མཆིམས་མཛོད་སྐོར་ཅུང་ཟད་གླེང་བ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-08-29 17:16:32     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

ད་རེས་ཀླུ་ཚང་དགོན་པའི་ཕར་ཕྱིན་སྐབས་བཞི་བའི་འཛིན་གྲྭས་ཕར་ཕྱིན་རབ་འབྱམས་པའི་དམ་བཅའི་ལེགས་སྐྱེས་སུ་གསུང་རབ་རྩ་ཆེན་ཞིག་དཔར་འདུན་ཆེ་བས་བདག་གིས་མཆིམས་མཛོད་ཆུང་བ་འདི་ཉིད་དཔར་ན་བཟང་བའི་གྲོས་གཞི་བཏོན་པ་བཞིན་ཁོང་རྣམ་པས་སྤྲོ་བས་དང་དུ་བླངས་ཤིང་། དེ་དང་མཉམ་དུ་སྔོན་འགྲོ་ཞིག་འབྲི་བར་བསྐུལ་བས་བདག་གིས་ཆོས་མངོན་པ་དང་འབྲེལ་ཏེ་མཆིམས་མཛོད་ཆུང་བའི་སྐོར་ལ་ཚིག་འགའ་བཤད་དགོས་བྱུང་།

དེ་ཡང་བོད་བཙན་པོའི་དུས་སུ་པནྜིཏ་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏ་གཉིས་ཀྱིས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་དང་། པནྜི་ཏ་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་དཔལ་བརྩེགས་གཉིས་ཀྱིས་ཆོས་མངོན་པ་མཛོད་ཀྱི་རང་འགྲེལ་བམ་པོ་སུམ་ཅུ་བ་བསྒྱུར་པ་ནས་རིམ་བཞིན་མཛོད་ཀྱི་བསྟན་བཅོས་མང་བོ་བོད་དུ་བསྒྱུར་ཅིང་འཆད་ཉན་བསྐྱངས།

མཁས་པ་ལ་ལས།"མངོན་པ་མཛོད་འདི་བསྟན་པ་སྔ་དར་གྱི་དུས་སུ་འགྲེལ་བཤད་མང་བོ་དང་བཅས་པ་འགྱུར་ལ། བཤད་པ་ནི་པཎྚི་ཏ་སྨྲི་ཏི་ལས་བྱུང་བར་གྲགས་ཤིང་། དབུས་གཙང་དུ་དར་རྒྱས་ཆེ་བར་གྱུར་ཀྱང་བརྒྱུད་རིམ་གྱི་ཡི་གེ་མ་རྙེད་"ཞེས་གསུངས་མོད་ཀྱང་།རྗེ་ཤེས་རབ་རྒྱ་མཚོའི་གསན་ཡིག་ན་མངོན་པ་མཛོད་ཀྱི་བརྒྱུད་པ་གསུམ་ལས་དང་བོ་ནི་སློབ་དཔོན་དབྱིག་གཉེན། སློབ་དཔོན་བློ་གྲོས་བརྟན་པ། པནྜི་ཏ་གང་བ་སྤེལ། པནྜི་ཏ་དཱ་ན་ཤཱི་ལ། ཛི་ན་མི་ཏྲ། ཀ་བ་དཔལ་བརྩེགས་རཀྵི་ཏ། ཅོག་གྲུ་ཀླུའི་རྒྱལ་མཚན། ཞང་སྣ་ནམ་ཡེ་ཤེས་སྡེ། སྣ་ནམ་ཟླ་བའི་རྡོ་རྗེ། བུས་ནམ་ནང་ཟེར། ལྷ་ལུང་དཔལ་གྱི་རྡོ་རྗེ། སྦ་རྒྱལ་བ་ཡེ་ཤེས། དེ་གསུམ་ལ་ཅོག་གྲུ་རྒྱལ་བ་ཡེ་ཤེས། དེ་ལ་ཅོག་གྲུ་མཆོག་གི་སྡེ། སེ་བཙུན་དབང་ཕྱུག་གཞོན་ནུ། གར་མི་ཡོན་ཏན་གཡུང་དྲུང་། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་། ར་ཁྲི་བཟང་འབར། རྒྱ་རྒྱལ་བ་ཚུལ་ཁྲིམས། ལི་སྟོན་ཆོས་གྲགས།བྲང་ཏི་དར་མ་སྙིང་བོ། ཀོ་ཡེ་ཤེས་འབྱུང་གནས། འབན་དཀོན་མཆོག་རྡོ་རྗེ། ཐོ་ཀུན་དགའ་རྡོ་རྗེ། འཇད་པ་སྟོན་སྐྱབས། འཇད་པ་གཞོན་བྱང་། ཞང་འབྲི་འཚམས་པ། བོ་དོང་པ་རིན་ཆེན་རྩེ་མོ། སྟག་སྡེ་པ་སེང་གེ་རྒྱལ་མཚན། དཔང་ལོ་བློ་གྲོས་བརྟན་པ། ལོ་ཆེན་བྱང་ཆུབ་རྩེ་མོ། རེད་འདའ་པ་གཞོན་ནུ་བློ་གྲོས། ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོ། རྒྱལ་ཚབ་དར་མ་རིན་ཆེན། རྒྱལ་བ་དགེ་འདུན་གྲུབ།ཞེས་གསལ་བོར་བཀོད་ཡོད་ཅིང་བཤད་རྒྱུན་གཉིས་པ་དང་གསུམ་པའི་བརྒྱུད་པའང་བར་མ་ཆད་དུ་བྱུང་།

དུས་ཕྱིས་རྗེ་བླ་མ་ཡབ་སྲས་ཀྱིས་ཆོས་མངོན་པ་རྒྱ་ཆེར་སྤེལ། ལྷག་པར་རྗེ་དགེ་འདུན་གྲུབ་ཀྱིས་མཛོད་ཊིཀ་ཐར་ལམ་གསལ་བྱེད་དང་གུང་རུ་རྒྱལ་མཚན་བཟང་བོས་མཛོད་ཀྱིས་འགྲེལ་བ་བརྩམས། དེ་ལས་རྗེ་དགེ་འདུན་གྲུབ་ཀྱི་མཛོད་ནི་རི་བོ་དགེ་ལྡན་པའི་མཛོད་ཀྱི་ཁུངས་སུ་བྱེད།དེ་ནས་རྒྱལ་དབང་ལྔ་བའི་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་དང་། དྲུང་ཆེན་དངོས་གྲུབ་རྒྱ་མཚོའི་མཛོད་ཀྱི་རྣམ་བཤད།རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་མངོན་པ་མཛོད་ཀྱི་སྤྱི་དོན་དཀའ་གནད་ལེགས་པར་བཤད་པ་ནོར་བུ།པཎ་ཆེན་བསོད་ནམས་གྲགས་པའི་ཆོས་མངོན་པ་མཛོད་ཀྱི་དགོངས་པ་ལེགས་པར་བཤད་པ་ཤེས་བྱ་རབ་གསལ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཆོས་མངོན་པ་མཛོད་ཀྱི་དགོངས་འགྲེལ་ཐུབ་བསྟན་ནོར་བུའི་གཏེར་མཛོད་སོགས་རྒྱ་ཆེར་མཛད་དེ།དགེ་ལུགས་པའི་གྲྭ་ས་སོ་སོར་ཆོས་མངོན་པ་ས་ཁྱབ་རྡོ་ཁྱབ་དུ་གྱུར།

དེ་ལྟ་ནའང་མཆིམས་ཀྱི་མཛོད་འགྲེལ་ནི་གྲུབ་མཐའ་རིས་སུ་མ་ཆད་པ་དག་གིས་མཐོང་ཆེན་དུ་འཛིན་ཞིང་།མཆིམས་ཀྱི་བརྒྱུད་པ་ནི་བཤད་རྒྱུན་གཉིས་པ་དང་གསུམ་པར་གཏོགས་ཏེ། རྗེ་ཤེས་རབ་རྒྱ་མཚོའི་གསན་ཡིག་ལས།སློབ་དཔོན་དབྱིག་གཉེན། བློ་གྲོས་བརྟན་པ། ཁ་ཆེ་དྲི་མེད་སྦས་པ། སྨྲྀ་ཏི་ཛྙཱ་ན་ཀིརྟི།གཡས་ཆེན་པོ་ཤེས་རབ་གྲགས། ར་ཞག་ཟླ་བ། མཆིམས་ཞང་བཙུན། མཆིམས་ལྷ་རྗེ་གོ་ཆ། མཆིམས་བརྩོན་འགྲུས་སེང་གེ  མཆིམས་དོན་གྲུབ་རྒྱལ་མཚན། མཆིམས་བརྩོན་འགྲུས་རྒྱལ་མཚན། མཆིམས་བློ་གྲོས་བརྟན་པ། མཆིམས་ནམ་མཁའ་གྲགས། མཁས་པ་ཡོན་ཏན་འོད་ཟེར། བཤེས་གཉེན་ཆོས་མགོན་པ།སྐྱོར་ལུང་པ་བློ་གྲོས་བཟང་བོ། དམར་སྟོན་དཔལ་ལྡན་རིན་ཆེན། དམར་སྟོན་རྒྱ་མཚོ་རིན་ཆེན། རྒྱལ་བ་དགེ་འདུན་གྲུབ་སོགས་རིམ་བཞིན་བྱོན།

དེ་ལས་མཆིམས་ཞང་བཙུན། མཆིམས་ལྷ་རྗེ་གོ་ཆ། མཆིམས་བརྩོན་འགྲུས་སེང་གེ། མཆིམས་དོན་གྲུབ་རྒྱལ་མཚན། མཆིམས་བརྩོན་འགྲུས་རྒྱལ་མཚན། མཆིམས་བློ་གྲོས་བརྟན་པ། མཆིམས་ནམ་མཁའ་གྲགས་མངོན་པ་ལ་མཁས་པའི་མཁས་པ་ཆེན་པོ་བརྒྱད་ཙམ་བྱོན་ཞིང་།རྗེའི་གསན་ཡིག་ཏུའང་།རྣམ་སྣང་མངོན་བྱང་གི་དབང་དང་རྒྱུད་ཀྱི་བརྒྱུད་པ་ནི་གཉིས་ལས།དང་བོ་ནི། སངས་རྒྱས། འཇམ་དཔལ། ཛེ་ཏ་རི། ཨ་ཤྭ་ཀ་ཤྲཱི། རོལ་བའི་རྡོ་རྗེ། དོན་ཡོད་རྡོ་རྗེ། བ་རི་རིན་ཆེན་གྲགས། མཆིམས་བརྩོན་སེང་། མཆིམས་བློ་ལྡན། མཆིམས་དོན་ནེ། མཆིམས་ཆོས་སེང་། མཆིམས་བློ་བརྟན། མཆིམས་ནམ་མཁའ་གྲགས། སློབ་དཔོན་དར་མ་རྒྱལ་མཚན། ལོ་མཆོག དཔལ་ལྡན་པ། བུ་སྟོན། ཁྱུང་ཆེན་པ། དེས་བདག་ལའོ། །ཞེས་མཆིམས་ཀྱི་སློབ་དཔོན་དྲུག་ཙམ་བྱུང་ཞིང་། དེ་ལྟར་མཆིམས་ལ་གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་པ་ཆེན་པོ་གང་མང་ཞིག་བྱུང་བ་ལས་མཆིམས་བརྩོན་འགྲུས་སེང་གེ་དང་མཆིམས་ཐམས་ཅད་མཁྱེན་པ་དང་མཆིམས་འཇམ་པའི་དབྱངས།མཆིམས་བློ་བཟང་གྲགས་པ་བཞི་པོས་མཛོད་འགྲེལ་བརྩམས་ཡོད།

བསྟན་པ་ཕྱི་དར་ལ་སྨྲྀ་ཏིས་ཁམས་ཀློང་ཐང་དུ་མཛོད་ཀྱི་བཤད་པ་མཛད་པའི་རྒྱུན་ལ་མཆིམས་བརྩོན་སེང་གེས་ནག་འབྱམས་སུ་གྲགས་པའི་ཊིཀྐ་མཛད་པ་མཛོད་ཀྱི་བོད་ཊིཀྐ་གི་ཐོག་མ་ཡིན་པར་བཤད།མཆིམས་ཐམས་ཅད་མཁྱེན་པ་ནམ་མཁའ་གྲགས་ཀྱིས་མཛོད་འགྲེལ་བརྩམས་པ་ལ་མཆིམས་མཛོད་ཆེ་བ་ཟེར་ཞིང་།མཆིམས་བློ་བཟང་གྲགས་པས་མཛད་པའི་ཆོས་མངོན་པ་མཛོད་ཀྱི་རྣམ་པར་བཤད་པ་ལེགས་བཤད་རྒྱ་མཚོ་ལ་མཆིམས་མཛོད་ཆུང་བ་ཟེར།མཆིམས་ཐམས་ཅད་མཁྱེན་པའི་སློབ་མ་སྣར་ཐང་བ་མཆིམས་འཇམ་པའི་དབྱངས་ཀྱི་མཛོད་འགྲེལ་མངོན་པའི་རྒྱན་སྟེ། ད་ལྟ་འདི་ལ་ཡོངས་གྲགས་སུ་མཆིམས་མཛོད་ཟེར།གཞན་པ་དག་གི་དཔེ་རྒྱུན་དཀོན།ལ་ལས་འདི་ལ་མཆིམས་མཛོད་ཅེས་བཤད་པ་ནོར་བར་བཤད་ཀྱང་ཡིད་ཆེས་པའི་གཏམ་དུ་མི་སྣང་ངོ་༎

དེ་བས་མཁས་པ་ལ་ལས་མཆིམས་ཐམས་ཅད་མཁྱེན་པ་དང་མཆིམས་ཆེན་མོ།མཆིམས་འཇམ་པའི་དབྱངས།མཆིམས་བློ་བཟང་གྲགས་པ་སོགས་གཅིག་ཏུ་འདོད་པ་མི་ལེགས་ཏེ། མཆིམས་ཐམས་ཅད་མཁྱེན་པ་ཞེས་པའི་མཚན་ནི་མཆིམས་བློ་གྲོས་བརྟན་པ་དང་མཆིམས་ནམ་མཁའ་གྲགས་གཉིས་ལ་འབོད་དེ།སྣར་ཐང་གདན་རབས་གསེར་ཕྲེང་ལས།ཁུ་བོ་ཆེན་པོ་མཆིམས་ཐམས་ཅད་མཁྱེན་པ་བློ་གྲོས་བརྟན་པ་ཞེས་གསུངས་ཤིང་།བཀའ་གདམས་ཆོས་འབྱུང་ལས།མཆིམས་ཐམས་ཅད་མཁྱེན་པ་ནམ་མཁའ་གྲགས་ཀྱིས་ཞུས་སོ། །ཞེས་མཆིམས་གཉིས་ཀ་ལ་ཐམས་ཅད་མཁྱེན་པ་དང་མཆིམས་ཆེན་པོ་སྦྱར་བའི་ཕྱིར།

མཆིམས་ནམ་མཁའ་གྲགས་ནི་མཆིམས་ཐམས་ཅད་མཁྱེན་པ་བློ་གྲོས་བརྟན་པའི་ཚ་བོ་སྟེ།སངས་རྒྱས་སྒོམ་པ་དང་།སྐྱོ་སྟོན་པ། མཆིམས་ཆེན་མོ་ཁོང་གསུམ་ལ་རིགས་གསུམ་མགོན་པོའི་རྣམ་འཕྲུལ་དུ་གྲགས།

ཁོང་ནི་ལྕགས་ཕོ་རྟའི་ལོར་ཡབ་དཔོན་དར་མགོན་དང་།ཡུམ་སྲུ་མོ་ལྷ་ས་སྨན་ཞེས་པའི་སྲས་སུ་འཁྲུངས།དགུང་ལོ་བཅུ་གསུམ་ནས་ཁུ་བོ་ཆེན་པོ་མཆིམས་ཐམས་ཅད་མཁྱེན་པ་བློ་གྲོས་བརྟན་པ་ཞེས་གསུངས་ཤིང་།ཁོང་ནི་མཆིམས་ནམ་མཁའ་གྲགས་ཀྱི་ཁུ་བོ་ཡིན།མཆིམས་ནམ་མཁའ་གྲགས་ཀྱི་དགུང་ལོ་བཅུ་གསུམ་བཞེས་པ་ནས་མཛོད་ལ་སྦྱངས་ཤིང་རྗེ་དེ་ཉིད་ལས་རབ་ཏུ་བྱུང་གསུངས།

མཆིམས་ཐམས་ཅད་མཁྱེན་པ་བློ་གྲོས་བརྟན་པ་ལོ་བདུན་ལ་བསྟེན་ནས་མཛོད་ཀྱི་རྩ་བ་ཚར་ཉི་ཤུ་རྩ་གསུམ་དང་།འགྲེལ་བ་ཚར་གཉིས་སོགས་གཞུང་རྒྱ་ཆེན་པོར་སྦྱངས།དགུང་ལོ་བཅུ་དྲུག་སྟེང་སྣར་ཐང་གི་འཁོར་གྱི་དབུས་སུ་གྲྭ་བ་རྣམས་ཀྱིས་དྲི་བར་ལན་བཏབ་པས་མཆིམས་བློ་གྲོས་བརྟན་པ་མཉེས་ཏེ་མཆིམས་པའི་གདུང་འཚོབ་ཏུ་ཡོང་གསུངས།

བཀའ་གདམས་ཀྱི་ཆོས་སྐོར་རྣམས་དཔལ་ལྡན་གྲོ། ཞང་སྟོན། མཆིམས་བློ་བརྟན། མཉམ་མེད་སངས་རྒྱས་སྒོམ་པ་བཞི་ལ་རྫོགས་པར་མནོས་ཤིང་། དགེ་བའི་བཤེས་གཉེན་བཀྲ་ཤིས་སྒང་བ་ལ་བྱང་སེམས་ཟླ་བ་རྒྱལ་མཚན་ལས་བརྒྱུད་པའི་ལྟ་བའི་མན་ངག་ལ་སོགས་པའི་གདམས་པ་དུ་མ་གསན་པས་བསྟན་པའི་བདག་པོར་གྱུར་ཅིང་། འཕགས་པའི་གནས་བརྟན་བཅུ་དྲུག་གི་ཡ་གྱལ་དུའང་གྲགས།ཆུ་མིག་ཆོས་འཁོར་གྱི་གྲལ་གཙོ་མཛད་དེ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་སོགས་གངས་ཅན་གྱི་ཆེ་རྒུ་ཐམས་ཅད་ཀྱིས་མཆོད་ཅིང་བཀུར། བཅོམ་ལྡན་རིག་རལ་དང་དབུས་པ་བློ་གསལ་དཔོན་སློབ་ཀྱིས་བསྟན་པའི་རྩ་ལག་ཆེན་པོ་ཞེས་འབོད། ཡོངས་གྲགས་ལ་མཆིམས་ཐམས་ཅད་མཁྱེན་པ་ཟེར། སྨན་བླ། རྗེ་བཙུན་སྒྲོལ་མ། གྲུབ་ཆེན་བརྒྱད་ཅུ་སོགས་ལྷག་པའི་ལྷ་དུ་མའི་ཞལ་གཟིགས་ཤིང་བྱིན་གྱིས་བརླབས། སྣར་ཐང་གདན་སར་ཡང་ལོ་སུམ་ཅུ་རྩ་དྲུག་གི་བར་དུ་བཞུགས་ཏེ་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་དེ་བྱི་བའི་ལོ་ལ་ཞི་བར་གཤེགས།

སློབ་མ་སྐྱེལ་ནག་གྲགས་སེང་།ཟེའུ་འདུལ་འཛིན།རྒྱང་རོ་པཎ་ཆེན། རིག་པའི་རལ་གྲི་ལ་སོགས་པའི་མཁས་པ་ཡང་མང་དུ་བྱོན་ཞིང་།ཆོས་མངོན་པ་མཛོད་ཀྱི་ཊཱིཀ་ཆེན་ལ་སོགས་པའི་རྩོམ་པའང་མང་དུ་མཛད་དོ།།

མཆིམས་འཇམ་དཔལ་དབྱངས་ནི་《མངོན་པ་མཛོད་ཀྱི་འགྲེལ་བཤད་མངོན་པའི་རྒྱན》གྱི་རྩོམ་པ་བོ་ཡིན།འཇམ་སྒེག་པའང་ཟེར། མཛོད་འགྲེལ་དེ་ཉིད་ཀྱི་སྦྱར་བྱང་དུ།གངས་ཅན་གྱི་རྒྱུད་ཀྱི་གནས་བརྟན་ཆེན་པོ་མཆིམས་ཐམས་ཅད་མཁྱེན་པ་ལ་སོགས་པའི་ཞབས་ཀྱི་རྡུལ་རྙོག་པ་མེད་པ་སྤྱི་བོས་ལེན་པ་ཞེས་གསུངས་པས་ན་མཆིམས་ཐམས་ཅད་མཁྱེན་པའི་སློབ་མ་ཡིན་པ་ཐེ་ཚོམ་མེད་དོ༎

ཁོང་བཅོམ་ལྡན་རལ་གྲིའི་སློབ་མ་ཞིག་ཡིན་ལ།བཅོམ་ལྡན་རིག་པའི་རལ་གྲིའང་མཆིམས་ནམ་མཁའ་གྲགས་ཀྱི་སློབ་མ་ཡིན་པས།དུང་དཀར་ཚིག་མཛོད་ལས།མཆིམས་ནམ་མཁའ་གྲགས་དང་གཅིག་པར་བཤད་པ་ཡིག་སྐྱོན་ནོ༎ཁོང་གིས་རང་གི་སློབ་དཔོན་བཅོམ་ལྡན་རིག་པའི་རལ་གྲི་ལ་འདྲེ་རྫུ་བྱས་ནས།སྡིགས་བསྐུར་བས་བཅོམ་ ལྡན་པ་ཤིན་ཏུ་བྲེད་དེ་ཐུགས་མི་བདེ་བ་ལ། བདག་ཡིན་ཐུགས་མི་བདེ་བ་མི་འཚལ་ཞེས་ཞུས་པས། ཤིན་ཏུ་བཀའ་བཀྱོན་ནས་དྲུང་དུ་འདུག་དབང་མ་བྱུང་བས་ས་སྐྱར་ཕེབས།

ས་སྐྱར་བཞུགས་དུས་ཧོར་གྱིས་གདན་དྲངས་ནས། བུ་ཡན་དུ་རྒྱལ་པོའི་མཆོད་གནས་མཛད། དེར་ཚད་མ་རྣམ་འགྲེལ་གྱི་ཊཱིཀྐ་བསྡུས་པ་དང་བཅས་པ་བརྩམས།  འགོས་ལོ་ཡིད་བཟང་རྩེ་བས་ཚད་མའི་ཊཱིཀྐ་འདི་རང་བཟང་གསུངས།

 དེར་ཁོང་གིས་གསེར་ཡིག་པ་རྣམས་ལ་བཅོམ་ལྡན་རིག་རལ་གྱི་དྲུང་དུ་འབུལ་བ་རེ་ཅི་ཐེབས་བྱས་ཀྱང་ ཐུགས་མཉེས་པ་ཙམ་ཡང་མ་བྱུང་། མཐར་སྣག་ཚ་སྨྱུ་གུ་སྨྱུག་གྲི་དང་བཅས་པའི་སྒམ་ཆུང་གང་བསྐུར་བས། འདི་ལ་ཤེས་རབ་ཡོད་གསུངས་ནས་ཤིན་ཏུ་མཉེས་ནས་ཐུགས་ཁྲེལ་སངས།དེབ་སྔོན་དུ།སྟག་རྩེ་བས་ཀྱང་གཙུག་ལག་ཁང་བཟང་བོ་དང་། བཀའ་འགྱུར་བསྟན་འགྱུར་སྔར་གྱི་སྟེང་དུ། དུས་ཕྱིས་ཕྱི་མོ་རྙེད་པ་མང་བོ་དང་བཅས་ཏེ་བཞེངས་པའི་བར་བགྲང་བ་ལས་འདས་པ་ཞིག་བྱུང་བ་རྣམས་ཀྱང་། བཅོམ་ལྡན་རིག་པའི་རལ་གྲིའི་སློབ་མ་བཙུན་པ་འཇམ་པའི་དབྱངས་ཀྱི་མཐུ་ལས་བྱུང་བ་ཡིན་གསུངས།སློབ་མ་མཁས་པ་ཆེན་པོ་དབུས་པ་བློ་གསལ་སོགས་བྱུང་།

ཆོས་མངོན་པའི་མཛོད་ཀྱི་འགྲེལ་བ་མངོན་པའི་རྒྱན་ས་སྐྱར་དབུ་ཚུགས་ནས་ཕོ་བྲང་ཆེན་པོ་ཅོང་ཏུ་(京都 )ནས་ལེགས་པར་གྲུབ་པ་སོགས་ནི།མཇུག་བྱང་དུ། གངས་ཅན་གྱི་རྒྱུད་ཀྱི་གནས་བརྟན་ཆེན་པོ་མཆིམས་ཐམས་ཅད་མཁྱེན་པ་ལ་སོགས་པའི་ཞབས་ཀྱི་རྡུལ་རྙོག་པ་མེད་པ་སྤྱི་བོས་ལེན་པ་མང་དུ་ཐོས་པ་ཤཱཀྱའི་དགེ་སློང་འཇམ་པའི་དབྱངས་ཀྱིས། དཔའ་ས་སྐྱའི་ཆོས་གྲྭ་ཆེན་པོར་དབུ་བརྩམས་ནས། སའི་དབང་ཕྱུག་རྒྱལ་བོ་ཆེན་པོའི་ཕོ་བྲང་ཅོང་ཏུའི་མཁར་དུ་ལེགས་པར་གྲུབ་པར་བྱས་པའོ།།ཞེས་གསལ།

མཁན་ཆེན་བློ་བཟང་གྲགས་པ་ནི། ་ཆོས་རྗེ་དོན་འགྲུབ་རིན་ཆེན་གྱི་བླ་མ་དེ་ཉིད་ཡིན་ཏེ།མཆིམས་སྟོན་བློ་བཟང་གྲགས་པའམ་བཙུན་པ་དཔལ་ལྡན་མཆིམས་ཀྱང་ཟེར།ཁོང་གིས་ཆོས་མངོན་མཛོད་ཀྱི་རྣམ་པར་བཤད་པ་ལེགས་བཤད་རྒྱ་མཚོའམ་མཆིམས་མཛོད་ཆུང་བ་འདི་ཉིད་གསུང་མཁན་དང་མཇུག་ཏུ་གསལ་བ་ལྟར་རིག་པའི་འབྱུང་གནས་དཔལ་སྣར་ཐང་གི་ཆོས་གྲྭར་འཕགས་པའི་གནས་བརྟན་ཆེན་པོའི་རྣམ་འཕྲུལ་མཁན་རབས་བརྒྱུད་མ་ནས་བརྒྱུད་མར་བྱོན་པའི་གདན་ས་བཅུ་གཉིས་པ་ཡོངས་ཀྱིས་དགེ་བའི་བཤེས་གཉེན་མཆིམས་སྟོན་བློ་བཟང་གྲགས་པའི་དཔལ་གྱིས་མཛད་པ་སྟེ།ཞེས་གསལ།

ཁོང་ཉང་སྟོད་སྨོན་གྲོའི་ཕུ་ཁའུར་མཆིམས་ཀྱི་རིགས་སུ་ཕག་ལ་སྐུ་འཁྲུངས། མཁན་ཆེན་འདུལ་བ་འཛིན་པ།མཁན་ཆེན་གྲགས་པ་ཤེས་རབ། རྒྱང་རོ་བྱང་འབུམ་ལ་སོགས་པའི་བླ་མ་མང་དུ་བསྟེན། 

གཞུང་གདམས་ངག་མ་ལུས་པ་ཐུགས་སུ་ཆུད་པར་མཛད། ལོ་སོ་དགུའི་བར་དུ་གདན་ས་མཛད་ཅིང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པའི་བྱ་བ་རྒྱ་ཆེན་པོའང་མཛད། སློབ་མ་ཤར་ཕྱོགས་རིག་པའི་དཔའ་བོར་གྲགས་པའི་ཆོས་རྗེ་དོན་འགྲུབ་རིན་ཆེན་སོགས་བྱུང་། གྲྭ་སར་ཤ་དང་རྩ་བ་བཞི་སོགས་པའི་ཁྲིམས་དམ་པར་མཛད་ནས་འགྲོ་བ་རྣམས་སྨིན་གྲོལ་ལ་བཀོད་དེ་ཡོས་ལ་གཤེགས། 

གསུང་ལ་མཛོད་འགྲེལ་ཆོས་མངོན་གསལ་བྱེད་ལེགས་བཤད་རྒྱ་མཚོ། སྒྲུབ་ཡིག་རྒྱས་པ་ལ་བརྟེན་ཏེ་ཆོ་གའི་ལག་ལེན་གསལ་བར་སྟོན་པའི་སྒྲུབ་ཡིག་འབྲིང་བོ་དང་མཛོད་ཀྱི་འགྲེལ་བ་སོགས་མཛད།

འདིའི་གསུང་ལས་མཛོད་འགྲེལ་འདིར་མཆིམས་མཛོད་ཆུང་བར་གྲགས་ཀྱང་པོད་གཅིག་འདུག་པ་འདིར་བལྟས་ན་མཆིམས་མཛོད་ཆེ་བ་ནི་ཤིན་ཏུ་རྒྱས་པའི་ཚོད་དུ་འདུག འདི་ཉིད་ནི་མཇུག་བྱང་དུ།ཐུབ་པའི་དབང་པོ་ལྟར་བསྟན་པའི་བདག་པོ་ཆེན་པོར་གྱུར་པ་དཔལ་ལྡན་བླ་མ་དམ་པ་ཆོས་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་བཀས་ཡང་དང་ཡང་དུ་བསྐུལ་ཞིང་བདག་རྐྱེན་དམ་པ་མཛད་པའི་བཀའ་དྲིན་དང་། ལྔ་རིག་པའི་པཎ་ཆེན་ལྷུན་གྱིས་གྲུབ་པའི་སྡེ་སྣོད་འཛིན་པ་ཆེན་པོ་གནས་དྲུག་པ་བློ་གྲོས་མཚུངས་མེད་ལ་སོགས་པ་མཁས་པ་རྣམས་ཀྱིས་བསྐུལ་བའི་ངོར་མཁས་བཙུན་སྟོང་ཕྲག་དུ་མ་རིམ་པར་བྱོན་པའི་གནས་ཆོས་གྲྭ་ཆེན་པོ་དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་ཤཱཀྱའི་བཙུན་པ་དཔལ་ལྡན་མཆིམས་ཀྱིས་སྦྱར་བའོ། །ཞེས་རྩོམ་སྐུལ་གནང་མཁན་དང་ཁོང་གི་མཚན་དང་བཅས་གསལ་བོར་ཐོན་ནོ༎

ད་རེས་རྙེ་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་གི་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བ་དག་གིས་མཆིམས་མཛོད་ཆུང་བ་འདི་ཉིད་ལེགས་བཤད་ཀྱི་སྐྱེས་སུ་དཔར་བ་འདི་ནི་ཤིན་ཏུ་ལེགས་ཏེ། དུས་དང་རྐྱེན་གང་མང་གིས་བཀའ་གདམས་པའི་གསུང་རིན་ཐང་བྲལ་བ་མང་བོས་གཙོས་རྨད་དུ་བྱུང་བའི་ལེགས་བཤད་མང་བོ་ཞིག་ད་ལྟ་མཐོང་ལམ་དུ་དཀོན་པ་དཔེར་ན།རྗེ་བླ་མས། ཆོས་མངོན་རྒྱ་མཚོའི་མངའ་བདག་མོན་དྲ་བ༎ཞེས་བསྔགས་ན་མོན་དྲ་བའི་མཛོད་དཔེ་རྒྱུན་ཤིན་ཏུ་དཀོན་ཞིང་།རྗེ་ཤེས་རབ་རྒྱ་མཚོས།མོན་གྲ་པ་ཚུལ་ཁྲིམས་བཀྲ་ཤིས་ཀྱི་མཛོད་འགྲེལ་འདི་ལྕང་སྐྱ་རོལ་བའི་རྡོ་རྗེའི་ཕྱག་དཔེའི་ཁྲོད་དུ་བཞུགས་པར་རྣམ་ཐར་ལས་བཤད།ཅེས་གསུངས་ནའང་ད་ལྟ་གང་དུ་བཞུགས་མིན་ཀྱང་གསལ་ཁ་བྲལ།ད་དུང་མཆིམས་བརྩོན་འགྲུས་སེང་གེ་དང་།མཆིམས་ནམ་མཁའ་གྲགས།ནེལ་པ་ལ་པནྜི་ཏའི་མཛོད་ལ་སོགས་པའི་མཛོད་འགྲེལ་རིན་ཐང་དང་བྲལ་བ་མང་བོ་མཐོང་དཀོན་པས་ཤིན་ཏུ་ཕངས།

དེ་བས་དཔེ་རྒྱུན་དཀོན་པོ་དག་ལག་ཏུ་སོན་དུས་འདི་ལྟར་དཔར་ཐུབ་ན་དཔེ་རྒྱུན་འཕེལ་ཞིང་སློབ་གཉེར་ལ་སྨན་པས་བསྟན་དང་འགྲོ་བ་དག་ཀྱང་དངོས་དང་བརྒྱུད་ནས་ཕན་པ་རྒྱ་ཆེན་པོ་འབྱུང་ངེས་པ་ཡིན་ནོ། །གསུང་རབ་འདི་ནི་བྱེས་ཀྱི་སེ་རའི་པར་རྩ་ལ་བརྟེན་ནས་དཔར་བ་ཡིན་ཞིང་འདི་ཉིད་ཆོས་མངོན་པར་ནམ་ལངས་ཤིང་ཉི་མ་ཤར་བ་ལྟ་བའི་མཁས་པའི་གསུང་ཡིན་པས་ཆོས་མངོན་པར་སློབ་གཉེར་བ་དག་གིས་ངེས་པར་མཇལ་རོགས་ཞེས་ཞར་དུ་ཞུའོ༎

ཞེས་སྔོན་འགྲོའི་གཏམ་ཞིག་འབྲི་དགོས་ཞེས་ཕར་ཕྱིན་སྐབས་བཞི་བའི་འཛིན་གྲྭའི་སྐྱོར་དཔོན་མདའ་བཞིའི་ལུང་རྟོགས་རྒྱ་མཚོ་དང་ཉེ་གནས་ལོ་བའི་བཟོད་པ་རྒྱ་མཚོ་གཉིས་ཀྱིས་བསྐུལ་བ་ངོ་མ་ལྡོག་པའི་ཚུལ་དུ་དགོས་དབང་གི་མཆིམས་ཀྱི་མཁས་པ་དག་གིས་ཆོས་མངོན་པའི་བསྟན་བཅོས་བརྩམས་པའི་གསལ་བཤད་འདི་ཙམ་ཤཱཀྱའི་དགེ་སྦྱོང་གི་གཟུགས་བརྙན་འཛིན་པ་ཤེས་རབ་བསྟན་དར་གྱིས་མེ་བྱི་ལོའི་ལོའི་ཧོར་ཟླ་དང་བོའི་ཚེས་གཅིག་ལ་མང་རའི་དགོན་ཆེན་ནམ་རྙེ་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་དུ་བྲིས་སོ༎

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།