སྟོད་འགག་གི་མཚོན་དོན་དང་དུས་ནམ་བྱུང་སོགས་ཀྱི་སྐོར་ལ་ཅུང་ཙམ་དཔྱད་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-06-09 15:12:50     རྩོམ་པ་པོ།   སྐལ་བཟང་ལྷ་མོ།    ཀློག་ཐེངས།  

ནང་དོན་གནད་བསྡུས།དཔྱད་རྩོམ་འདིའི་ནང་དུ་བོད་བརྒྱུད་སངས་རྒྱས་ཆོས་ལུགས་པའི་རབ་བྱུང་བའི་ཆས་གོས་ལས་སྟོད་འགག་གི་བྱུང་ཚུལ་དང་དེའི་མཚོན་དོན་སོགས་རགས་ཙམ་བརྗོད་ཡོད།

 བརྡ་ཆད་གཙོ་བོ། སྟོད་འགག་ནམ་བྱུང་ཚུལ། སྟོད་འགག་གི་ཁྱད་ཆོས་ཀྱིས་མཚོན་བྱ་མཚོན་ཚུལ་ངོ་སྤྲོད། མཚོན་བྱ་ལམ་གཙོ་རྣམ་གསུམ་གྱི་གོ་དོན་དང་། དྲན་པ་དང་ཤེས་བཞིན་གྱི་གོ་དོན་རགས་བསྡུས།

  

 གྱོན་ཆས་ནི་འཚོ་གནས་ཁོར་ཡུག་དང་ས་བབ། རིག་གནས། མཛེས་དཔྱོད་ཀྱི་ལྟ་བ་སོགས་དང་འབྲེལ་ནས་བྱུང་བ་ཞིག་ཡིན་ལ། གྱོན་ཆས་ཀྱི་བཟོ་དབྱིབས་དང་རྣམ་པ་སོགས་ལ་དེ་འབྲེལ་གྱི་དགོས་པ་དང་རྒྱུ་མཚན་ངེས་ཅན་ཞིག་ཡོད། བོད་ཡུལ་གྱི་རབ་བྱུང་བའི་ཆ་ལུགས་ནི་རྒྱ་གར་གྱི་ཡུལ་ཆས་ཡིན་ནའང་། སངས་རྒྱས་ཆོས་ལུགས་བོད་དུ་དར་བའི་གོ་རིམ་ཁྲོད་དུ་བོད་ཀྱི་ས་བབ་དང་མཐུན་པའི་བཅོས་སྒྱུར་ཡང་བྱས་ཡོད་དེ། སྟོད་འགག་ནི་བོད་ཀྱི་རབ་བྱུང་བའི་ཐུན་མོང་མ་ཡིན་པའི་གྱོན་ཆས་ཤིག་ཡིན། རབ་བྱུང་བའི་ཆས་ཏེ་གཟན་ཤམ་ཐབས། ཞྭ་མོ། ཟླ་གམ། ཆོས་གོས། རྣམ་སྦྱར་སོགས་ཀྱི་བཟོ་དབྱིབས་དང་རྣམ་པ་དགོས་པ་དང་རྒྱུ་མཚན་མང་བོ་ཞིག་ཡོད་བཞིན་སྟོད་འགག་གི་བཟོ་དབྱིབས་ལའང་དགོས་པ་དང་རྒྱུ་མཚན་མང་བོ་ཞིག་ཡོད་ལ། འདིར་རབ་བྱུང་བའི་ཆས་གོས་དེ་དག་ལས་བོད་ཀྱི་ཁྱད་ཆོས་ལྡན་པའི་སྟོད་འགག་གི་བྱུང་ཚུལ་དང་མཚོན་དོན་སྐོར་ཅུང་ཙམ་གླེང་བ་ལ།

གཅིག སྟོད་འགག་དུས་ནམ་བྱུང་ཚུལ་བཤད་པ།

སྟོད་འགག་དུས་ནམ་བྱུང་བའི་སྐོར་ལ་བཞེད་པ་མི་མཐུན་པ་ཅུང་ཙམ་མཆིས་མོད་ཀྱང་། འགའ་ཞིག་གིས་མཁན་ཆེན་ཞི་བ་འཚོའི་སྐབས་སུ་བྱུང་བར་འདོད། ཐམས་ཅད་མཁྱེན་པས། “མཁན་ཆེན་ཞི་བ་འཚོ། དགུང་ལོ་བདུན་ཅུ་དོན་གྲངས་ཞེས་པ་ནས་་་་་་་་་་་་་་ རྒྱ་གར་ཚ་བའི་ལུང་བར་བཞུགས་མཁན་ཞིག་བོད་གནམ་གཤིས་གྲང་བའི་ཡུལ་དུ་ཕེབས་དུས། སྐུ་བསིལ་ནས་མཚམས་རེར་གདིང་བའང་སྐུ་སྟོད་ལ་བཞེས་དགོས་བྱུང་མེད་དམ་སྙམ་པ་དང་། སྟོད་འགག་དེ་དུས་བྱུང་བ་དང་། སྟོད་འགག་གི་ཟུར་དེ་གདིང་བའི་ཟུར་རེད་ཅེས་ཤོད་སྲོལ་འདུག་”ཅེས་གསུངས་ལ།ལཱ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་གིས“སྔོན་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་མཉམ་མེད་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་གདན་འདྲེན་ཞུ་སྐབས་ཁོང་གི་སློབ་མ་རྣམས་ཀྱིས་ཁྱེད་བོད་ཡུལ་དུ་ཕེབས་ན་ཧ་ཅང་གི་གྲང་ངར་ཆེ་བས་ན་བཟའ་མཐུག་པོ་འདི་ལྟ་བུ་བཞེས་རོགས་ཞེས་གླང་བོ་ཆེའི་མགོ་པགས་ཤིག་འཕུར་མཉེད་བཏང་བ་ཞིག་ཕུལ་བ་དེ་གསོལ་བ་ནས་བཟུང་དེང་གི་སྟོད་འགག་འདིའི་རྨང་བྱུང་བ་རེད”ཅེས་གསུངས། ཡིན་ནའང་ལ་ལས་ས་སྐྱ་པཎ་ཆེན་གྱི་ཡར་སྔོན་དུ་དགེ་འདུན་པ་རྣམས་ཀྱིས་སྟོད་འགག་བཞེས་པའི་ཕྱག་སྲོལ་ཆེར་བྱུང་མེད་ཀྱང་། ས་སྐྱ་པཎ་ཊི་ཏ་ཀུན་དགའ་རྒྱལ་མཚན་ནས་སྟོད་འགག་བཞེས་པའི་སྲོལ་བྱུང་བར་བཤད་ཅིང་། རྗེ་རིན་པོ་ཆེ་ནས་བཟུང་སྟོད་འགག་བཞེས་པའི་ཕྱག་སྲོལ་གཏན་ལ་ཕབ་པར་བཤད་ལ། ཞྭ་སྒབ་པས་ཀྱང“ས་སྐྱ་པཎ་ཊི་ཏ་ཀུན་དགའ་རྒྱལ་མཚན་ཡན་གྱི་བྲིས་ཆ་རྙིང་བ་རྣམས་སུ་མེད་པས་དེ་ཙམ་ནས་སྟོད་འགག་བཞེས་པའི་སྲོལ་བྱུང་བ་མིན་ནམ།”1ཞེས་གསུངས། བཤད་ཚུལ་གཞན་ཞིག་ཏུ་སྔོན་ཆད་ཤ་འགག་ཡོད་ཀྱང་སྟོད་འགག་མེད་པར་ཡང་བཤད་དེ། 《བོད་བརྒྱུད་ནང་བསྟན་གྱི་རྟེན་དང་ཡོ་བྱད་མཚོན་དོན་འགྲེལ་བཤད 》ཅེས་པ་ལས། “སྔོན་དུས་ཤ་འགག་ལས་སྟོད་འགག་ཅེས་པ་མེད། སྟོད་འགག་འདི་རྗེ་ཙོང་ཁ་བས་ཤ་འགག་གཞིར་བཟུང་ནས་བཟོ་བཅོས་ཀྱི་སྲོལ་བཏོད་པར་བཤད”2ཅེས་གསུངས། དེས་ན་འདིར་ཤ་འགག་ཅེས་པ་ནི་བཙུན་པ་རྣམས་ཀྱི་ལུས་སྟོད་ཀྱི་ཤ་རྗེན་པ་འགོག་པའམ་གྲང་ངར་འགག་པས་ན་སྟོད་འགག་ཅེས་སུ་བཤད་པའང་ཡོད་དེ། 《བོད་བརྒྱུད་ནང་བསྟན་གྱི་རྟེན་དང་ཡོ་བྱད་ཀྱི་མཚོན་དོན་འགྲེལ་བཤད 》ལས། “དགེ་སློང་གི་ལུས་སྟོད་ཀྱི་ཤ་རྗེན་དང་། གྲང་ངར་འགག་བྱེད་ཀྱི་གོས་ཡིན་པས་སྟོད་འགག་ཅེས་གྲགས”3 ཞེས་འབྱུང་ལ། འགག་ནི་འགོག་བྱེད་ཀྱི་དོན་དུ་འཇུག་པར་ཡང་མཐོང་སྟེ། ཡུལ་གྲུ་ཁ་ཤས་སུ་འགོག་ཅེས་པའི་སྒྲ་འདི་འགག་ཏུ་འདོན་པའང་ཡོད་པས་སོ། ། དེས་ན་སྟོད་འགག་ཅེས་པ་ནི་བོད་ཀྱི་བཙུན་པའི་སྟོད་གོས་ཕུར་མེད་ཅིག་གི་མིང་སྟེ། དག་ཡིག་གསར་བསྒྲིགས་ལས།“སྟོད་འགག་ནི་བོད་ཀྱི་བཙུན་པའི་སྟོད་གོས་ཕུ་རུང་མེད་པ་ཞིག་གི་མིང” 4ཞེས་འབྱུང་། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། “སྟོད་འགག་བླ་གོས་ཏེ་སྟོད་ལ་གྱོན་རྒྱུའི་གྲྭ་ཆས་ཤིག་”5 ཅེས་དང་། “སྟོད་སྒག་སྟོད་འགག་དང་འདྲ”6 ཞེས་སོ། །དེས་ན་སྟོད་འགག་ཅེས་པ་ནི་དགེ་འདུན་པའི་ལུས་སྟོད་ལ་གྱོན་རྒྱུ་ཕུ་རུང་ངམ་ལག་ཤུབས་བཅད་པའི་གོས་ལ་བཤད་ནའང་རུང་སྟེ། འདིར་འགག་ཅེས་པ་ནི་བཅད་པའམ་ཆད་པ་ལ་འཇུག་པ་ཡིན་ཏེ། 《དག་ཡིག་གསརབསྒྲིགས 》ལས། “རྒྱུན་ཆད་པའི་དོན་ཏེ” 7 ཞེས་པ་ལྟ་བུའོ། །ཡང་ན་སྟོད་འགག་ཅེས་པའི་སྒྲ་བཤད་པ་ལ་སྟོད་ནི་ལུས་སྟོད་ལ་བྱ་ཞིང་། འགག་ཅེས་པ་ནི་ཡུལ་གྲུ་ལ་ལར་གོན་པའི་དོན་ལ་འཇུག་པར་བཤད་སྲོལ་ཡོད་པས་ན་སྟོད་ལ་གོན་རྒྱུ་ཞེས་བཤད་ཀྱང་རུང་ངམ་སྙམ་སྟེ་དཔྱད་པར་བྱའོ།།

གཉིས། སྟོད་འགག་གི་ཁྱད་ཆོས་ཀྱིས་མཚོན་བྱ་མཚོན་ཚུལ་བཤད་པ།

 སྟོད་འགག་ལ་མཚོན་དོན་དང་དགོས་པ་མི་འདྲ་བ་མང་དུ་ཡོད་པས་ན་གང་རུང་རུང་དུ་བཟོ་བའམ་བཙེམས་ཆོག་པ་ཞིག་མིན། སེར་བྱེས་མཁས་སྙན་གྲྭ་ཚང་གི་ཚོགས་གཏམ་ལས། སྟོད་འགག་ལ་སེངྒེ་དཔུང་བ་མེད་པ་མ་ཡིན་པ། གླང་ཆེན་མཆེ་བ་མེད་པ་མ་ཡིན་པ། འཁྱུད་སྐུད་སྔོན་པོ་མེད་པ་མ་ཡིན་པ་ཞིག་དགོས་ཞེས་གསུངས་པ་ལྟར་ན། སྟོད་འགག་ལ་ཆ་རྐྱེན་ངེས་ཅན་ཞིག་ཚང་དགོས་པར་ཤེས་དགོས། རྗེ་ཙོང་ཁ་པའི་སྲོལ་བཏོད་པའི་སྟོད་འགག་གི་བཟོ་དབྱིབས་ལ་རྒྱན་དྲུག་ཚང་དགོས་ཏེ། 1 གླང་ཆེན་མཆེ་བའི་རྒྱན། 2 ཤེས་རབ་སྒོ་ཡི་རྒྱན།   3 མུ་ཏིག་ཕྲེང་བའི་རྒྱན། 4 རྟ་མཆོག་རྣ་བའི་རྒྱན། 5 ཕོ་རོག་མིག་གི་རྒྱན།  6 བུམ་པ་ལྟོ་བའི་རྒྱན་ཏེ་རྒྱན་དྲུག་པོ་འདི་ཚང་དགོས་པ་ཡིན། རྗེ་རིན་པོ་ཆེས་སྔོན་གྱི་ཤ་འགག་ལ་གཞིར་བྱས་ནས་རྗེས་འཇུག་བུ་སློབ་རྣམས་ཀྱིས་རྒྱན་དྲུག་ལྡན་པའི་སྟོད་འགག་འདི་ངེས་པར་བཞེས་དགོས་ཚུལ་གྱི་བཀའ་གསུང་བསྩལ་པ་ལྟར་དུ་དགེ་ལུགས་པའི་དགོན་སྡེ་ཆེ་ཆུང་ཁག་རྣམས་སུ་སྟོད་འགག་བཞེས་པའི་ཕྱག་སྲོལ་དམ་པོ་ཡོད་པར་གྲགས། གདན་ས་ཁག་གི་གྲྭ་ཚང་སོ་སོའི་སྟོད་འགག་གི་རྣམ་པ་ལ་ཅུང་ཙམ་མི་འདྲ་བ་ཡོད་ཀྱང་སྤྱིའི་ཆ་ནས་མི་འདྲ་བའི་ཁྱད་པར་ཆེན་པོ་མེད། རྒྱུད་སྟོད་གྲྭ་ཚང་གིས་སྟོད་འགག་དམར་པོ་བཞེས་པ་དང་། རྒྱུད་སྨད་དང་། རྩེ་རྣམ་རྒྱལ་གྲྭ་ཚང་བས་སྟོད་འགག་སེར་པོ་བཞེས་པའི་ཕྱག་སྲོལ་ཡོད།  བླ་སྤྲུལ་དང་གྲྭ་ཚང་གི་ཆོས་མཛད་སོགས་ཀྱིས་སྐུ་འགག་རྒྱབ་ཤ་ཐེར་མ་འདྲ་བའི་གཞི་ལ་དམར་སེར་གྱི་ཁ་དོག་མི་འདྲ་བའི་ལྷན་པ་བསླན་ཏེ་མནབ་ཆོག་ལ་དེས་ནི་ཁོང་རྣམས་སྡེ་སྣོད་གསུམ་སོགས་ལ་མཁས་པ་མཚོན་གྱི་ཡོད་པར་བཤད། དེ་མིན་གྲྭ་བཙུན་གསར་བ་རྣམས་ཀྱིས་སྤུ་ཕྲུག་གི་སྐུ་འགག་གམ་ཡང་ན་གོང་བ་དང་དཔུང་བ་དམར་པོ་ལ་གྲྭ་ལྷན་སེར་པོ་རྒྱུད་སྨད་གྲྭ་ཚང་གི་སྐུ་འགག་ལྟར་རྒྱུན་ལྡན་དུ་མནབ་ཆོག་པའོ།། དེ་བས་སེངྒེའི་དཔུང་བས་ནི་ཉོན་མོངས་པ་དང་འཆལ་ཚུལ་གྱི་ཉེས་པས་མ་གོས་ཤིང་། འཁོར་ཚོགས་ཀྱི་དབུས་སུ་མི་འཇིགས་ཤིང་བག་མི་ཚ་བའི་སེངྒེ་ལྟ་བུའི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་མཚོན་པར་མ་ཟད། གོང་བ་ཉིས་ལྟེབས་ཀྱིས་ལམ་རིམ་པ་གཉིས་ཏེ། བསྐྱེད་རིམ་དང་རྫོགས་རིམ་གྱིས་ཉམས་ལེན་མཚོན་པ་དང་། དཔུང་བ་གཡས་གཡོན་གྱི་སྟེང་དུ་གླང་བོ་ཆེའི་རྣ་འབྱོག་ལྟ་བུ་ཡོད་པ་འདིས་ཐེག་ཆེན་གྱི་དགེ་སློང་མཚོན་པར་བཤད་དེ།  《བོད་བརྒྱུད་ནང་བསྟན་གྱི་རྟེན་དང་ཡོ་བྱད་ཀྱི་མཚོན་དོན་འགྲེལ་བཤད 》ཅེས་པ་ལས“སྟོད་འགག་ལ་གླང་ཆེན་གྱི་རྣ་སོགས་མཚན་ཉིད་ཡོད་ལ། དེས་ཐེག་ཆེན་གྱི་དགེ་སློང་ཡིན་པ་མཚོན་པར་གསུངས”8ཞེས་འབྱུང་ངོ་།། དེས་ན་གོང་དུ་དྲངས་ཟིན་པ་ལྟར་སྟོད་འགག་གི་རྒྱབ་ལ་ཞིབ་ཏུ་བལྟས་ན་གླང་ཆེན་མཆེ་བ་འདྲ་བ་ཞིག་ཡོད་པ་དེ་ནི་གླང་ཆེན་མཆེ་རྒྱན་ཡིན་ལ། དེས་ནི་འཆི་བ་མི་རྟག་པ་མཚོན་ཞིང་དོན་གྱིས་ངེས་འབྱུང་གི་བསམ་པའང་མཚོན་ཏེ། མི་རྟག་པ་དྲན་པ་ཤུགས་དྲག་པས་སྣེ་དྲངས་ཏེ་འཁོར་བ་ལས་ངེས་པར་འབྱུང་འདོད་སྐྱེ་བའོ།།

  དེ་ཡང་སྟོད་འགག་གྱོན་རེས་བཞིན་འཆི་བདག་གཤིན་རྗེའི་ཁར་ཚུད་དེ་ཡོད་སྙམ་དུ་བསམ་ནས་འཆི་བ་དྲན་པའི་ཆེད་དུ་ཡིན་ལ། དེ་བཞིན་དུ་སྟོད་འགག་གི་སྒལ་གཞུང་མཚམས་སུ་མཐེབ་སོར་གང་ཙམ་གྱི་སྟོང་ཆ་ཞིག་ཡོད་པ་ནི་ཤེས་རབ་སྒོ་རྒྱན་ཡིན་ལ། དེས་ནི་སྟོང་ཉིད་རྟོགས་པའི་ཡང་དག་པའི་ལྟ་བ་མཚོན་ཀྱི་ཡོད། ལྟ་བ་འདི་ནི་ནང་བསྟན་རིག་གཞུང་ལས་ལམ་ཉམས་ལེན་ཐམས་ཅད་ཀྱི་དམིགས་བུ་སྟེ་སྣེ་འཁྲིད་པ་ལྟ་བུར་གསུངས་ཡོད་པ་རེད། མདོ་སྡུད་པ་ལས།“ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་ཡི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །”ཞེས་གསུངས་པ་ལྟ་བུ་རེད། དེ་བཞིན་དུ་མཆན་འོག་ཏུ་འཚེམ་བཟོ་འགྲུབ་སྟངས་ཀྱི་དབང་གིས་མུ་ཏིག་བསྟར་ལ་བརྒྱུས་པ་འདྲ་བ་ཞིག་མཐོང་རྒྱུ་ཡོད་པ་དང་། དེས་ནི་ལམ་བྱང་ཕྱོགས་སོ་བདུན་མཚོན་པ་ཡིན། གོང་སྣམ་གྱི་གཡས་ངོས་སུ་གོས་གྲྭ་ཟུར་གསུམ་གྱེན་དུ་བསླངས་པ་ཞིག་ཡོད་ལ་དེས་ནི་རྟ་མཆོག་གི་རྣ་བ་དང་དེས་དྲན་ཤེས་ཀྱི་དྲན་པ་མཚོན། ཕྲག་གླན་གྱི་ཟུར་གཉིས་ཀྱི་རྩེར་འཁྱུད་སྐུད་ཀྱི་ཁུགས་སྣེ་ཨ་ལོང་ལྟ་བུ་ཞིག་ཡོད་པ་དེ་ནི་་ཕོ་རོག་མིག་རྒྱན་ཡིན་པས་དེས་ནི་ཤེས་བཞིན་མཚོན། ཞིབ་ཏུ་བལྟས་ན་ལྕགས་ཀྱུ་ལྟ་བའི་དབྱིབས་ཀྱང་འབྱུང་བས་སེམས་ཀྱི་གླང་ཆེན་ལྕགས་ཀྱུས་ཟིན་པའི་དོན་ཡིན་པས་ན། ནམ་རྒྱུན་དགེ་སློང་རྣམས་ཀྱིས་རང་གི་ལག་གཡས་པའི་མཐེབ་ཆེན་དེ་ཕྲག་གླན་གཡས་པའི་འཁྱུད་སྐུད་ཀྱི་ཨ་ལོང་དུ་ཚུད་པར་བྱས་ཏེ་དྲན་ཤེས་བཞིན་གྱི་ལྕགས་ཀྱུ་རྣོན་པོས་རང་རྒྱུད་ཀྱི་བཅས་པ་ལ་བྱ་ར་བྱས་ནས་རྒྱུན་གྱི་ཉམས་ལེན་ཀྱང་སྐྱོང་གིན་ཡོད་པ་འདྲ། མཆན་ཁུང་གི་གཤམ་དུ་གོས་མདོག་དམར་སྔོ་སེར་གསུམ་རིམ་བཞིན་དུ་བསྒྲིགས་ཡོད་པ་ནི་བུམ་པ་ལྟོ་བའི་རྒྱན་ཡིན་ལ། དེས་ནི་བསླབ་གསུམ་བདུད་རྩིས་ཡོངས་སུ་གཏམས་པའི་བུམ་པ་བཟང་བོ་བྱང་ཆུབ་ཀྱི་སེམས་མཚོན་པའོ། །དེ་ལའང་ཆོས་སྡེ་ཆེན་པོ་ཁག་གི་ཞལ་ངོ་ལྟ་བུས་མཆན་འོག་ཏུ་གོས་དར་སྔོན་པོས་བཏུམ་པ་ནི་བུམ་པ་བཟང་བོར་དར་གྱི་ན་བཟའ་གསོལ་བ་དང་སྨད་འདུལ་ལུགས་ཀྱི་སྡོམ་རྒྱུན་ཡང་མཚོན་པར་བཤད་སྲོལ་ཡོད། དེ་བས་སྟོད་འགག་གི་དབྱིབས་ནི་གླང་ཆེན་གྱི་མགོ་པགས་ལྟ་བུ་ཞིག་ཡིན་མོད་ཀྱང་རྒྱབ་ནས་བལྟས་ན་བྱ་རྒོད་ཀྱིས་ནམ་འཕང་གཅོད་པ་དང་འདྲ་བར་ཡོད་པས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་སོགས་མཚོན་དོན་བསམ་གྱིས་མི་ཁྱབ་པ་རེ་ཡོད་པ་ཡིན། སྟོད་འགག་གི་མཐའི་འཁྱུད་སྐུད་དང་། འཚེམ་བུའི་སྐུད་པ་བཅས་ནི་སྔོན་པོ་ཡིན་དགོས་པ་ནི་སྨད་འདུལ་དར་བའི་སྐབས་སུ་ཁ་སྐོང་རྒྱའི་དགེ་སློང་གཉིས་ཀྱི་སྟོད་ཐུང་སྔོན་པོའི་ཕུ་རུང་བཅད་ནས་ཁ་སྐོང་དུ་བཞུགས་པའི་སྐུ་དྲིན་དྲན་ཆེད་དུ་ཡིན་ཞེས་པའི་གསུང་རྒྱུན་ཡོད། དེ་བས་བླ་བྲང་ཕྱོགས་སུ་རྒྱུན་ལྡན་གྱི་སྟོད་འགག་གི་གོང་བའི་ནང་ཤ་འཁྱུད་སྐུད་དང་བཅས་པ་ཐམས་ཅད་སྔོན་པོར་བྱེད་པ་ཡང་དེའི་སྟབས་ཀྱིས་ཡིན་པར་སེམས།    སྤྱིར་མ་བརྟག་མ་དཔྱད་པའི་སྣང་ངོར་སྟོད་འགག་ནི་སྟོད་ལ་གྱོན་པའི་གྱོན་གོས་ཤིག་ཡིན་མོད། ཞིབ་ཏུ་བསམས་ན་དགེ་སློང་གི་སྟོད་འགག་གཅིག་པུའི་སྟེང་ནའང་ལམ་གྱི་གཙོ་བོ་རྣམ་གསུམ་གྱིས་མཚོན་བསླབ་གསུམ་ཉམས་ལེན་གྱི་གནད་ཚང་བར་ཡོད་པ་འདི་ལ་དོ་སྣང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ། བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་བཙུན་པ་རྣམས་ཀྱི་སྟོད་འགག་འདིའི་ཁུངས་ནི་སློབ་དཔོན་ཞི་བ་འཚོས་གདིང་བ་མནབས་པ་ལས་བྱུང་བ་ཡིན་ནའང་འདྲ། ཇོ་བོ་རྗེ་ལ་སློབ་མ་རྣམས་ཀྱིས་གླང་ཆེན་གྱི་མགོ་པགས་མཉེད་དེ་ཕུལ་པ་ལས་བྱུང་བ་ཡིན་ནའང་འདྲ། རྗེ་རིན་པོ་ཆེས་བཟོ་དབྱིབས་ཕུན་སུམ་ཚོགས་ཤིང་མཚོན་དོན་གཏིང་ཟབ་པའི་རབ་བྱུང་བའི་སྟོད་འགག་འདི་དར་བར་མཛད་དོ།།

གསུམ་པ། སྟོད་འགག་གི་མཚོན་དོན་ལམ་གཙོ་རྣམ་གསུམ་གྱི་དོན་བཤད་པ་ལ།

སྤྱིར་ལམ་བྱང་ཕྱོགས་སོ་བདུན་དང་། འཕགས་ལམ་ཡན་ལག་བརྒྱད་ལ་སོགས་པའི་ངོ་བོ།དབྱེ་བ། མཚན་ཉིད་དང་བཅས་པ་རྒྱས་པར་སྤྲོར་རིགས་མོད་དེ། ཡིན་ནའང་འདིར་ནི་གཙོ་བོར་ལམ་གྱི་གཙོ་བོ་རྣམ་པ་གསུམ་གྱི་དོན་ཉུང་ཙམ་བཤད་པའོ། །

 ལམ་གྱི་གཙོ་བོ་རྣམ་གསུམ་ནི།  ངེས་འབྱུང་དང་།   བྱང་སེམས།  ཡང་དག་པའི་ལྟ་བ་དང་བཅས་གསུམ་ཡིན་ལ།

    ༡ ངེས་འབྱུང་ནི། འཁོར་བ་མཐའ་དག་དུག་སྦྲུལ་གྱི་ཚང་དང་མེ་འབར་བའི་འོབས་ལྟར་མཐོང་ནས་དེ་ལས་ཐར་འདོད་ཀྱི་བློ་ལ་བཅོས་མིན་རྩོལ་མེད་ཀྱི་མྱོང་བ་ཐོན་པའི་བློ་ཞིག་ལ་བྱ་སྟེ། དུང་དཀར་ཚིག་མཛོད་ཆེན་མོ་ལས། ངེས་འབྱུང་། འཁོར་བ་ལ་སྐྱོ་ཤས་སྐྱེ་བའི་དོན་ཏེ་འཁོར་བའི་སྡུག་བསྔལ་ལྟ་ཅི། སྲིད་པའི་ཕུན་ཚོགས་གང་ལའང་མི་རྟག་ཅིང་མི་བརྟན་པ་བསླུ་བའི་ཆོས་ཅན་དུ་མཐོང་བ་བཞིན་ཞེ་མེར་དགོས་པ་ལྟ་བུ་ཡིད་གཏིང་ནས་སྐྱོ་བར་འགྱུར་བ་ཆགས་ཤིང་ཞེན་པའི་གནས་མེད་པར་མཐོང་བ་ཞིག་ལ་ངེས་འབྱུང་བཅོས་མིན་སྐྱེས་པ་ཞེས་བརྗོད་པ་ལས་ཚེ་འདིའི་རྐྱེན་འགའ་ཞིག་གིས་སུན་ཏེ་ཡིད་འབྱུང་བ་ཙམ་ལ་ངེས་འབྱུང་སྐྱེས་ཞེས་བརྗོད་པ་ནི་ཧ་ཅང་ཐལ་དྲག་པ་སྟེ། དེ་འདྲའི་ཚོར་བ་སྡུག་བསྔལ་གྱིས་ཡིད་འབྱུང་བ་སྐབས་རེ་དུད་འགྲོ་ལའང་ཡོད་པའི་ཕྱིར། 9 ཞེས་གསུངས་སོ།།

    ༼༢༽  བྱང་སེམས་ནི། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ། ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར། རང་རྒྱུད་གཞན་དོན་དོན་གཉེར་གྱི་འདུན་པས་དྲངས་ཤིང་གྲོགས་བྱང་ཆུབ་འདོད་པ་དང་མཚུངས་ལྡན་གྱི་རྣམ་རིག་ཁྱད་པར་ཅན་ཞིག་ལ་འདོད་པ་ཡིན་ཏེ། དུང་དཀར་ཚིག་མཛོད་ཆེན་མོ་ལས། “བྱང་ཆུབ་ཀྱི་སེམས། གཞན་དོན་དོན་གཉེར་གྱི་བསམ་པ་དང་བྱང་ཆུབ་དོན་གཉེར་གྱི་བསམ་པ་གཉིས་ཟུང་དུ་འབྲེལ་བའི་སེམས་ཤིག་སྟེ། ནམ་མཁའ་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་རང་ཉིད་གཅིག་པུས་བྱ་བར་འདོད་པའི་བསམ་པ་ནི་གཞན་དོན་དོན་གཉེར་གྱི་བསམ་པ་ཡིན་ལ། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྐྱབ་པའི་ཆེད་དུ་རང་ཉིད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འདོད་པའི་བསམ་པ་དེ་ལ་བྱང་ཆུབ་ཀྱི་སེམས་ཟེར།”10 ཞེས་གསུངས།

 ༼༣༽  ཡང་དག་པའི་ལྟ་བ་ནི།  ལར་གངས་རིའི་ཁྲོད་འདིར་སྔ་རབས་ཀྱི་མཁས་གྲུབ་རིམ་བྱོན་ཕལ་མོ་ཆེས་ལྟ་བའི་བཞེད་སྲོལ་ཐ་དད་པ་ལ་བརྟེན་ནས་ལྟ་བའི་མིང་འདོགས་ལུགས་ཀྱང་སྣ་ཚོགས་པ་ཞིག་བྱུང་སྣང་སྟེ། རྙིང་མ་བའི་རྫོགས་ཆེན་དང་། བཀའ་བརྒྱུད་པའི་ཕྱག་ཆེན། ས་སྐྱ་བའི་གསལ་སྟོང་འཛིན་མེད་ལ་སོགས་པའི་ལྟ་བའི་སྐོར་གྱི་ཐ་སྙད་མང་དུ་ཡོད་ནའང་འདིར་ནི་དབུ་མ་ཐལ་འགྱུར་བའི་ལྟ་བའམ་རི་བོ་དགེ་ལུགས་པའི་ལྟ་བའི་དབང་དུ་བྱས་ན་འདི་ལྟར་ཏེ། བདེན་པར་གྲུབ་པའམ་རང་བཞིན་གྱིས་གྲུབ་པའི་རྟག་མཐའ་དང་།  ཐ་སྙད་ཙམ་དུ་ཡང་མ་གྲུབ་པའི་ཆད་མཐའ་གཉིས་དང་བྲལ་བའི་དབུས་ཏེ།  སྟོང་ཉིད་རྒྱུ་འབྲས་སུ་འཆར་བའི་ལྟ་བ་ཡང་དག་པ་འདི་ཡིན་པར་ངེས་ཏེ།གྲུབ་མཐའ་རིན་ཆེན་ཕྲེང་བ་ལས།“  ཐལ་འགྱུར་བ་རྣམས་ཀྱི་ཁྱད་ཆོས་ཀྱི་གཙོ་བོ་ནི།བརྟེན་ནས་བཏགས་པའི་གཏན་ཚིགས་ལ་བརྟེན་ནས་ཕྱི་ནང་གི་ཆོས་རྣམས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་མ་ལུས་པར་ཁེགས་ཀྱང་ཐ་སྙད་དུ་མིང་རྐྱང་བཏགས་ཡོད་ཙམ་ལ་བཅིངས་གྲོལ་དང་། རྒྱུ་འབྲས་དང་། གཞལ་བྱ་འཇལ་བྱེད་ལ་་སོགས་པ་གཞན་ངོར་སྐྱེལ་མི་དགོས་པར་རང་ལུགས་ལ་བསྙོན་མེད་དུ་འཇོག་ཤེས་པ་དེ་ཉིད་ཡིན་ནོ།།”11་ཞེས་གསུངས་པ་ལྟར་ཤེས་དགོས་པ་ཡིན་ནོ།།

བཞི་བ། དྲན་པ་དང་། ཤེས་བཞིན་གྱི་གོ་དོན།

 དྲན་པ་དང་། ཤེས་བཞིན་གྱི་གོ་དོན་ནི་འདི་ལྟར་ཏེ།  ༼༡༽  དྲན་པའི་གོ་དོན་ནི་འདི་ལྟར་ཤེས་པར་བྱ་སྟེ། བྱེད་ལས་སེམས་མི་གཡེང་བར་བྱེད་ཅིང་། རང་ཡུལ་འདྲིས་པའི་དངོས་པོ་ལ་དམིགས་ནས་རང་སྟོབས་ཀྱིས་མི་བརྗེད་པའི་སེམས་བྱུང་ཞིག་ལ་འདོད་པ་ཡིན་ཏེ།  དུང་དཀར་ཚིག་མཛོད་ཆེན་མོ་ལས།“  དྲན་པ།   སེམས་མི་གཡེང་བར་བྱེད་ཅིང་། རང་ཡུལ་འདྲིས་པའི་དངོས་པོ་ལ་དམིགས་ནས་རང་སྟོབས་ཀྱིས་མི་བརྗེད་པའི་རྣམ་པ་ཅན་གྱི་སེམས་བྱུང་ཞིག་ལ་བྱའོ། ། ”12་ ཞེས་དང་། བྱང་ཆུབ་ལམ་རིམ་ཆེན་མོ་ལས།  “དྲན་པ་བསྟེན་པ་ནི་དམིགས་པ་ལས་གཡེང་བའི་བརྗེད་ངས་འགོག་པའི་ཆེད་དུ་ཡིན་པས་དེ་འགོག་པའི་དམིགས་པ་མ་བརྗེད་པ་ནི་ཡིད་ཀྱི་དམིགས་པ་བརྗོད་པ་སྟེ།  ཡང་ཡང་དམིགས་པ་ཡིད་ལ་བྱེད་པའོ། ། དཔེར་ན།  ཤེས་པའི་དོན་འགའ་ཞིག་བརྗེད་ཀྱིས་དོགས་པ་ན།  ཡང་ཡང་ཡིད་ལ་དྲན་པར་བྱས་ན་བརྗེད་དཀའ་བ་དང་འདྲའོ། །” 13  ཞེས་གསུངས་སོ། །

   ༼༢༽  ཤེས་བཞིན་ནི།  བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས།  ལུས་དང་སེམས་ཀྱི་གནས་སྐབས་ལ། ། ཡང་དང་ཡང་དུ་བརྟག་བྱ་བ། ། དེ་དེ་ཁོ་ན་མདོར་ན་ནི། ། ཤེས་བཞིན་བསྲུང་བའི་མཚན་ཉིད་དོ། ། ཞེས་གསུངས་པ་ལྟར། སྒོ་གསུམ་གྱི་སྤྱོད་པ་ལ་དམིགས་ནས་ཡུལ་དགེ་བ་ལ་ཤེས་བཞིན་དུ་འཇུག་པའི་རྣམ་པ་ཅན་གྱི་སེམས་བྱུང་ཞིག་ལ་བྱ་སྟེ། བྱང་ཆུབ་ལམ་རིམ་ཆེན་མོ་ལས།“ དེ་ནི་སེམས་ལྷ་སྐུ་སོགས་གཟུང་བའི་རྣམ་པ་ལ་དམིགས་པའམ་མྱོང་བ་རིག་ཙམ་གསལ་ཙམ་སོགས་འཛིན་པའི་རྣམ་པ་ལ་དམིགས་ནས་སྔར་བཤད་པ་བཞིན་དྲན་པ་བསྟེན་པའི་ངང་ནས། དེ་ལས་གཞན་དུ་འཕྲོ་མི་འཕྲོ་ལ་བྱ་ར་ཐུ་རེ་བྱས་ནས་སེམས་འཛིན་པ་ཡིན་ཏེ་འདི་ནི་ཤེས་བཞིན་སྐྱོང་བའི་གནད་དུ་བཟུང་ངོ་། །” 14  ཞེས་སོགས་གསུངས་པའི་ཕྱིར་རོ། །

དེས་ན་ལམ་ཟབ་མོ་ཉམས་སུ་ལེན་འདོད་པའི་རབ་བྱུང་སེར་མོ་བ་དག་གིས་རང་གི་གྲྭ་ཆས་སྟོད་འགག་འདི་གོན་རེས་ཀྱིས་ལམ་གྱི་གཙོ་བོ་རྣམ་པ་གསུམ་དང་། དྲན་པ་དང་ཤེས་བཞིན་ལ་སོགས་པ་བསྟེན་པའི་ཐབས་ཚུལ་ལ་འབུངས་པར་བྱ་བ་ལས་ཉམས་ལེན་གྱི་མཐིལ་ལ་སྙིང་རུས་ཙམ་བསྐྱེད་པས་གར་ཡང་མི་ཕྱིན་པར་འདོད་དགོས་ཏེ། ཕར་ཕྱིན་བསྡུས་པ་ལས། བརྩོན་འགྲུས་གཅིག་པུ་བྱས་པ་ངལ་བའི་མཐའ། །ཤེས་རབ་གྲོགས་ཀྱིས་བསྐྱངས་ན་དོན་ཆེན་འགྲུབ། །ཅེས་དང་། འཇིག་རྟེན་གཏམ་གྱི་དཔེ་ལའང་། འགྲོ་ཤེས་ན་བསྐོར་བ་རང་འགྲུབ། །ཅེས་པ་ལྟར་ཤེས་པར་བྱ་བ་ནི་གནད་ཀྱི་དོན་པོར་འཆང་བར་བྱའོོ། །

   མདོར་ན། བདག་གིས་རང་རེ་བོད་གངས་ཅན་པའི་ཡུལ་སྲོལ་གོམས་གཤིས་དང་། རྒྱན་གོས་ན་བཟའ་སོགས་ལས་གྲྭ་བའི་གྱོན་གོས་སྟོད་འགག་གི་མཚོན་བྱེད་མཚོན་དོན་དང་བཅས་པ་ངོ་སྤྲོད་རགས་ཙམ་བྱས་པ་འདི་ནི་སྔོན་རབས་རྒན་པ་དག་གི་དམངས་སྲོལ་ངག་རྒྱུན་རིག་གནས་དྲི་མ་མེད་པ་ཟམ་མ་ཆད་པར་འོངས་པ་ཚད་ལྡན་ལ་གཞིར་བྱས། གཞུང་ལུགས་དྲི་མ་མེད་པས་རྒྱབ་རྟེན་དང་བཅས་འབྲི་ཁུལ་བྱས་ནའང་ཚུལ་འདི་ལ་མ་རྟོགས་པ་དང་ལོག་པར་རྟོག་པ་་སོགས་ཀྱི་དྲི་མ་དང་བཅས་པར་གདོན་མི་ཟ་བས གཟུར་གནས་མཁས་པ་དག་གི་སྤྱན་སྔར་འགྱོད་བཤགས་དང་བཅས་ཕུལ་བ་དགེའོ། །

དཔྱད་གཞིའི་ཡིག

1. ཞྭ་སྒབ་པས་མཛད་པའི《སྲིད་དོན་རྒྱལ་རབས 》p71

2.3.8.བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པའི《བོད་བརྒྱུད་ནང་བསྟན་གྱི་རྟེན་དང་ཡོ་བྱད་ཀྱི་མཚོན་དོན་འགྲེལ་བཤད 》p128

4.7.མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས་པའི《དག་ཡིག་གསར་བསྒྲིགས》p318. p144

5.6.མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོད་རྒྱ་མིང་མཛོད་ཆེན་མོ 》སྟོད་ཆ།p1113

9.10.12ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་གིས་བསྒྲིགས་པའི《དུང་དཀར་ཚིག་མཛོད་ཆེན་མོ》p748.p1472.P1109

11ཀན་སུའུ་མི་རིགས་དཔེ་ས྄་ཁང་གིས་དཔར་བསྐྲུན་བྱས་པའི་《གྲུབ་མཐའ་རིན་ཆེན་ཕྲེང་བ》p47

13.14མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《བྱང་ཆུབ་ལམ་རིམ་ཆེན་མོ》p512.p518

ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཉིས་སྟོང་བཅུ་གཉིས་ལོའི་སྐད་གཉིས་དངོས་ལུགས་འཛིན་གྲྭའི་སློབ་མ་སྐལ་བཟང་ལྷ་མོ་ནས། 


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn       


བརྒྱུད་འགོད།