཡས་སེམས་ཅན་དོན་དུ་ཡོངས་བསྐྱེད་དེ།།

བླ་མེད་བྱང་ཆུབ་གོ་འཕང་འཐོབ་ཕྱིར་བསྔོ།།

དགེའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།