རྗེ་སྐུ་འབུམ་བྱམས་པ་གླིང་དང་དེའི་ཉེ་འཁོར་དུ་ཧོས་འཁྲུག་ཇི་ལྟར་ བྱུང་བའི་རིམ་པ་དྲན་པའི་ཤུགས་རིང་།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-04-30 07:31:48     རྩོམ་པ་པོ།   སྐུ་འབུམ་སངས་རྒྱས་རྒྱ་མཚོ།    ཀློག་ཐེངས།  


དང་བོ།  སྐུ་འབུམ་དགོན་པའི་གནས་གཞི་བཏིངས་ནས་དགོན་པ་ཇི་ལྟར་བཏབ་ཚུལ།    

གཉིས་པ།  སྐུ་འབུམ་དགོན་པར་ཆག་འཇིག་ཐེངས་འགའ་བྱུང་ཚུལ་གྱི་ལོ་ཚིགས། 

གསུམ་པ།  རབ་ཚེས་ས་འབྲུག་སྤྱི་ལོ་༡༨༦༨ལོར་སྐུ་འབུམ་དགོན་པ་དང་དེའི་ཉེ་འཁོར་དུ་ཧོས་འཁྲུག་ཇི་ལྟར་བྱུང་བའི་རིམ་པ། 

བཞི་བ།  རབ་ཚེས་ཤིང་ལུག་སྤྱི་ལོ་༡༨༩༥ལོར་ཧོས་འཁྲུག་ཡང་བསྐྱར་ལངས་པ།  

ལྔ་བ།  རབ་ཚེས་ས་སྦྲུལ་སྤྱི་ལོ་༡༩༢༩ལོར་མ་ཀྲུང་དབྱིན་ནམ་ཀྰ་ཟི་ལེན་གྱི་ཇག་ཚོགས་སྐུ་འབུམ་དུ་སླེབས་ཚུལ།  

དང་བོ།  སྐུ་འབུམ་དགོན་པའི་གནས་གཞི་བཏིངས་ནས་དགོན་པ་ཇི་ལྟར་བཏབ་ཚུལ།   

དེ་ཡང་སྙན་པའི་གྲགས་པ་ཕྱོགས་ཀུན་ཁྱབ་པའི་རྗེ་སྐུ་འབུམ་དགོན་པ་ནི་ཐོག་མར་རབ་བྱུང་དྲུག་པའི་ས་ལུག་སྤྱི་ལོ ་༡༣༧༩ལོར་རྗེ་ཙོང་ཁ་བའི་མ་ཡུམ་ཤིང་བཟའ་ཨ་ཆོས་ཀྱིས་ཐུགས་ཁུར་བཞེས་ཤིང་ཉེ་འཁོར་གྱི་དད་ལྡན་མང་ཚོགས་ཀྱིས་རོགས་རམ་བྱས་ཏེ།  རྗེ་ཙོང་ཁ་བ་ཆེན་པོ་སྐུ་འཁྲུངས་སའི་གནས་དེར་རྒྱལ་བ་སེང་གེའི་ང་རོའི་སྐུ་བརྙན་འབུམ་ཕྲག་གཅིག་དཔར་དུ་བཏབ་ཅིང་གཟུངས་སུ་ཕུལ་བའི་མཆོད་རྟེན་པདྨ་སྤུངས་པ་ཞིག་བཞེངས་པའི་མཐའ་སྐོར་དུ་རྡོ་རྩིག་གི་ར་བས་བསྐོར་ཅིང་།  དེའི་སྟེང་དུ་ལྷ་ཁང་རྫ་གཡམ་གྱི་ཐོག་བཀབ་པ་ཞིག་གསར་བཞེངས་གནང་།  རབ་བྱུང་དགུ་བའི་ལྕགས་སྤྲེལ་སྤྱི་ལོ་༡༥༦༠ལོར་སྒོམ་ཆེན་པ་རིན་ཆེན་བརྩོན་འགྲུས་ཀྱིས་གནས་གཞི་བཟུང་སྟེ་ཐོག་མར་དགེ་འདུན་པ་བཅུ་ཕྲག་ཙམ་ཡོད་པའི་དགོན་ཆུང་ཞིག་བཏབ།རབ་བྱུང་བཅུ་བའི་ཆུ་ལུག་སྤྱི་ལོ་༡༥༨༣ལོར་གོང་ས་ཏྰ་ལའི་བླ་མ་རྒྱལ་བ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ཐེངས་རྗེས་མའི་སྐབས་ཞིང་སྐྱོང་ནང་སོས་སྐུ་འབུམ་དུ་གདན་དྲངས།འདུལ་བ་ཆོས་རྗེ་སྔ་མ་བརྩོན་འགྲུས་རྒྱལ་མཚན་དང་།  སྐུ་འབུམ་ཚོ་བ་ལྔའི་ནང་སོ་གཙོས་པའི་སྤྱིན་བདག་རྣམས་ལ་ཙོང་ཁའི་ཡུལ་གྱི་ལྟེ་གནས་འདིར་དགོན་སྡེ་ཞིག་ཚུགས་ན་འཕྲལ་ཕུགས་ལེགས་པའི་བཀའ་སློབ་གནང་།  རབ་བྱུང་བཅུ་བའི་ཆུ་ཡོས་སྤྱི་ལོ་༡༦༠༣ལོར་གོང་ས་ཏྰ་ལའི་བླ་མ་རྒྱལ་བ་ཡོན་ཏན་རྒྱ་མཚོ་སོག་ཡུལ་ནས་བོད་དབུས་གཙང་དུ་ཕེབས་ཞོར་སྐུ་འབུམ་དུ་ཕེབས།  སྔར་གྱི་དགོན་པ་རྙིང་བ་གྲོང་དགོན་ལྟ་བུ་གྱུར་བ་ལ་ཞིག་གསོ་མཛད་པར་དགོངས་ནས་འདུལ་བ་ཆོས་རྗེ་ཕྱི་མ་འོད་ཟེར་རྒྱ་མཚོ་གནས་འདིའི་གདན་སར་བསྐོ་བཞག་མཛད་ཅིང་སྒྲིག་ལམ་ཀུན་སྤྱོད་དང་ལྡན་པའི་འཆད་ཉན་ཞིག་ཚུགས་དགོས་པའི་བཀའ་ལུང་སྩལ།  ལྷ་ཁང་ཉེ་འཁོར་གྱི་གྲོང་མི་རྣམས་བཏོན་ནས་དགོན་པ་གཙང་དགོན་དུ་བྱས་སོ།།  དེ་ནས་རིམ་གྱིས་སྐུ་འབུམ་ལྷ་སྡེ་ཚོ་དྲུག་གིས་གཙོ་བྱས་ཐག་ཉེ་རིང་གི་གྲྭ་རྒྱུན་མང་བོ་སློབ་གཉེར་དུ་ཕེབས་པས་གྲྭ་ཚོགས་ཇེ་མང་དུ་སོང་ཞིང་།དགོན་པའི་ཆོས་འཆད་ཉན་དང་སྒྲིག་ལམ་ཀུན་སྤྱོད་སོགས་ལ་འཕེལ་རྒྱས་ཆེན་པོ་བྱུང་བར་བརྟེན།  རིམ་གྱིས་དཔལ་ལྡན་བཤད་སྒྲུབ་གླིང་དང་།  རྒྱུད་པ་གྲྭ་ཚང་།  སྨན་པ་གྲྭ་ཚང་།  དུས་འཁོར་གྲྭ་ཚང་སོགས་བྱུང་སྟེ་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་རྒྱ་ཆེར་གནང་ངོ་། །

གཉིས་པ།  སྐུ་འབུམ་དགོན་པར་ཆག་འཇིག་ཐེངས་འགའ་བྱུང་ཚུལ་གྱི་ལོ་ཚིགས།

རབ་བྱུང་བཅུ་བའི་ཆུ་ལུག་སྤྱི་ལོ་༡༥༨༣ལོར་རྒྱལ་བ་བསོད་ནམས་རྒྱ་མཚོའི་བཀའ་ལུང་གིས་སྐུ་འབུམ་དགོན་པ་ཕྱག་བཏབ་པ་ནས་རབ་བྱུང་བཅུ་དྲུག་པའི་ས་ཁྱི་སྤྱི་ལོ་༡༩༥༨ལོའི་བར་དུ་སྐུ་འབུམ་དགོན་པ་སོགས་ལ་དགྲ་ཇག་གིས་གནོད་འཚེ་དང་ཆག་འཇིག་ཆེན་པོ་ཐེངས་འགའ་བྱུང་ཡོད་དེ།  དཔེར་ན།  རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་སྤྱི་ལོ་༡༧༢༣ལོར་མན་ཆིང་གོང་མའི་དམག་དཔོན་ཉན་གིན་ཡོའུ་དང་།  ཡུའོ་གྲུང་ཆི་གཉིས་ཀྱིས་གཙོ་བྱས་རྒྱ་དམག་འབུམ་ཕྲག་གཅིག་ཙམ་ཨ་མདོ་མཚོ་སྔོན་ཕྱོགས་སུ་སླེབས་པ་དང་།  སྐབས་དེར་རྒྱ་དམག་གིས་སྐུ་འབུམ་དགོན་པའི་ལྷ་ཁང་འདུ་ཁང་དང་གྲྭ་བཙུན་མང་བོ་དམར་གསོད་བཏང་བར་མ་ཟད།སྐུ་འབུམ་ཉེ་འཁོར་གྱི་དགོན་པ་རི་ཁྲོད་དང་ལྷ་སྡེ་ཚོ་བ་སོ་སོར་ཁྲག་དྲི་དྲོ་བའི་དྲག་གནོན་བྱས་པ་ལྟ་བུའོ་།།རབ་བྱུང་བཅུ་བཞི་བའི་མེ་ལུག་སྤྱི་ལོ་༡༨༤༧ལོར་ཧོས་འཁྲུག་ཚབས་ཆེན་བསླངས་ཏེ་མདོ་སྨད་བྱང་རྒྱུད་ཀྱི་དགོན་སྡེ་ཆེ་ཆུང་མང་བོའི་རྒྱུ་ནོམ་འཕྲོག་བཅོམ་དང་ཁང་བ་མེ་བསྲེགས་བཏང་བ་སོགས་བྱས་སོ།།  

གསུམ་པ།  རབ་ཚེས་ས་འབྲུག་སྤྱི་ལོ་༡༨༦༨ལོར་སྐུ་འབུམ་དགོན་པ་དང་དེའི་ཉེ་འཁོར་དུ་ཧོས་འཁྲུག་

ཇི་ལྟར་བྱུང་བའི་རིམ་པ།

རབ་བྱུང་བཅོ་ལྔ་བའི་ཐོག་མ་མེ་ཡོས་སྤྱི་ལོ་༡༨༦༧ལོར་ཧོས་ཧོས་རྣམས་ཀྱིས་ཆོས་གསར་རྙིང་གི་འཐེན་འཁྱེར་ལ་ཁག་བཞག་ནས་དུས་འཁྲུག་ཚབས་ཆེ་བ་བསླངས་ཏེ་མདོ་སྨད་ཀྱི་བོད་ཀྱི་དགོན་སྡེ་ཆེ་ཕྲ་མང་བོ་གཏོར་བཅོམ་དང་མེ་བསྲེགས་བཏང་ཞིང་།  བོད་མི་མཐོང་ཚད་ཡིན་ཚད་ཀྱི་སྲོག་ལ་གནོད་སྐྱོན་ཡ་ང་བ་གཏོང་བའི་མགོ་བརྩམས་ཤིང་།  ལྷག་པར་དུ་ཁྲི་ཀའི་ཧོས་ཧོས་རྣམས་ཀྱིས་འཁྲུག་པ་བསླངས་ཏེ་བོད་མི་རྣམས་དང་ཟླ་ངོ་ཁ་ཤས་ལ་གཡུལ་བཀྱེ་བའི་མཐར།  ཕྱོགས་གཞན་ནས་ཧོས་དམག་གཏོས་ཆེ་བ་འབྱོར་བསྟུན་ཁྲི་ཀའི་དགོན་པ་དང་གྲོང་སྡེ་ཕལ་ཆེར་དྲན་ལམ་དུ་བཏང་བར་མ་ཟད།  ཁྲི་ཀ་སྨད་ཀྱི་དགོན་པ་གོང་བ་གྲྭ་ཚང་གི་འདུ་ཁང་དང་།  འཇའ་མོ་གྲྭ་ཚང་གི་འདུ་ཁང་།  ཅོག་རོང་གྲྭ་ཚང་གི་འདུ་ཁང་།  མི་ཉག་གྲྭ་ཚང་གི་འདུ་ཁང་།  ཁྲི་རྩེ་གྲྭ་ཚང་གི་འདུ་ཁང་།  རུ་ངན་བདེ་སྐྱིད་གྲྭ་ཚང་གི་འདུ་ཁང་།  སེར་རྒྱའི་གྲྭ་ཚང་གི་འདུ་ཁང་སོགས་ཡོད་ཚད་མེར་བསྲེགས་ནས་ཐལ་བའི་རྡུལ་དུ་བརླགས།  དེ་དུས་མི་ཉག་མཆོད་རྟེན་ལའང་ཉམས་ཆག་ཆེན་པོ་བྱུང་བར་མ་ཟད།  མི་ཉག་མཆོད་རྟེན་གྱི་མདུན་ངོས་སུ་ཡོད་པའི་དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་ཆེན་པོ་ཞིག་ཡོད་པ་དེ་ཡང་མེར་བསྲེགས།  གཞན་སྒོ་མེ་ཕྱོགས་ཀྱི་མཆོད་རྟེན་སྐེ་དགོན་པ་དང་།  ཧོར་རྒྱ་དགོན་པ་སོགས་དགོན་གྲོང་མང་བོ་བཅོམ།  དེའི་རྗེས་སུ་རབ་བྱུང་བཅོ་ལྔ་བའི་ས་འབྲུག་སྤྱི་ལོ་༡༨༦༨ལོའི་ཧོར་ཟླ་གསུམ་པའི་ནང་ཧོས་ཧོས་དང་ཟ་ལར་དཔུང་བསྡེབས་ཀྱིས་དུས་འཁྲུག་བསླངས་ཤིང་།  ཧོར་ཟླ་བཞི་བའི་ཚེས་ཉེར་གསུམ་ལ་ཧོས་དམག་སྐུ་འབུམ་ཉེ་འཁོར་དུ་སླེབས།  ཚེས་ཉེར་བཞི་ཉིན་སྐུ་འབུམ་རུ་གསར་གྲོང་སྡེ་གཏོར་བཅོམ་དང་མེ་བསྲེགས་བཏང་།  ཧོར་ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན་ཧོས་དམག་རྣམས་སྐུ་འབུམ་དགོན་པའི་སྐོར་ལམ་དང་དགོན་པའི་ནང་དུ་སླེབས་ནས་རྒྱུད་པའི་འདུ་ཁང་དང་།  དུས་འཁོར་འདུ་ཁང།  ༼འདི་དུས་རྒྱུད་པའི་འདུ་ཁང་དང་དུས་འཁོར་འདུ་ཁང་གཉིས་སུ་བཞུགས་པའི་སྔོན་གྱི་རྟེན་གསུམ་ཕལ་ཆེར་ལ་གཏོར་བརླགས་ཐེབས།༽  ཐམས་ཅད་མཁྱེན་པའི་ལྷ་ཁང་།  ༼ཧོས་འཁྲུག་མ་བྱུང་བའི་ཡར་སྔོན་དུ་ཐམས་ཅད་མཁྱེན་པའི་ལྷ་ཁང་གྱན་ལྔ་ཡིན་ཞིང་།  ཉིས་ཐོག་གི་རྒྱ་ཕིབས་གཡུ་གྱོ་སྔོན་པོ་ཡིན་པར་བཤད།  ཆེ་ཆུང་གི་ཚད་གསེར་སྡོང་ཆེན་མོ་དང་འདྲ་ཞིང་མཐོ་དམའ་གསེར་སྡོང་ལས་ཅུང་དམའ་བར་བཤད།   བརྒྱ་མཆོད་སྟོང་མཆོད་དང་མཆོད་འབུལ་སོགས་ཐམས་ཅད་མཁྱེན་པའི་ལྷ་ཁང་ནས་འབུལ་དགོས་གསུངས།  ཧོས་དམག་གིས་མེར་བསྲེགས་པའི་རྗེས་སུ་སྔོན་མ་ནང་བཞིན་ཞིག་གསོ་བྱེད་མ་ཐུབ་པར་ལྷ་ཁང་གྱན་གསུམ་བཞེངས།སྔོན་གྱི་རྒྱལ་ཆེན་བཞིའི་གྱན་ཐང་དེ་སྒོ་འཕྱོར་གཡས་གཡོན་དུ་ཡོད་ཅིང་།  རྗེས་སུ་རྒྱལ་ཆེན་གྱི་སྐུ་གཉིས་སྒོ་ཆེན་གཡས་གཡོན་དུ་བཤམས་ཤིང་།  སྐུ་གཉིས་ཐེམ་ཐོག་གི་ཆོས་འཁོར་ལྷ་ཁང་དུ་བཞུགས།  རབ་ཚེས་མེ་བྱི་སྤྱི་ལོ་༡༨༧༦ལོར་ཐམས་ཅད་མཁྱེན་པའི་ལྷ་ཁང་བསྐྱར་བཞེངས་གྲུབ་ནས་ཤིང་བཟའ་ཚང་གིས་རབ་གནས་མཛད།༽  རྗེ་བཙུན་འཛིན་གྲྭའི་ཚོགས་ཁང་།  ཆེ་ཤོས་སྒར་བ།  ཟི་ན་སྒར་བ།  རྭ་ཁོ་སྒར་བ།  འཇམ་དབྱངས་སྒར་བ།  རྒྱ་ཡག་སྒར་བ།  ཐུའུ་བཀྭན་སྒར་བ།སྟག་མཚེར་སྒར་བ།  གཟིམ་ཁང་གོང་མ་སོགས་སྒར་བ་ཆེ་ཁག་འགའ་རེར་མེ་སྐྱོན་བཏང་ཞིང་།སྐབས་དེར་དུས་འཁྲུག་གིས་འུར་ཟིང་བསླངས་པའི་སྟབས་ཀྱིས་དགོན་པའི་ནང་གི་གྲྭ་བ་དང་ཕྱིའི་གྲོང་མི་བརྐམ་ཆགས་ཅན་སྐོར་ཞིག་གིས་ལྷ་ཁང་འདུ་ཁང་གི་མཆོད་རྫས་སྣ་ཚོགས་དང་།  སྒར་བ་སོ་སོའི་རྒྱུ་ནོམ་དངོས་རྫས་མང་བོ་ཧབ་ཐོབ་དང་ལྐོག་ཉར་བྱས།  དེ་དུས་བླ་བྲང་བཀྲ་ཤིས་ཁང་གསར་དང་།  ཤིང་བཟའ་སྒར་བ།མི་ཉག་སྒར་བ།  ཨ་ཀྱྰ་སྒར་བ།  ཨན་འཇའ་སུ་སྒར་བ།  ཆུ་བཟང་སྒར་བ།  བློན་པོ་བཙན་ཁང་སོགས་ལ་ཧོས་དམག་མ་སླེབས་ཀྱང་།  སྒར་བའི་ནང་མི་རྣམས་འཇིགས་སྣང་གིས་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་སྒར་བ་མེ་དགྲ་གཏོང་བ་སོགས་ཀྱི་སྦྱོར་བ་བརྩམས།  དེར་མ་ཟད་ཧོས་དམག་གིས་དགོན་པའི་གླིང་མཐའི་སྒར་བ་གྲྭ་ཤག་མང་བོ་མེར་བསྲེགས་པ་དང་།  ཐ་མར་དམག་རྫོགས་ཀྱི་རྫོངས་པ་མང་དུ་བྱིན།  འདི་དུས་སྐུ་འབུམ་ཉེ་འཁོར་གྱི་དགོན་པ་རི་ཁྲོད་དང་གྲོང་སྡེ་ཐམས་ཅད་ལྷག་མེད་དུ་བཅོམ་ཞིང་རི་ཁྲོད་ཀྱི་རྟེན་གསུམ་དང་གསེར་དངུལ་གཡུ་བྱུར་སོགས་དངོས་རྫས་གང་ལེགས་ཐམས་ཅད་རྐུན་འཕྲོག་བྱས་པར་མ་ཟད།  གྲོང་སྡེ་འགའ་རེ་རྨེག་མེད་དུ་བཅོམ་པའི་ཤུལ་དུ་ཧོས་ཧོས་བསྡད་དེ་གཞི་ཆགས་བྱས་པར་གྲགས།  ཧོས་འཁྲུག་འདིའི་སྐབས་སུ་ཨ་ཀྱྰ་ཡེ་ཤེས་སྐལ་བཟང་མཁས་གྲུབ་རྒྱ་མཚོས་སྐུ་འབུམ་དགོན་པ་གཙོ་བྱས་ཉེ་འཁོར་གྱི་དགོན་པ་རི་ཁྲོད་དང་གྲོང་སྡེ་རྣམས་སྲུང་སྐྱོབ་དང་།  སྟོང་སྐོར་དང་ཁྲི་ཀ་ཚུན་ཆད་ལ་བདག་སྐྱོང་མཛད་དེ་སྐུ་དངོས་ཀྱིས་དམག་སྲིད་བསྐྱངས་སོ།།  སྐབས་འདིའི་ཧོས་འཁྲུག་གི་གནས་ཚུལ་དེ་སྐུ་འབུམ་ཆེ་ཤོས་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེའི་རང་རྣམ་དེ་ཉིད་གསལ་བའི་སྒྲོན་མེ་སོགས་ལས་བརྗོད་དོན་གཙོ་བོ་རྣམས་ཅུང་ཟད་བསྡུས་ཏེ་སྐབས་འདིར་འགོད་ན།  རབ་བྱུང་བཅོ་ལྔ་བའི་ས་འབྲུག་སྤྱི་ལོ་༡༨༦༨ལོའི་ཧོར་ཟླ་བཞི་བའི་ཚེས་ཉེར་བཞིའི་ཉིན།  ཧོས་འཁྲུག་ཆེར་བྱུང་ནས་སྐུ་འབུམ་ཉེ་འཁོར་གྱི་རུ་གསར་གྲོང་སྡེ་བཅོམ།  ཚེས་ཉེར་ལྔའི་སྔ་ཆ་མཚན་ཕྱེད་ཡོལ་ཙམ་ནས་ཧོས་དམག་དང་སྐུ་འབུམ་གྱི་སེར་སྐྱའི་དམག་ཕན་ཚུན་གཏུགས་རེ་བྱས་པས།  ཧོས་དམག་མ་ཐུབ་པར་ཉི་ཤར་ཙམ་ལ་སྐུ་འབུམ་དགོན་པའི་ལྕགས་རིའི་ནང་དུ་བླུགས།  སྐབས་དེར་དགུང་ལོ་བརྒྱད་བཞེས་པའི་ཆེ་ཤོས་སྤྲུལ་སྐུ་ཚང་ཆེ་ཤོས་སྒར་བའི་ནང་གཟན་ངག་དབང་རིན་ཆེན་གྱིས་ཁུར་ནས་ཚོགས་ཆེན་འདུ་ཁང་སྟེང་གི་སྒོ་གཉེར་ཁང་དུ་བཞག  དེའི་ཚེ་མེ་མདའི་ཆར་ཕབས་ཀྱང་ཆེ་ཤོས་སྤྲུལ་སྐུ་དང་ནང་གཟན་གཉིས་ཀྱི་གཟན་གྱི་ཁུག་བར་ན་མདེའུ་འགའ་ཡོད་ཀྱང་སྲོག་སྐྱོན་མ་བྱུང་།  སླར་ཡང་ནང་གཟན་ཆེ་ཤོས་སྒར་བར་སོང་ནས་དགེ་རྒན་ཁྲི་རྩེ་སྔགས་རམས་པ་བསྟན་པ་དར་རྒྱས་ཀྱང་འདུ་ཁང་སྟེང་གི་སྒོ་གཉེར་ཁང་དུ་ཁྲིད་ཡོང་།  ཇ་དེམ་གང་དང་ཁུར་བ་འགའ་བཅས་ཁྱེར་ཡོང་།  དགེ་རྒན་ཚང་དང་ཆེ་ཤོས་སྤྲུལ་སྐུ་གཉིས་ཀྱིས་ཇ་ཅུང་ཟད་རེ་དང་ཁུར་བ་ཅུང་ཟད་རེ་ཟ་སྐབས།  འདུ་ཁང་རབ་གསལ་ཆེན་མོར་གྲྭ་མང་མེ་མདའ་ཕར་གཏོང་མཁན་ཚོས་རུབ་ནས་ཇ་དང་ཁུར་བ་གང་ཡོད་ཟོས།  ཉིན་དེར་དགེ་རྒན་དང་ཆེ་ཤོས་ཚང་གཉིས་ལ་ལུས་སྟེང་གི་གྱོན་པ་མ་གཏོགས་བཏུང་ཕོར་ཡང་མེད།  ཕྱི་དྲོའི་བར་ཧོས་དམག་ཕྱིར་མ་འཐེན་པས་འདུ་ཁང་ཆེན་མོའི་བར་ཐོག་ཏུ་བསྡད།  ཧོས་དམག་དགོན་པ་ནས་ཕྱིར་ལོག་འཕྲལ།  དགེ་རྒན་གྱིས་ཆེ་ཤོས་ཚང་ཁུར་ནས་ཆེ་ཤོས་སྒར་བར་སོང་།  ཧོས་དམག་གིས་ཆེ་ཤོས་སྒར་བའི་རྭ་སྐོར་ཕྱི་ནང་ཐམས་ཅད་བཅོམ་ནས་ཆག་གྲུམ་ཤ་སྟག་ཏུ་བཏང་།  གསུང་རབ་གླེགས་བམ་མང་བོ་ཐང་མར་བརྡལ་བ་མཐོང་ནས་ཕྱིར་ལོག་སྟེ་སྐུ་འབུམ་སྤྱི་སོ་ཆེན་མོའི་ནང་དུ་སོང་།  གཟིམ་ཁང་སྤྲུལ་སྐུའི་རྐང་བར་སྐྱོན་བྱུང་བ་བླ་རྒན་ཞིག་གིས་ཁུར་ཡོང་ནས་ཆེ་ཤོས་ཚང་དང་མཉམ་དུ་བསྡད།  དེ་དུས་ཧོས་དམག་གིས་གཟིམ་ཁང་སྒར་བའི་འདུ་ཁང་ཀ་བཞི་མ་མེར་བཏང་འཕྲལ་དགུང་ལོ་བཅུ་གཉིས་ལ་སོན་པའི་གཟིམ་ཁང་སྤྲུལ་སྐུ་སྐར་ཁུང་ནས་ཕྱིར་མཆོངས་ཏེ་བྲོས་བས་རྐང་བ་ཅུང་ཟད་བསྣད་ཡོད།  མུན་རུབ་པ་ན་ཡོངས་འཛིན་སྤྲུལ་སྐུ་དྲེའུ་ཞིག་ལ་བཞོན།  དྲེའུ་འཕོང་དུ་ཆེ་ཤོས་ཚང་བཟུང་ནས།  དགོན་པ་ལུང་བ་དང་།  རྒྱུད་པ་མགོ  ལབ་རྩེ་བྱ་གདོང་།  རྭ་ཆག་གོང་འོག་སོགས་ནས་ལྕགས་རིའི་ཕྱིར་འབྲོས་རྩིས་ཀྱིས་ཕྱིན་མོད།  ཕྱོགས་ཕྱོགས་ནས་མི་མང་བོ་ཕྱིར་འོང་བ་ཐུག་པས་ཧོས་དམག་གིས་ལམ་སྒུག་འདུག་ཟེར་པས་ཕྱིར་འོང་ནས་ཨན་འཇའ་སུ་སྒར་བར་བསྡད།  ཨན་འཇའ་སུ་སྤྲུལ་སྐུ་བློ་བཟང་དགེ་འདུན་བསྟན་པ་རིན་ཆེན་ཚང་ཆེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མའི་དངོས་སློབ་ཡིན་སྟབས།  ཆེ་ཤོས་སྤྲུལ་སྐུ་ལ་ཚ་རུའི་གོས་དམར་གྱི་རྒྱབ་ཤ་ཅན།  འགོ་སྣམ་ཉལ་གདན།  པིན་ལང་གི་ཕོར་ཆུང་བཅས་བྱིན།  ཉིན་དེར་ཁྱུང་་ཀྱྰའི་ཁོང་བསྟན་པ་དར་རྒྱས་ཀྱིས་དཀར་ཡོལ་གཅིག་བྱིན།  དགེ་རྒན་དང་ཆེ་ཤོས་ཚང་གཉིས་ཀྱིས་བཏུང་ཕོར་རྙེད་ཀྱང་ཁ་ཟས་ཉིན་གང་མ་རེག་པས།  ཨན་འཇའ་སུ་ཡིས་ནུབ་ཆུ་བྱིན་པ་རྒྱགས་ཚད་ཟོས་ནས་ཉལ།  ཕྱི་ཉིན་སྔ་དྲོའི་ལྷ་ཁང་མཆོད་འབུལ་སྐབས།  ཧོས་དམག་ཕྱིར་དགོན་པར་འབྱོར།  དགེ་རྒན་དང་ཆེ་ཤོས་ཚང་གཉིས་ཨ་ཀྱྰ་སྒར་བར་ཤོག་གསུང་བ་ལྟར་ཕྱིན།  ཆེ་ཤོས་ཚང་ཨ་ཀྱྰ་སྒར་བའི་འདུ་ཁང་ཀ་བཞི་མའི་རབ་གསལ་དུ་འབྱོར་བསྟུན་རི་མགོ་ནས་མེ་འོད་དམར་འཚུབ་པ་ཞིག་བྱུང་བ།  ཨན་འཇའ་སུ་སྒར་བའི་བན་ཆུང་ཞིག་ཆེ་ཤོས་ཚང་དང་མཉམ་དུ་ཡོད་པ་ཆེ་ཤོས་ཚང་ཕར་ལ་ཉལ་བཅུག་ནས།  རབ་གསལ་ནང་ནས་དཀོར་གཉེར་གྱིས་ཕྱིར་བལྟས་པས་དཔྲལ་བར་ཕོག་པས་འགྱེལ།  དེར་ཆེ་ཤོས་ཚང་དང་ཟླ་བོ་གཉིས་འདུ་ཁང་ཀ་བཞི་མའི་སྒོ་འཕྱོར་དུ་བསྡད།  ཨ་ཀྱྰ་སྤྲུལ་སྐུ་ཡེ་ཤེས་སྐལ་བཟང་མཁས་གྲུབ་རྒྱ་མཚོས་ཁུར་བ་གང་འདོད་དུ་བྱིན།  དེར་ཕར་འགྲོ་ཚུར་འགྲོ་བྱས་ནས་ཉིན་གུང་ཡོལ་སྐབས་ཆེ་ཤོས་ཚང་གི་མི་རོ་མང་བོ་ཡོད་པ་དེ་མ་ཤེས་པར་མི་རོའི་གསེབ་ཏུ་ཕྱིན་པས།  སྐབས་ཤིག་གཉིད་འཐུག་པོ་ཞིག་གི་ངང་དུ་གནས་སྐབས་བསྒུལ་བསྐྱོད་ཀྱིས་གཉིད་ཅུང་སངས་ནས་བལྟས་པས།  ཆེ་ཤོས་སྐུ་གོང་མའི་འཁྲུངས་ཡུལ་ཆུ་རུལ་ཁའི་ཨ་ཡེ་བདེ་སྐྱིད་ཀྱིས་འོ་མ་ཁར་ལྡུག་གི་འདུག  དེ་ནས་ཁུར་བ་ཞིག་བྱིན་པ་ཁར་བཟུང་ནས་གཉིད།  ཡང་བསྒུལ་བསྐྱོད་ཀྱིས་གཉིད་ཅུང་སངས་པ་ན་ཁང་བ་ཞིག་ཏུ་སླེབས་འདུག  ཇ་འཐུང་ཟེར་གྱིན་གདའ།  འདི་སུ་ཡིན་སྙམ་ནས་བལྟས་པས་ཁོང་ར་མོ་འོད་ཟེར་སྤུན་གཉིས་འདུག  ཆེ་ཤོས་སྐུ་གོང་མའི་གསོལ་དཀར་ཡིན་ཟེར་བས་རྟགས་བརྒྱད་ཀྱི་རི་མོ་ཡོད་པ་གོས་སེར་བོའི་ཤུབ་དང་ཕྲུགས་སེར་བོའི་ཉལ་གདན་བྱིན།  དེ་ནས་ཡང་གཉིད་ལ་ཡུར་ནས་གཅིག་སད་དུས་འདུ་ཁང་རབ་གསལ་དུ་འབྱོར་འདུག  ཨ་ཀྱྰ་རིན་པོ་ཆེ་ནས་ཁོང་ཚང་གི་ཉེ་ཚན་གྲོང་བའི་བསྔོ་རྟེན་ཡིན་ཟེར་ནས་ལྭ་འགའ།  ལྷམ་ཡ་མ་ཟུང་།  ཁོང་གི་ན་བཟའ་ཡིན་ཟེར་ནས་ཆུ་སུ་ཕྲུའུ་ལྭ་བཅས་གནང་བ།  དགེ་རྒན་གྱིས་ན་བཟའ་བདག་པོ་རྒྱབ།  གཉེར་བ་འཇམ་དབྱངས་རྒྱལ་མཚན་དང་ནང་འཁོར་སོ་སོ་ནས་གོས་ལྷམ་སོ་སོར་བདག་པོ་བྱས།  དེ་ནས་ཆེ་ཤོས་སྒར་བར་སོང་ནས་བལྟས་པས་ཐལ་བའི་རྡུལ་དུ་བརླགས་ནས་འདུག  ཆེ་ཤོས་ཚང་གི་སྡོད་གནས་སུ་རྗེ་ཚེ་བུམ་མ་དང་།  མགུལ་བསྲུང་།  འཛིན་དཔེ།  བཙན་ཁང་དུ་རྟེན་ཐང་འགའ་རེ།  གཏོར་ཆས་དང་།  བསྐང་གསོའི་དཔེ་ཆ།མཆོད་ཆ་འདང་ཙམ་ལུས་འདུག  གཞན་དག་རྗེས་མེད་ཐལ་བ་རང་ལས་འགའ་ཡང་མི་འདུག  དོན་འདི་ལ་སྐུ་འབུམ་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན་ལས།  ཟླ་བ་བཞི་བའི་ཚེས་ཉེར་ལྔར་ཧོས་དམག་གིས་གདན་སར་ཉམས་ཆག་བྱུང་བར་བརྟེན།  རྒྱལ་བ་ཡབ་སྲས་ཀྱིས་གནང་བའི་བསྲུང་བ།  སྐུ་གོང་མའི་མགུལ་བསྲུང་།  ཆོས་སྐྱོང་གི་སྐུ་ཐང་རྣམ་གཉིས།  དེའི་གཏོར་ཆོག་གི་དཔེ་དང་།  ཏིང་ཕོར་བདུན་ཚར།  མཆོད་རྐོང་གསུམ།  ཉིད་ཀྱིས་ཐུགས་འཛིན་གནང་བཞིན་པའི་འཇིགས་བྱེད་ལྷ་བཅུ་གསུམ་མའི་ཕྱག་དཔེ་བཅས་མ་གཏོགས་གཞན་ཐ་ན་ཉིད་ཀྱི་གསོལ་ཅན་ཙམ་ཡང་ལེན་ལོང་མ་བྱུང་བར་བྲོས་ནས་འདུ་ཁང་ཆེན་མོའི་སྟེང་གི་རྗེ་གསུང་འབྱོན་མའི་གཡས་ཀྱི་གྱན་གསུམ་པའི་ནང་དུ་བཞུགས།  ཞེས་གསུངས་ཡོད་དོ།།  དེ་ནས་ཉིན་བདུན་པར་འདུ་ཁང་རབ་གསལ་གྱི་རྗེ་གསུང་འབྱོན་མའི་མདུན་དུ་རྒྱ་ཡག་སྤྲུལ་སྐུ་ཚུལ་ཁྲིམས་བསྟན་པའི་ཉི་མ་དང་ལྷན་དུ་ཞག་ལྔ།  སྟག་མཚེར་སྤྲུལ་སྐུ་དང་ལྷན་དུ་ཉིན་གཅིག  བུམ་པར་སྤྲུལ་སྐུ་དང་།  སྨ་ར་སྤྲུལ་སྐུ།  ཡོངས་འཛིན་སྤྲུལ་སྐུ་བཅས་ལ་སྐབས་རེར་འཕྲད།  ཧོས་འཁྲུག་བྱུང་ནས་ཉིན་གསུམ་པར་ཆེ་ཤོས་སྤྲུལ་སྐུའི་ཡབ་དབང་རྒྱལ་དང་མི་འགའ་རེ་འཁྲུག་པའི་ཀློང་ནས་སྐུ་འབུམ་དུ་སླེབས།  ཆེ་ཤོས་གཉེར་བས་ཆེ་ཤོས་སྤྲུལ་སྐུ་ཕར་ཁྱུང་ཀྱྰར་ཁྱེར་གྲོགས་བགྱིས་ཞེས་བཤད་པས་མ་ཉན།  ཕུ་བོ་བསྟན་འཛིན་གྱི་ཁོ་བོས་ཁྱེར་ཆོག  སྤྲུལ་སྐུ་ཚང་འགན་མི་ཐེག་ཅེས་ཟེར།  དེ་ནས་ཉིན་གསུམ་པ་ན།  ཐུའུ་བཀྭན་སྒར་བའི་གཉེར་བ་ཨ་ཁུ་གསེར་ཁོག་རྒྱལ་མཚན་བཟང་བོ་ཞེས་པ་སྐུ་འབུམ་དགྲ་ལག་ཏུ་མ་ཤོར་གོང་།  ཆེ་ཤོས་གཉེར་བས་དོན་ཆེན་ཞིག་གི་ཆེད་སྟོང་སྐོར་དུ་བཏང་བ་ཉིན་དེའི་ཕྱི་དྲོར་འབྱོར།  ནུབ་ཆུ་མཉམ་དུ་བྱེད་སྐབས།  གཉེར་བས་ཨ་ཁུ་གསེར་ཁོག་ལ་ཁྱོད་སྤྲུལ་སྐུ་རང་ཡུལ་དུ་ཁྱེར་བའི་གྲོགས་དན་མཛད་གྲོགས་ཅིས་ཀྱང་བྱེད་དགོས་ཞེས་ནན་ཆེན་པོས་ལན་གསུམ་བར་བཤད་པས།  བསམ་བློ་ཞིབ་ཏུ་བཏང་ནས་ཡ་ཡ་ཁྱེད་ཀྱིས་ཁལ་རྟ་ཐང་བོ་ཞིག་དང་།  རྐེད་གྲི་ལེགས་པ་ཞིག་བྱིན་དང་ངེད་ཀྱིས་ཁྱེར་ཆོག  བླ་རྒན་ང་མ་ཤི་ན་ཁྱོད་ཀྱི་སྤྲུལ་སྐུ་འཚམས་པར་ཡོད་བླ་རྒན་ཤི་ན་ཁྱོད་ཀྱི་སྤྲུལ་སྐུ་དེ་ཀ་རེད་ཅེས་ཟེར།  དེར་བཞུགས་ཐམས་ཅད་ཀྱིས་བཀའ་དྲིན་ཆེ་ཞེས་ཟེར།  ཟླ་བ་ལྔ་བའི་ཚེས་གཉིས་ཀྱི་ནུབ་མོར་ཐམས་ཅད་མཁྱེན་པའི་མཆོད་འབུལ་སྐབས།  དགེ་རྒན་ཚང་གི་ཆེ་ཤོས་ཚང་ཁྲིད་ནས་འདུ་ཁང་ཆེན་མོའི་ཁྱམས་རྭའི་སྒོར་སླེབས་པ་ན་སྒོ་སྲུང་བ་རྣམས་ཀྱིས་སུ་ཡིན་ཟེར།  དགེ་རྒན་ཚང་གིས་སྤྲུལ་སྐུ་ཆབ་གསང་ལ་འགྲོ་རྒྱུ་རེད་ཅེས་བཤད་པས་སྒོ་ཕྱེ་སོང་།  དེ་ནས་ཨོར་ཏུ་སུ་སྒར་བར་ཕྱིན་པས་ཨ་ཁུ་གསེར་ཁོག་གྲབ་གཤོམ་བྱས་ནས་སྣང་།  ཆེ་ཤོས་ཚང་ཨ་ཁུ་གསེར་ཁོག་གི་རུམ་ལ་བཅུག་ནས་ཕྲུག་གཟན་ཞིག་གིས་ཕྱི་ནས་དམ་པོར་དཀྲིས།  བླ་རྒན་དྲེལ་ལ་བཞོན།  དཔུང་གྲོགས་འགའ་དང་དགེ་རྒན་ཚང་བཅས་ཀྱིས་ངག་ཐུན་བསྡམས་ནས་ཕྱིན།  ཧོས་དམག་གི་དམག་སྒར་དཀྱིལ་ནས་སོང་ནའང་ཐམས་ཅད་གཉིད་འཐུག་པོ་ཞིག་ལོག་སྣང་།  དེའི་ནུབ་གྲང་ངར་ཆེ་བས་སྐབས་ཤིག་ཆེ་ཤོས་སྤྲུལ་སྐུའི་རྐང་བ་ལྷམ་དང་བཅས་རུམ་ནས་ཕྱིར་ཕྱུང་སྟེ་བགྲོད་པས་ལྷམ་བོར།  རྐང་བ་ལྷགས་པས་འཕྱིད།  ནམ་ལངས་ཙམ་ན་སྒོ་མེ་ཚེ་འགུ་ཀླད་ལ་འབྱོར།  དེ་ནས་མེ་བཏང་སྟེ་ཐམས་ཅད་ངལ་བསོས་ནས་བསྡད།  སྐབས་དེར་ཁྱུང་ཀྱྰ་དང་།  སྐུ་འབུམ།  བྱ་ཁྱུང་སོགས་ཀྱི་གྲྭ་བ་ཉི་ཤུ་ལྷག་འདུག  ཐམས་ཅད་ཀྱིས་ད་རེས་འཆི་བདག་གི་ཁ་ནས་ཐར་ཚུལ་གྱི་གླེང་མོལ་བྱས།  དེ་ནས་མར་ཚེ་འགུ་མཁར་ཐོག་བརྒྱུད་ནས་འགྲོ་བའི་ཚེ་རྒྱ་ཚོང་བ་ཞིག་གིས་གོ་རེ་རླངས་ཚོས་གསར་བ་ཕྱི་རོལ་ཏུ་སྒྲིག་གིན་འདུག་པས།  རྒྱ་མོས་རླངས་ཚོས་གསུམ་ཆེ་ཤོས་སྤྲུལ་སྐུ་ལ་བྱིན།  རྐང་བར་ལྷམ་མེད་པ་མཐོང་ནས་ཁྱིམ་དུ་སོང་བར་འབོབ་ཞིག་དང་ལྷམ་ཆུང་ཞིག་བཟུང་ནས་ཆེ་ཤོས་ཚང་གི་རྗེས་བསྙེགས་ཡོང་སྟེ་བྱིན།  དེ་ནས་སྒོ་མེ་མཆོད་རྟེན་སྐེ་དགོན་པའི་ནོ་ཡོན་ཚང་གི་སྒར་བར་བསྡད།  ཚེས་ལྔ་ལ་ཆེ་ཤོས་སྤྲུས་སྐུའི་སྐྱེས་ཡུལ་ཁྱུང་ཀྱྰ་ཐོག་གི་ལ་ཁར་ཕྱིན།  ཕ་མ་གཉིས་དང་འཕྲད་པས་ཤི་གསོན་འཕྲད་པ་ལྟ་བུའི་དགའ་ཚོར་མྱོང་།  དེ་ནས་ཁྱུང་ཀྱྰ་བསམ་གཏན་གླིང་དང་།  ལྡེ་ཚ་དགོན་པ།  ལྡེ་ཚའི་ནང་སོའི་གཞིས་ཀ་སོགས་སུ་ཟླ་ངོ་དྲུག་ཙམ་ལ་བསྡད།  ལོ་དེའི་ཧོར་ཟླ་བཅུ་བའི་ལྔ་མཆོད་ཉིན་སྨད་སོག་གི་ཡུལ་ནས་དབོན་པོ་ཆོས་རྗེ་འཇམ་དབྱངས་ཆོས་འཕེལ་སྔ་ལོའི་དགུན་ཐོག་ཡར་འོང་ནས་ཨ་ལག་ཤའི་ས་མཚམས་ཐུན་ཁི་རུ་ཟླ་བ་འགའ་བསྡད་པས་ཡར་ཐར་ཚོད་མེད་པར་བརྟེན་ཁོ་རང་ཕྱིར་ལོག  གཉེར་བ་མཆོག་གྲུབ་ཉི་མ་མི་རྐྱང་རྟ་རྐྱང་བཅས་ནས་ཡར་བཏང་བ་བཅུ་བའི་ལྔ་མཆོད་ཉིན་འབྱོར་ཏེ་ཆོས་རྗེའི་མཚམས་ཞུ་དང་།  ཨ་བ་གྷ་ཝང་གི་མཚམས་ཞུ་ཞུས་ནས་སྨད་སོག་ཏུ་འོང་དགོས་བའི་གནས་ཚུལ་རྣམས་འབྱོར།  དགེ་རྒན་དང་གཉེར་བ་གཉིས་གྲོས་མཐུན་གྱིས་སྐུ་གཞོགས་ཐར་ཤུལ་རིན་པོ་ཆེ་ལ་ལུང་བསྟན་ཞུས་པས།  སེང་གདོང་མའི་གཏོར་བཟློག་བྱས་ནས་སྨད་སོག་ཏུ་སོང་ན་ཆོག་ཅེས་གསུངས།  རབ་བྱུང་བཅོ་ལྔ་བའི་ས་སྦྲུལ་སྤྱི་ལོ་༡༨༦༩ལོའི་ཧོར་ཟླ་ལྔ་བའི་ནང་སྐུ་འབུམ་ཤར་ཕྱོགས་ཀྱི་ཆི་ཀྱྰ་ཚོ་བའི་ལི་ཚང་མ་གྲོང་སྡེ་ཡིས་ཧོས་དམག་དང་ཟླ་ངོ་ཁ་ཤས་ལ་གཡུལ་འཐབ་བྱས་ཀྱང་།  སྐབས་དེར་མ་ཐུབ་པར་བྲོས་ནས་ཁྱུང་ཀྱྰ་བསམ་གཏན་གླིང་དུ་སླེབས་བྱུང་བས།  ཆེ་ཤོས་སྤྲུལ་སྐུ་ཚང་གིས་དེ་མཐོང་བ་ཙམ་གྱིས་དངངས་སྐྲག་ལྟ་བུ་བྱུང་ནས་ཟླ་བ་གཅིག་ཙམ་ལ་ནད་ཀྱིས་མནར།  ལོ་དེའི་ཧོར་ཟླ་དྲུག་པའི་ཟླ་སྨད་ཙམ་ལ་ཆེ་ཤོས་སྤྲུལ་སྐུ་སོགས་སྡེ་མི་མང་བོས་སྐྱེལ་མ་དང་བཅས་སྐུ་འབུམ་དུ་འོང་བའི་ལམ་ཁར་རྡོ་ཐུག་གོང་མ་ནས་ཧོས་དམག་སུམ་ཅུ་སྐོར་ཞིག་དང་གདོང་ཐུག་བྱུང་།  ཆེ་ཤོས་གཉེར་བའི་སྤུན་ཟླ་ཚེ་འབུམ་ཐར་སོགས་ཕན་ཚུན་ངོ་ཤེས་པས་རྟ་ལས་བབས་ཏེ་ཆེ་ཤོས་སྤྲུལ་སྐུ་ཚང་ལ་ཁ་བཏགས་འཐེན་ཅིང་ཀ་ར་གོ་རེ་བྱིན་ནས་ཁྱོད་ལ་བསུ་མར་འོང་བར་བཤད།  ཧོས་དམག་དང་མཉམ་དུ་སྒོ་མོ་མདོ་བར་ཕྱིན་ནས་ཁོང་ཚོ་ཀ་ཞར་ལ་འགྲོ་དགོས་ཞེས་བཤད་དེ་ཕྱིར་ལོག  སྐུ་འབུམ་གྱི་རྟ་བསུ་དམག་མི་དང་བཅས་པ་འབྱོར་ནས་དེ་དང་མཉམ་དུ་སྐུ་འབུམ་དགོན་པར་སླེབས།  དེ་ནས་ཉིན་ཁ་ཤས་ལ་གྲུབ་དབང་དཀའ་ཆེན་བྱང་ཆུབ་རིན་ཆེན་གྱི་མདུན་ནས་ལུང་ཆོས་འགའ་རེ་གསན་ཅིང་སྐྱབས་འཇུག་ཞུས།  ལོ་དེའི་ཧོ་ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན་དགེ་རྒན་དང་ཆེ་ཤོས་སྤྲུལ་སྐུ་བཅས་མི་དགུ་དང་རྟ་དྲེལ་དགུ་བཅས་སྨད་སོག་ཏུ་འགྲོ་བའི་ལམ་དུ་ཞུགས།  སྐུ་འབུམ་ནས་ཡང་ཀྱྰ་ཙི་གྲོང་སྡེ་དང་།  དེ་ནས་ཟི་ལིང་བྱང་སྒོའི་མདུན་གྱི་ཟམ་པ་བརྒྱུད་དེ་བྱང་རིའི་ལ་ཆེན་རྒྱབ་སྟེ་རི་རྩེར་འབྱོར།  ཡང་ཀྱྰ་ཙི་རུ་བསྡད་ཡོད་པའི་ཧོས་ཧོས་ཡི་མགོ་བ་འར་ལི་ཙེ་འམ་འེར་ཤིང་ལོ་ཡི་ཟེར་བས་ཟི་ལིང་བྱང་རིའི་རི་རྩེ་བར་དུ་སྐྱེལ་མ་བྱས།  ཁོང་ཚོའི་དཀའ་སྡུག་མཐོང་བས་འེར་ཤིང་ལོ་ཡིས་མིག་ཆུ་གཏོང་བཞིན་ཕྱིར་ལོག  དེ་ནས་བུན་ཡན་བརྒྱུད་དེ་ཆུ་བཟང་དགོན་པར་འབྱོར།ཆུ་བཟང་ཇོ་ཁང་གི་ཁྱམས་རར་ཞག་བཅོ་ལྔ་བསྡད།  དེ་ནས་འདན་མ་ཚུལ་ཁྲིམས་རྒྱ་མཚོའི་གདན་ས་ཀན་ཆེན་དགོན་པའི་འདབས་བརྒྱུད་ནས་འཇུ་ལག་ཆུ་བོའི་ཟམ་ཆེན་བརྒྱུད་དེ་དཔའ་རིས་མཆོད་རྟེན་ཐང་དུ་སླེབས།མཆོད་རྟེན་ཐང་གི་རྗེ་དྲུང་བླ་བྲང་དུ་གནས་ཚང་བྱས།  རྗེ་དྲུང་བླ་བྲང་གི་གཉེར་བ་བློ་བཟང་ཕུན་ཚོགས་ཟེར་བས་སྣེ་ལེན་བཟང་བོ་བྱས།  དེར་ཞག་བཅུ་བསྡད།  གཉེར་བ་བློ་བཟང་ཕུན་ཚོགས་ཀྱིས་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་གསོལ་དཀར་ཡིན་ཟེར་བ་ཞིག་ཆེ་ཤོས་སྤྲུལ་སྐུ་ཚང་ལ་ཕུལ།ཧོར་ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན།  གཉེར་བ་བློ་བཟང་ཕུན་ཚོགས་ཀྱིས་དམག་མི་ཉི་ཤུ་ལྷག་གི་སྐྱེལ་མ་དང་བཅས་ལམ་དུ་ཆས།འདུལ་བ་དགོན་དང་།  རབ་རྒྱས་དགོན།  ཡར་ལུང་སོགས་བརྒྱུད་དེ་འགྲོ་བའི་ཉིན་གཅིག་ཕྱི་དྲོ་ལ་ཆུང་ཞིག་གི་ཕར་རྒྱབ་ཏུ་ཧོས་ཧོས་ལྔ་བརྒྱ་ཙམ་ཡོད་པ་མཐོང་བས་ཕན་ཚུན་མགོ་མདའ་མཐོང་བ་ཙམ་གྱིས་ས་ནས་གབ།  དེ་ནས་མཚན་རྒྱག་ཤ་སྟག་བྱས་ཏེ་ཚ་ཁུག་ཡི་དང་།  གཤོང་ཤན་མཁར་སོགས་བརྒྱུད་ནས་བགྲོད་སྐབས་རྟ་ཡི་རྨིག་པ་ལྷན་པ་སོགས་ཀྱིས་བཏུམ་ནས་ཕྱིན།  དེ་ལྟར་སོང་ནས་བོད་སོག་གི་ས་མཚམས་ཟན་ཡེ་ཅིན་ལ་འབྱོར།དེ་ནས་རྩ་མེད་ཆུ་མེད་ཀྱི་མྱ་ངན་ཐང་ཆེན་པོར་ཉིན་བཅུ་གསུམ་བགྲོད་དེ་ཨ་ལག་ཤའི་ཡ་མུན་དུ་ནམ་ཕྱེད་མ་ཟིན་ཙམ་ལ་ཡ་མུན་དུ་འབྱོར་ནས་བཀའ་འགྱུར་བླ་བྲང་དུ་བསྡད།  དེ་ནས་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་དམར་གདུང་བཞུགས་པའི་ལྷ་ཁང་དུའང་སྡོད་གནས་བྱས།  བཀའ་འགྱུར་ཕྱག་མཛོད་དཔལ་འབྱོར་དང་གསོལ་དཔོན་ཤེས་རབ་དར་རྒྱས་གཉིས་ཀྱིས་གྱོན་ཆས་དང་ཉེར་མཁོའི་དངོས་རྫས་འདྲ་བྱིན།དེ་ནས་རིམ་གྱིས་ལམ་དུ་ཆས་ཏེ་ཨུ་རད་བྰ་ཡན་ཤྰན་ཏེའི་དགོན་པའི་མདུན་གྱི་བྱེ་ཁུག་ཞིག་ཏུ་ཞག་འདུག་བྱས།  ཕྱི་ཉིན་བྰ་ཡན་ཤན་ཏེའི་དགོན་པ་ཧོས་དམག་གིས་མེར་བསྲེགས་ནས་མེ་ལྕེ་དགུང་དུ་མཆེད་པ་དངོས་སུ་མཐོང་།  དེ་ནས་ཤད་སྩོལ་ཀྱིས་ཉིན་ཞག་འགའ་ཙམ་སོང་བ་ན་ཚ་གན་གྷོལ་ཞེས་པའི་ས་ཆར་འབྱོར།ལོ་དེའི་ཧོར་ཟླ་ལྔ་བར་སྔོན་འགྲོས་སུ་སོང་བའི་ཨ་ཁུ་གསེར་ཁོག་དང་།  ཡེ་ཤེས་རབ་བརྟན་སོགས་ཀྱིས་སྒར་རྒྱབ་ནས་སྔོན་བསུ་གྲྭ་སྒྲིག་བྱས་ཡོད་པའི་སྟེང་དུ་སླེབས།  སྨད་སོག་ཏུ་ཡོད་པའི་ཆེ་ཤོས་བླ་བྲང་ནོར་འཛིན་དགའ་ཚལ་དང་།  ཝང་གི་མི་སྣ་སོགས་ཀྱིས་མནྡལ་རྟེན་གསུམ་དང་།གཟིམ་གུར་གྱོན་པ།ཉལ་ཆས།ཞོན་རྟ་སོགས་མཁོ་རྒུའི་ཡོ་བྱད་དང་བཟའ་བཏུང་ཕུན་སུམ་ཚོགས་པ་འབུལ་སྦྱོར་བྱས།ཆེ་ཤོས་སྤྲུལ་སྐུ་འཁོར་དང་བཅས་པས་ཅི་འདོད་ལོངས་སུ་སྤྱད་དོ།།  ཁོང་ཚོ་སྐུ་འབུམ་ནས་སྨད་སོག་ཚ་གན་གྷོལ་ཞེས་པའི་བར་དུ་འཇིགས་སྣང་དང་དོགས་སོམ་གྱིས་ངང་ནས་ཕེབས་ཤིང་།  དེ་དུས་ཁོང་ཚོའི་ཁྲོད་དུ་ལམ་རྒྱུས་ཤེས་མཁན་མེད་པ་དང་།   ལམ་རྒྱགས་ཟད་ནས་དྲོ་ཆས་ཆད་པ།   ལུས་ཀྱི་གྱོན་པ་མ་གཏོགས་གཞན་ཅི་ཡང་མེད་པས་དཀའ་སྡུག་ཚད་མེད་མྱངས།   དེ་དུས་ཇག་རྐུན་ཁ་དར་བའི་སྒང་ཡིན་པས་འགྲོ་རོགས་དང་མཚོན་ཆ་སོགས་མེད་ཚེ་མི་གསོད་འཕྲོག་བཅོམ་བྱེད་རྒྱུ་ནི་རྒྱུན་ལྡན་ཡིན་པས།   ཁོང་ཚོས་ཀྱང་གཙོ་བོ་སྲོག་ཉེན་ལས་ཐར་ཆེད་ལམ་གྱི་དཀའ་ངལ་དང་།   ལྟོགས་སྐོམ་ཚ་གྲང་མཐའ་དག་ཁྱད་དུ་བསད་དེ་སྨད་སོག་ཡུལ་དུ་འགྲོ་དགོས་བྱུང་།    སྨད་སོག་ཏུ་ལོ་ཁ་ཤས་བཞུགས།   དེ་ནས་རི་བོ་རྩེ་ལྔ་དང་།  ཞིས་ནན།  ཟི་ཁྲོན་ཁྲིན་ཏུའུ།   དར་རྩེ་མདོ།   མི་ཉག   འབའ་ལི་ཐང་།   འབའ་ཆོས་སྡེ་སོགས་བརྒྱུད་དེ་དབུས་གཙང་དུ་འབྱོར།    ཆེ་ཤོས་སྤྲུལ་སྐུ་ཚང་སེར་སྨད་ཐོས་བསམ་ནོར་བུའི་གླིང་གི་ཆོས་སྒོར་ཞུགས།   གཙང་བཀྲ་ཤིས་ལྷུན་པོ་སོགས་ལ་གནས་མཇལ་དུ་ཕེབས།   རབ་ཚེས་ཤིང་ཁྱི་སྤྱི་ལོ་༡༨༧༤ལོར་དབུས་ལྷ་ལྡན་དུ་བཞུགས་སྐབས་སྐུ་འབུམ་མཁན་པོ་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དང་གཞུང་ཚོགས་འདུས་ནས་ཡི་གེ་བསྐུར་བྱུང་བ་ལ།   སྔར་འཁྲུག་ཟིང་གིས་བླ་གྲྭ་རྣམས་འཐོར་རྐྱེན་བྱུང་བས།   ད་ལྟ་ཡུལ་ཁམས་གོང་མ་རིན་པོ་ཆེའི་བདག་རྐྱེན་ལ་བརྟེན་ནས་དུས་བདེ་ཞོལ་འཇགས་སུ་ཡོད་པས།   ཕྱོགས་ཕེབས་སུ་ཕྱིན་པ་རྣམས་སླར་སྐུ་འབུམ་དུ་འོང་དགོས་ཚུལ་འཕྲིན་ཡིག་ནན་ཆེར་བྱུང་བ་ན།  དགེ་རྒན་དང་།  ཕྱག་མཛོད།   སྐུ་འབུམ་གྱི་གྲྭ་རིགས་རྣམས་རང་ཡུལ་དུ་འགྲོ་འདོད་ཤིན་ཏུ་ཆེ་བས།   ལྷ་བླ་མར་ལུང་ཞུ་ཞུས་ཏེ་རང་ཡུལ་ཕྱོགས་སུ་ཆས།  ལོ་དེའི་ཧོར་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་ཆེ་ཤོས་སྤྲུལ་སྐུ་འཁོར་དང་བཅས་པ་སྐུ་འབུམ་རང་སྒར་དུ་འབྱོར།   ཁོང་ཚོ་བྱེས་སུ་འཁྱམས་ནས་ལོ་ངོ་དྲུག་འགོར་ཞིང་ལོ་དེ་སྙེད་ཀྱི་རིང་ལ་དུས་འཁོར་འདུ་ཁང་བསྐྱར་བཞེངས་བྱེད་མ་ཐུབ་པར་གྱང་ཆག་ཞིག་རལ་ཏུ་གྱུར་པ་སྐྱ་ཉིལ་ལེར་བཞག   རབ་ཚེས་ས་འབྲུག་སྤྱི་ལོ་༡༨༦༨ལོར་ཧོས་དམག་གིས་དུས་འཁོར་འདུ་ཁང་མེ་མཆོད་བཏང་བ་ནས་བཟུང་།  གྲྭ་ཚང་ཚོགས་ས་མ་རྙེད་པར་གཞན་གྱི་ཁང་བ་གཡར་བོ་བྱས་ཏེ་ཆོས་ཐོག་སྒྲུབ་མཆོད་སོགས་དཀའ་དཀའ་ལྟར་འཚོགས།   རབ་ཚེས་ཤིང་ཕག་སྤྱི་ལོ་༡༨༧༥ལོར་ཨོར་ཏུ་སུ་ཨུ་ལན་ཞབས་དྲུང་ངག་དབང་མཁས་གྲུབ་ཉི་མ་དུས་འཁོར་དཔོན་སློབ་ཀྱི་ཁྲིར་བཞུགས་སྐབས།   ཆེ་ཤོས་སྒར་བའི་དོང་ཙེ་ཆོན་བརྒྱ་ལྷག་གིས་རྨང་གཞི་བྱས་ཏེ།   ཕྱོགས་ཀྱི་དད་ལྡན་སྤྱིན་བདག་ཆེ་ཕྲ་མང་བོའི་དཀར་ཐིགས་གསོག་པའི་དངུལ་སྲང་བརྒྱ་དང་བརྒྱད་ཅུ་ལྷག་དང་།   དོང་ཙེ་ཁྱོན་ཆིག་སྟོང་དགུ་བརྒྱ་ལྷག་གིས་འགྲོ་གྲོན་བཏང་སྟེ།   འདུ་ཁང་ཀ་རིང་མེད་པ་གྱན་གྲངས་ཉེར་ལྔ་ཅན་ཁྱམས་རྭ་དང་བཅས་པ་གསར་བསྐྲུན་དང་།   མཆོད་ཆ་མཆོད་རྫས།  གྲལ་གདན་སོགས་བསྒྲིགས་ནས་བླ་གྲྭ་རྣམས་དུས་འཁོར་འདུ་ཁང་དུ་རྒྱུན་འཚོགས་བྱས།    རབ་ཚེས་ས་བྱི་སྤྱི་ལོ་༡༨༨༨ལོར་བྲག་ལུང་ཞབས་དྲུང་དགེ་འདུན་བསྟན་པ་རྒྱ་མཚོ་དུས་འཁོར་དཔོན་སློབ་ཀྱི་ཁྲི་ལ་བཞུགས།    ལོ་དེར་ཆེ་ཤོས་སྤྲུལ་སྐུ་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེས་བཀོད་ཁྱབ་མཛད་དེ།   ཕྱོགས་ཀྱི་སྤྱིན་བདག་མང་བོའི་དངུལ་སྲང་ཉིས་བརྒྱ་ཉེ་བ་དང་།   དོང་ཙེ་ཆོན་སུམ་བརྒྱ་ལྷག    ཆེ་ཤོས་སྒར་བའི་དངུལ་སྲང་ཆིག་སྟོང་བརྒྱ་ལྷག་བཅས་ཁྱོན་བསྡོམས་དངུལ་སྲང་ཆིག་སྟོང་བཞི་བརྒྱ་ལྷག་གིས་རྒྱུ་རྐྱེན་སྦྱར་ཏེ།   འདུ་ཁང་གྱན་གྲངས་ཉེར་ལྔ་དབུས་འབུབ་སྟེང་ཤོད་སྒོ་འཕྱོར་དང་བཅས་པ་སླར་གསོས་དང་།   འདུ་ཁང་ཕྱི་ནང་གི་ཚོན་རྩི།    སྤེན་རྒྱན།   སྟེང་གི་ཀཉྫི་ར་བཅས་གསར་དུ་བཞེངས་ནས་རབ་གནས་རྒྱས་པར་མཛད།    གནམ་རྒྱན་དང་།    རྒྱལ་མཚན།  ཀ་འཕན།   མཆོད་རྫས་ཡོ་བྱད་སོགས་རིམ་བཞིན་གསར་བསྒྲིགས་གནང་ངོ་། །    དེ་དུས་དུས་འཁྲུག་བདེ་མ་ཁད་དུ་སོང་བའི་རྐྱེན་གྱིས་བཤད་སྒྲུབ་གླིང་གི་འཛིན་གྲྭ་བཅུ་གསུམ་གྱི་གོ་ས་སྟོང་བར་བཞག་པ་མང་ཞིང་།   ཚོགས་ཆོས་འགྲིམས་མཁན་དཀོན་ལ་ཐ་ན་ཞྭ་ཟླམ་གྲྭ་ཆས་ཀྱང་དཀོན་པས་ཆོས་འཆད་ཉན་གཟུགས་བརྙན་ཙམ་དུ་གྱུར་བའི་སྐབས་སུ་ཁེལ།  བླ་བྲང་བཀྲ་ཤིས་ཁང་གསར་ཧོས་འཁྲུག་གིས་ཞིག་རལ་གཏན་མེད་དུ་བཏང་ཡོད་པ་དེ།   རྗེས་སུ་ཕྱག་རྡོ་ཐང་གི་ཕེ་ཀྱྰ་ཞབས་དྲུང་ངག་དབང་བློ་བཟང་བསྟན་འཛིན་གྱིས་དངུལ་སྲང་སྟོང་ཕྲག་གཅིག་གི་རྒྱུ་དངོས་དང་།   དགོན་པ་གཞུང་དང་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་སོགས་ཀྱིས་རྒྱུ་དངོས་མང་དུ་ཕུད་ནས་གསར་བཞེངས་བྱས།   ཆེ་ཤོས་སྒར་བ་ཡང་ཧོས་དམག་གིས་མེར་བསྲེགས་བཏང་ནས་ཤུལ་དུ་ཁང་བ་ཞིག་རོ་དང་ཆག་གྲུམ་དུ་སོང་བའི་ཁང་མིག་འགའ་ལས་མ་ལྷག་པར།   ལོ་ངོ་བརྒྱད་དགུ་ཙམ་ལ་གྱང་ཆག་དང་རྩྭ་ལྡུམ་གྱི་ཁྲོད་དུ་ཆེས་ཉམས་དམས་སུ་གནས།   རྗེས་སུ་སྒར་བའི་རྟེན་དང་བརྟེན་པ་ཡོད་ཚད་གསར་བསྐྲུན་བྱས།   འདི་དུས་བླ་བྲང་བཀྲ་ཤིས་ཁང་གསར་གཙོས་སྒར་བ་གྲྭ་ཤག་མང་བོ་ཉམས་ཆག་ཞིག་རལ་ཏུ་གྱུར་ནས་ལོ་མང་འགོར་ཞིང་།   རྗེས་སུ་རིམ་གྱིས་ལོ་ཟླ་མང་བོར་རྟེན་དང་བརྟེན་པ་ཐམས་ཅད་གཞི་ནས་ཉམས་གསོ་བྱས་པའི་དཀའ་ཚེགས་དེ་སུས་ཀྱང་བརྗོད་ཐབས་བྲལ།   སྐུ་འབུམ་ཆེ་ཤོས་སྤྲུལ་སྐུ་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེའི་རང་རྣམ་སོགས་ལ་བརྟགས་ན་སྐུ་འབུམ་དགོན་པ་དང་དགོན་པའི་ཉེ་འཁོར་གྱི་དགོན་གྲོང་མང་བོ་ཧོས་འཁྲུག་གིས་བཅོམ་པའི་མགོ་རབ་བྱུང་བཅུ་བཞི་བའི་ཤིང་བྱི་སྤྱི་ལོ་༡༨༦༤ལོ་ནས་རབ་བྱུང་བཅོ་ལྔ་བའི་ཤིང་ཁྱི་སྤྱི་ལོ་༡༨༧༤ལོའི་བར་དུ་བྱུང་ཡོད་པ་དང་།   ལོ་གྲངས་བཅུ་གཅིག་གི་ཡུན་ལ་ཆེས་ཡ་ང་བའི་མི་བསད་འཕྲོག་བཅོམ་གྱི་སྤྱོད་ངན་མང་དུ་སྤེལ་བས་སྐུ་འབུམ་དགོན་པ་དང་།   དེའི་ཉེ་འཁོར་གྱི་དགོན་པ་རི་ཁྲོད་དང་།   ལྷ་སྡེ་མི་སྡེ་ཐམས་ཅད་ཉམས་ཉེས་སུ་བཏང་ཞིང་།   གྲོང་སྡེ་འགའ་མི་མེད་ཁྱིམ་སྟོང་དུ་གྱུར་པའི་ཤུལ་དུ་ཧོས་ཧོས་བསྡད་དེ་གཞི་ཆགས་བྱས་ཟེར།  ཤིང་བཟའི་རྣམ་ཐར་ན་ཆུ་ཁྱིའི་ལོ་མཇུག་སྤྱི་ལོ་༡༩༦༢ལོ་ནས་ཧོས་འཁྲུག་བསླངས་ཞེས་བཤད་ཡོད་པ་དེ་ནི། སྐབས་དེར་མདོ་སྨད་ཀྱི་ཡུལ་ལུང་སོ་སོའི་ཧོས་འཁྲུག་གི་ཁྱབ་རྒྱ་ཆེ་ཆུང་དང་།   དུས་སྔ་ཕྱི་མི་འདྲ་བའི་ཁྱད་པར་ཡོད་པ་ནི་གཙོ་ཆེར་ཡུལ་ལུང་མི་འདྲ་བ་དང་།   དྲག་གནོན་ཁྱབ་ཆེ་ཆུང་སོགས་ཀྱི་དབང་གིས་དུས་སྔ་ཕྱིའི་ཁྱད་པར་ཤོར་རམ་སྙམ།   ཧོས་འཁྲུག་སྐབས་ཤིང་བཟའ་ཚང་གི་ཕྱག་མཛོད་བློ་བཟང་བསྟན་འཕེལ་སྐུ་འབུམ་དུ་བཞུགས་དུས་ཁོང་གི་སེམས་ཀྱིས་མ་བཟོད་པར་ཟླ་བོ་ཁ་ཤས་ཁྲིད་ནས་དགོན་པའི་ཉེ་འདབས་སུ་ཧོས་དམག་གི་གདོང་ལེན་དུ་སོང་སྟེ།   ཧོས་དམག་འགར་མཚོན་འདེབས་པ་དང་།   མདུང་གིས་བསྣུན་ནས་ཕ་རོལ་བོ་རྣམས་སྤ་སྐོང་བར་བྱས།   རྒྱུ་མཚན་དེའི་དབང་གིས་ཤིང་བཟའ་ཕྱག་མཛོད་སྐུ་དྲིན་ཆེ་ཚུལ་ཡུན་རིང་གླེང་།   དེ་ནས་ཤིང་བཟའ་ཚང་སྐུ་འཁོར་དང་བཅས་པ་སྐུ་འབུམ་ནས་ར་རྒྱར་ཕེབས།   ཤིང་བཟའ་ཚང་གིས་རྭ་རྒྱ་དགོན་པའི་ཆེ་བགྲེས་རྣམས་ལ།   ཕྱག་མཛོད་སོགས་ཞབས་ཕྱི་འགའ་དམག་ལ་ཞུགས་དགོས་བྱུང་བ་དེར།   ཁྱེད་རྣམས་གྲོས་མཐུན་གྱིས་སྒྲིག་ལམ་དང་བསྟུན་ཆོག་པ་ཞིག་བྱ་དགོས་གསུང་བ་བཞིན།   ཚོགས་འདུ་རྒྱས་པའི་སྟེང་དེ་དོན་ཇི་ལྟར་བྱེད་རྒྱུའི་གྲོས་བསྡུར་བར།   མཁས་པའི་དབང་ཕྱུག་གྲུབ་ཆེན་བརྩི་བཞག་བློ་བཟང་བསྟན་པའི་རྒྱལ་མཚན་ཚང་གིས།   དེ་ལ་གྲོས་ཅི་བྱེད།   དགེ་བཤེས་ཆེན་མོའི་བཅའ་ཡིག་ཏུ།   རྩ་བཞི་ཆང་དང་བཅས་པའི་དོགས་གཞི་བྱུང་ཕྱིན་གནས་དབྱུང་ལས་འོས་མེད་ཅེས་གསུངས་ནས།   ཚང་མ་ཞལ་འཆམ་ངོས་རྭ་རྒྱ་དགོན་པའི་ཚོགས་སུ་མི་ཚུད་པ་བྱས་སོ།  ། ཞེས་གསུངས་ཡོད་པ་དེར་བརྟགས་ན་ཆོས་སྲིད་འདྲེས་མའི་ལམ་ལུགས་འདི་དག་གིས་གནའ་དེང་གཉིས་ཀར་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ལུས་སྲོག་གཏོང་མཁན་བོད་མི་མང་བོ་ཞིག་ཨར་ལ་གཏད་པ་དེ་ནི་དགྲ་དགའ་གཉེན་སྡུག་གི་ལས་ཞིག་ལས་མ་འདས་སོ། །   ད་ལྟ་ཡང་སྐུ་འབུམ་དགོན་པའི་བླ་གྲྭ་རྒན་པ་ཁ་ཤས་ཀྱིས་བཤད་ཚུལ་ལ་སྐབས་འདིའི་ཧོས་འཁྲུག་ལོ་བཅུ་གཉིས་རིང་ལ་འཁྲུག་པར་གླེང་ཞིང་།  དེ་དུས་སྒོ་མེ་ཧོར་རྒྱ་ཤོག་དང་མཚོ་སྔོན་ཨ་ཚོགས་ཤོག་ནས་མི་མང་བོ་སྐུ་འབུམ་དུ་དམག་རོགས་ལ་འོང་བར་གྲགས།

སྐབས་འདིའི་ཧོས་འཁྲུག་གི་སྣ་འདྲེན་གཙོ་བོའི་གྲས་འབག་ཆེན་ཨ་དཔོན་ཟེར་བ་བདུད་ངོ་མ་ཞིག་ཡིན་ཚུལ་ཀུན་མཁྱེན་སྐུ་ཕྲེང་བཞི་བ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་གི་རང་རྣམ་ལས་གསུངས། མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གིས་འབག་ཆེན་ཨ་དཔོན་ཟེར་བ་ཏ་ཧོ་གྱའི་མི་ཡིན་པར་གསུངས། བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོའི་རྣམ་ཐར་ཐར་འདོད་མཚོ་ལས་སྒྲོལ་བའི་གྲུ་གཟིངས་ལས།   རབ་བྱུང་བཅུ་བཞི་བའི་ལྕགས་སྤྲེལ་སྤྱི་ལོ་༡༨༦༠ལོ་ནས་ལོ་བཅུ་གཉིས་ཙམ་གྱི་རིང་ལ་ཟ་ལར་དང་ཧོས་ཧོས་ཀྱི་འཁྲུག་ཟིང་ཆེན་པོ་བྱུང་ཚུལ་གསུངས།   ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོའི་རྣམ་ཐར་ལས།   སྔ་མོ་ནས་སྡིག་ཅན་ཀླ་ཀློའི་དམག་གིས་བྱང་ཕྱོགས་དགོན་སྡེ་ཆེ་ཕྲ་ཕལ་ཆེར་གཏན་བརླགས་བྱས་ཤིང་།    འདི་སྐབས་གདན་ས་ཆེན་པོ་སྐུ་འབུམ་དུ་དམག་ཕོག་པའི་གནས་ཚུལ་གསན་པས་ཐུགས་ངལ་ཚད་མེད་པ་དང་བཅས་དམ་ཅན་སྲུང་མའི་ཚོགས་ལ་བསྟན་པ་སྐྱོང་བའི་འཕྲིན་བཅོལ་རྒྱུན་པར་མཛད།   ཅེས་དང་།   འདི་དུས་སྡིག་ཅན་ཧོས་དམག་གིས་བྱང་རྒྱུད་ཆོས་སྡེ་ཕལ་ཆེར་བརླགས་ཟིན་ནས་སྨད་སོག་གི་ཧོ་ཤུས་མང་བོ་དྲན་ལམ་དུ་གཏོང་བཞིན་པའི་སྐབས་ཡིན་གཤིས།   ཞེས་དང་།   མི་རིང་བར་སྡིག་ཅན་མོ་ནི་ཀོའུ་ཨ་དཔོན་ཟེར་བས་བླ་བྲང་སོགས་ལྷོ་རྒྱུད་ཀྱི་དགོན་ཁག་རྣམས་ལྷག་མེད་བྱེད་རྩིས་ཀྱིས་ཧོར་གཙང་དུ་དམག་དྲངས་ཀྱང་།   གོང་མའི་དཔུང་ཆེན་སླེབས་པ་དང་དུས་འཛོམས་པས་རེ་བ་འབྲས་མེད་དུ་གྱུར་པ་དང་།  ཞེས་གསུངས་པ་དང་།   སྐུ་འབུམ་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་རང་རྣམ་རྨོངས་རྟུལ་བྱིས་པ་གྱི་ན་བའི་ཀུན་སྤྱོད་དྲང་བོར་བརྗོད་པ་ཞེས་པ་ལས།  རང་ལོ་བཅུ་དགུ་བ་རབ་ཡིད་ཆུ་ཕག་སྤྱི་ལོ་༡༨༦༣ལོའི་ཧོར་ཟླ་ལྔ་བའི་ཚེས་བརྒྱད་ཉིན་ནས་ཧོས་ཧོས་ཀྱི་དུས་འཁྲུག་བསླངས་ཤིང་།   སྐུ་འབུམ་དགོན་པའི་གྲྭ་བ་དང་ཉེ་འཁོར་གྱི་གྲོང་སྡེ་ཐམས་ཅད་དམག་ལས་ལ་ཞུགས།  སྟོད་སྨད་བར་གསུམ་གྱི་འགྲུལ་ལམ་ཆད་པ་སོགས་གང་ཅིའི་ཐད་ལ་དཀའ་ཁག་བྱུང་།   དེ་དུས་ཨ་ཀྱྰ་ཚང་གིས་སྐུ་འབུམ་དགོན་པ་དང་མཆོད་གཞིས་སྟོད་སྨད་བར་གསུམ་ན་འཁོད་པའི་དགོན་སྒྲུབ་སྡེ་དང་གྲོང་སྡེ་ཐམས་ཅད་སྲུང་སྐྱོབ་ཆེད་དམག་སྲིད་བསྐྱངས་ཏེ་ཐུགས་ཁུར་དོ་དམ་མཛད།     ཞེས་གསུངས་པ་དང་།   སྐུ་འབུམ་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན་ལས།   ༼གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ཚང༽རང་ལོ་ཉེར་བདུན་པ་རབ་ཚེས་ལྕགས་ལུག་སྤྱི་ལོ་༡༨༧༠ལོའི་ཧོར་ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན་གདན་སའི་ཁྲི་ལ་བསྡད་ཁུལ་བྱས་ཏེ་བསྙེན་བཀུར་གསོལ་སྟོན་གང་རྒྱས་ཞུས།   ཆོས་སྡེར་ཉམས་ཆག་བྱུང་བ་ནས་ཆོས་ཐོག་སོ་སོའི་ཚོགས་འདོན་གྱི་རིམ་པ་དང་དབྱངས་རྟ་འདུར་གསུམ་སོགས་ལྕང་ར་དབུ་མཛད་བྱམས་པ་སྟོབས་ལྡན་གྱི་དྲིན་ལས་མ་ཆད་ཙམ་མ་གཏོགས་ཕྱག་སྲོལ་དང་འགྲིག་ལམ་ཐམས་ཅད་ཆད་ཅིང་།  འདུ་ཁང་ཆེན་མོའི་སྒོ་འཕྱོར་གཡས་གཡོན་གྱི་གློ་སྒོ་གཉིས་ཕྱེ་བ་ལས།  ཁྱམས་རའི་གཞུང་སྒོ་ཆེན་པོ་གཡས་གཡོན་གྱི་སྒོ་དང་བཅས་པ་ལ་འཐབ་ར་བརྩིགས་ཏེ་བཅད་པ་སོགས་ཤིན་ཏུ་ཉམས་དམས་པར་སོང་བ་ལ་བྱ་ཐབས་ཟད།   ཞེས་དང་།   ད་དུང་ལོ་དེའི་ཧོར་ཟླ་ལྔ་བའི་ནང་མདོ་བ་སོགས་ཀྱི་ཧོས་ཧོས་མང་བོས་གཡེར་མོ་ཐང་དུ་དམག་སྒར་བཏབ་སྟེ་བར་བཤད་ཀྱིས་འགྲིག་ཆ་བྱེད་སྐད་ལ།   གུང་བཀྭན་ན་ཡོད་པའི་མགོ་དཔོན་ཚོས་ཁས་མ་བླངས་པར་བརྟེན།   གཡེར་མོ་ཐང་གི་གྲོང་སྡེ་མང་བོ་བཅོམ།  ཟླ་དྲུག་པའི་ཚེས་གཉིས་ལ་བན་གསར་གྲོང་སྡེ་བླངས་ནས་རུ་གསར་གྲོང་སྡེ་དང་སྐུ་འབུམ་དགོན་པར་རྒྱུགས་གྲབས་བྱེད་སྐབས།   དགོན་པའི་བརྒྱ་དཔོན་དང་བཅུ་དཔོན་གྱིས་གཙོ་བྱས་གྲྭ་བ་བགྲེས་གཞོན་ཚང་མའི་འདོད་མོས་བཞིན།   ཧོས་ཧོས་དང་བར་བཤད་ཀྱི་འགྲིག་སྣ་དང་དུ་བླངས་པའི་དྲིན་ལས།   ལྕགས་སྤྲེལ་ལོར་གོང་མའི་དམག་ངོ་ལོག་པ་སྔར་ཧུ་ཏྰ་རིན་དང་ཕྱིས་སུ་ཧུ་ཙེར་གྲགས་པ་དམག་སྟོང་ཕྲག་བརྒྱད་བརྒལ་བ་ཡོང་སྐབས།   དགོན་པ་འདི་ལ་གནོད་འཚེའི་སྦྱོར་བ་ལན་བཞི་ལྔ་ཙམ་བརྩམས་ཀྱང་།  མདོ་བའི་ཧོས་ཧོས་ཡེ་ཙུན་ཡེ་ཟེར་བས་ཕུགས་འདང་གིས་རེ་ཞིག་ཕན་ཐོགས།   ཞེས་གསུངས་སོ།།   རབ་ཚེས་ཆུ་སྤྲེལ་སྤྱི་ལོ་༡༨༧༡ལོའི་ཧོར་ཟླ་བཅུ་བའི་ཚེས་བཅུ་དགུའི་ཉིན།   བཀས་མངགས་པའི་ཐུང་ལིང་ཙུང་ཐུང་ལུ་ཏྰ་རིན་གྱིས་གཙོས་དམག་ཆེན་ཁྲི་ཕྲག་བརྒལ་བ་ཞོ་ཤ་ཞེས་པའི་འཕྲང་འགག་ཕྱེ་སྟེ་ཟི་ལིང་དུ་འབྱོར་བ་དང་ལྷན་ཅིག  མི་བསྲུན་ཧོས་ཧོས་མགོ་དཔོན་བྱིངས་དང་བཅས་པ་མཚོན་གྱིས་བསད་པ་དང་།   གསོན་བཟུང་གིས་ཁྲིམས་ལ་སྦྱར་བ།  བྲོས་འདོད་ཀྱིས་མྱ་ངན་ཐང་དུ་ཤི་བ།   འཇིགས་སྐྲག་གིས་འཕྱི་ཁུང་དང་ས་དོང་ཚུན་ཆད་དུ་འཛུལ་བ་སོགས་རང་ཚོད་མ་ཟིན་པའི་ཧོས་དམག་རྣམས་ཀྱང་ཉམ་ཆུང་སྤྲང་བོའི་གྲལ་དུ་ཡང་ཆུད་མི་ཆུད་བྱས་ནས་ཀུན་གྱི་དམན་སར་གནས་རྒྱུ་བྱུང་ངོ་། །    ཞེས་གསུངས་སོ། །  ཤིང་བཟའ་ཚང་གི་རྣམ་ཐར་ལས།   འདི་དུས་རྒྱ་ནག་ནས་ལོའུ་ཏྰ་རིན་སོགས་དཔོན་ཆེན་འགའ་ཞིག་དམག་དཔུང་གཏོས་ཆེ་བ་བཅས་འབྱོར་ཏེ་ཟི་ལིང་ཞོ་ཤར་ཡོད་པའི་ཧོས་ཧོས་ཀྱི་དམག་སྒར་གཏོར་བས་འཕྲལ་སྣང་ཧོས་ཧོས་རྣམས་མངའ་ཞབས་སུ་བསྡུས་པའི་ལུགས་ཡིན་ཡང་།  གནས་ཚོད་གོང་མའི་བློན་ཆེན་གནམ་གྱི་ཀ་བར་གྲགས་པ་རྣམས་རང་འདོད་ཕྲན་བུའི་ཆེད་རྒྱལ་སྲིད་འཇིག་པ་ལ་ཅི་མི་སྙམ་པར་སོང་གཤིས་མོ་ནི་ཀོའུ་ཨ་དཔོན་སོགས་ཉེས་ཅན་རྣམས་ལ་ཆད་ལས་སྤུ་ཙམ་མེད་པར་བདག་རྐྱེན་ཐལ་དྲག་པ་ལྟ་བུའི་རང་མཚང་སྨྲ་བསམ་གྱི་ཡུལ་ལས་འདས་སོ།།    ཞེས་གསུངས་སོ། ། དེ་ལྟར་ལོ་མང་རིང་ཧོས་འཁྲུག་ཡང་ཡང་བསླངས་པའི་རྐྱེན་གྱིས་ཡུལ་ལུང་སོ་སོར་ཤོར་མ་གྲོག་ཚང་རྡོལ་བ་ལྟ་བུ་བྱུང་བ་དང་།   ཤོར་མ་ཕལ་ཆེར་ཉམ་ཆུང་བཀྲེན་ཕོངས་དང་མི་བཟད་སྡུག་བསྔལ་རྒྱ་མཚོའི་ཀློང་དུ་ལྷུང་།  དེར་མ་ཟད་དེ་དུས་དབུས་གཙང་ནས་ཡོང་མཁན་དང་། མདོ་སྨད་ལྷོ་ནས་བྱང་དུ་འགྲོ་མཁན།   ཨ་ལག་ཤའི་ས་མཚམས་ནས་ཚུར་ཡོང་མཁན་ཚོའི་འགྲོ་ལམ་བཀག་ཡོད་པས།   ཕན་ཚུན་གྱི་བདེ་སྡུག་དང་ཤི་གསོན་གྱི་སྐད་འཕྲིན་ཙམ་ཡང་མ་གོ་བས་ལོ་མང་འགོར།   ཧོས་འཁྲུག་འདིའི་སྐབས་སུ་སྐུ་འབུམ་དགོན་པའི་མཐའ་སྐོར་གྱི་རི་སྒང་འགར་འཐབ་ར་བརྩིགས་པ་དང་།   ས་ལ་འོབས་བཤགས་ནས་དགྲ་འགོག་གི་བྱ་ཐབས་མང་དུ་བསྒྲུབས།   དེར་མ་ཟད་བན་གསར་གྲོང་སྡེ་སོགས་ཀྱིས་ཀྱང་རང་སྡེ་སྲུང་སྐྱོབ་ཆེད་སྡེ་མཐར་མཁར་གྱང་བརྡུང་སྟེ་འགོག་སྲུང་མང་དུ་བྱས།   རབ་ཚེས་ལྕགས་ལུག་སྤྱི་ལོ་༡༨༧༠ལོར་ཧོས་དམག་གིས་གཡེར་མོ་ཐང་གི་གྲོང་སྡེ་མང་བོ་བཅོམ་ཞིང་བན་གསར་གྲོང་སྡེ་ཡང་དགྲ་ལག་ཏུ་ཤོར་ནས་གཏོར་བཅོམ་བྱས་པ་སོགས་ཉེས་པ་ནམ་མཁར་མི་ཤོང་བ་བཟོས།   སྐབས་འདིའི་ཧོས་འཁྲུག་འབྱུང་རྐྱེན་གཙོ་བོ་ནི།   སྐུ་འབུམ་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན་ལས།   ཟ་ལར་ཕྱོགས་ནས་འཁྲུག་པའི་མགོ་བརྩམས།   རིམ་གྱིས་སྟོང་སྐོར་ཕྱོགས་སུ་ཧོས་ཧོས་ཀྱིས་ཆོས་རྩོད་བྱེད་པར་བསྙད་བཏགས་ནས་འུར་ཟིང་ཆེ་རབ་ཀྱིས།   ཧོར་ཟླ་ལྔ་བའི་ཚེས་བརྒྱད་ནས་དུས་འཁྲུག་ཆེན་པོ་བསླངས་ཏེ།   མི་བཟང་མཚོན་གྱིས་འཇིགས་པས་རང་སྡེ་རྒྱ་བོད་ཧོར་གསུམ་དང་།   གཞན་སྡེ་ཧོས་ཧོས་བཅས་ཀན་སུའུ་ཞིང་ཆེན་ཕལ་ཆེར་མནར་ཞིང་འཁྲུགས།  ཞེས་གསུངས་པ་དང་།   ཤིང་བཟའ་སྤྲུལ་སྐུ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་ཀྱི་རྣམ་ཐར་ལས། རབ་ཡིད་ཆུ་ཁྱི་སྤྱི་ལོ་༡༨༦༢ལོའི་ལོ་མཇུག་ཡས་མས་སུ་ཧོས་ཧོས་ཆོས་གསར་རྙིང་གི་འཁྲུག་གཞིའི་མགོ་བརྩམ་འདུག་པར།   ཧོས་ཧོས་ཆོས་གསར་རྙིང་གི་འཁྲུག་པའི་གྲས་སུ་སྐུ་འབུམ་གྱི་གྲྭ་བ་ཐེ་གཏོགས་མེད་ན་བཟང་ཚུལ་དང་། ཧོས་ཧོས་ཀྱི་ཨ་དཔོན་རྣམས་ངན་གཡོ་ལ་གོམས་དྲག་པས་ཆོས་གསར་རྙིང་གི་ལ་རྒྱར་བསྙད་ནས་འཁྲུག་པ་སློང་ཐབས་བྱས་པ་མ་གཏོགས།   དོན་དུ་སྦྲ་ནག་གི་དཔེ་སྲོལ་བཞིན་རྒྱུ་ནོར་འཚོལ་ཕྱིར་ཇག་བྱེད་འདོད་ཁོ་ནའི་དབང་གིས་ཡིན་པ་རྗེས་སོར་ལོ་གཅིག་གཉིས་ནས་ཆོས་གསར་རྙིང་གི་རྩོད་པའི་མིང་ཙམ་ཡང་མེད་པར་ཧོས་ཧོས་ཐམས་ཅད་མཐུ་ནུས་གཅིག་དྲིལ་གྱིས་ནོར་ཆེ་ལ་ཉམ་ཆུང་བའི་དགོན་གྲོང་ཐམས་ཅད་ལྷག་མེད་དུ་བཅོམ་པས་ཤེས་སོ།།    ཞེས་གསུངས་པ་ལྟར་རོ།།   མདོར་ན་སྐབས་དེའི་མན་ཆིང་སྲིད་གཞུང་ནི་རླུང་ནང་གི་མར་མེ་ལྟ་བུར་གྱུར་ཡོད་པ་དང་གཅིག   ཨ་མདོའི་བོད་མི་རྣམས་མགོན་མེད་ཉམ་ཆུང་གི་གནས་སུ་ལྷུང་ཡོད་པ་དང་གཉིས།   ཧོས་ཧོས་ཨ་དཔོན་རྣམས་གཡོ་འཕྲུལ་དང་གྱ་གྱུའི་སྦྱོར་བར་མཁས་ཤིང་ཁ་རྒྱལ་མགོ་རྒྱལ་དུ་སོང་བའི་ཧོས་ཧོས་མང་བོས་རྒྱ་བོད་ཧོར་གསུམ་ལ་བརྙས་བཅོས་དང་།   དེ་དག་ཆམ་ལ་ཕམ་འདོད་ཀྱི་ངན་སེམས་དྲག་པོའི་སྦྱོར་བ་ལག་ཏུ་ལེན་འདོད་བཅས་རྒྱུ་མཚན་དུ་མའི་སྒོ་ནས།   ཐོག་མར་ཁོ་ཚོས་ཆོས་གསར་རྙིང་གི་དོན་ལ་ཁ་གཡར་ནས་ནང་མི་མཐུན་པའི་སྦྱོར་བ་བརྩམ་ཁུལ་བྱས།   རྗེས་སུ་ཧོས་ཧོས་རྣམས་འདུན་པ་ཆིག་སྒྲིལ་གྱིས་རྒྱ་བོད་ཀྱི་གྲོང་སྡེ་མང་བོ་གཏོར་བཅོམ་དང་།   ཁྱད་པར་དུ་སྐུ་འབུམ་དགོན་པ་གཙོ་བྱས་མདོ་སྨད་ལྷོ་བྱང་གི་དགོན་སྡེ་ཆེ་ཆུང་མང་བོའི་ལྷ་ཁང་འདུ་ཁང་མེར་བསྲེགས་དང་།  རྩ་ཆེ་རྒྱུ་ནོར་མང་བོ་འཕྲོག་བཅོམ་དང་གཏོར་བརླགས་བྱས་ཏེ་ཡོད་ཚད་ཆག་གྲུམ་དང་ཐལ་བའི་ཕུང་བོར་བཏངས་སོ།།

བཞི་བ།  རབ་ཚེས་ཤིང་ལུག་སྤྱི་ལོ་ ༡༨༩༥ ལོར་ཧོས་འཁྲུག་ཡང་བསྐྱར་ལངས་པ། 

རབ་བྱུང་བཅོ་ལྔ་བའི་ཤིང་རྟ་སྤྱི་ལོ་༡༨༩༤ལོར་སྔོན་ལོའུ་ཏྰ་ཞིན་སོགས་ཀྱིས་རྒྱལ་ཁྲིམས་གསེར་དང་བུད་མེད་སོགས་ལ་བརྗེ་ཚོང་བྱས་པའི་ལག་རྗེས་སུ་ཧོས་ཧོས་རྣམས་འཁྲུག་འདོད་ཆེ་བའི་སྟེང་།    མདོ་སྨད་གྱི་རྒྱ་མཁར་སོ་སོ་ན་ཡོད་པའི་དམག་མི་རྣམས་སྨད་ཕྱོགས་ཀྱི་ཡང་ལིའི་འཁྲུག་ཐོག་ཏུ་སོང་ཞིང་།    ཡ་རྫི་མཁར་མོ་ཆེ་རུ་ཐེ་ཡེ་གོ་ཆོད་ཤེས་རྒྱ་ཅན་ཞིག་ཡོད་པ་ཤི་བའི་རྐྱེན་གྱིས་དགུན་དུས་ཟ་ལར་ས་ཆར་ཆོས་གསར་རྙིང་ལ་བཤད་པའི་འཁྲུག་གཞི་བསླངས་ཤིང་ལོ་གསར་རྙིང་གི་མཚམས་སུ་ལབ་གླེང་ཤིན་ཏུ་མང་བ་བྱུང་།    དེ་དུས་སྟོང་སྐོར་ཕྱོགས་ཀྱི་ཧོས་ཧོས་ཚོས་ཆོས་གསར་རྙིང་ལ་བསྙད་བཏགས་ནས་འུར་ཟིང་ཆེར་བྱུང་།     རབ་ཚེས་ཤིང་ལུག་སྤྱི་ལོ་༡༨༩༥ལོའི་དཔྱིད་ཀར་ཟ་ལར་ཕྱོགས་ནས་འཁྲུག་གཞི་བསླངས་ཤིང་ལོ་དེའི་ཧོར་ཟླ་ལྔ་བའི་ཚེས་བརྒྱད་ནས་དུས་འཁྲུག་རྒྱ་ཆེན་པོ་བསླངས་ཏེ།    ཡ་རྫི་མཁར་མོ་ཆེ་དང་།    བྰ་ཡན་ཁ་སྒང་།    བྱ་ཁྱུང་དགོན་པའི་ཉེ་འཁོར་སོགས་སུ་ཡང་བསྐྱར་ཧོས་འཁྲུག་ཚབས་ཆེན་ལངས་པས་བྱ་ཁྱུང་དགོན་པའི་དགོན་ལག་དང་རི་ཁྲོད་འགའ་གཏོར་བཅོམ་དང་མེ་བསྲེགས་བཏང་།  འདི་དུས་བྲག་བྱ་ཁྱུང་དགོན་པའི་གྲྭ་གཞོན་སུམ་བརྒྱ་མ་ལོངས་ཙམ་དམག་ལས་ལ་ཞུགས་པ་དང་།  བྰ་ཡན་ཁ་སྒང་དགོན་དང་། ཀ་སྐྱ་དགོན།  ཁ་མ་བུ་རྒྱུད་དགོན།   ཀ་མདོ་གདོང་དམར་སྣ།   བྰ་ཡན་སྟོད་ཐ་སྨད་ཐའི་དགོན་གཉིས། སྟག་དགོན་པ།   ཆགས་ཆུ་དགོན་པ་སོགས་ཧོས་འཁྲུག་གིས་དྲན་ལམ་དུ་བཏང་། གྲོང་མི་མང་བོ་ཞིག་འཇིག་རྟེན་ཕྱི་མའི་ཡུལ་དུ་ལྟད་མོར་ཁྲིད།    སྐབས་དེར་ཟི་ལིང་གི་དམག་དཔོན་ཏུན་ཏྲིན་ཐེ་ཟེར་བའི་དཔའ་རྒོད་འདིས་དམག་གི་དཔུང་འཇུག་བྱས་ཏེ་ཧོས་ཧོས་ལྷ་ཁང་ལྰི་པེ་སི་ཀ་མར་གྲགས་པ་མེར་བསྲེགས་ཤིང་།    ཧོས་དམག་མང་བོ་བསད་པས་ཧོས་དམག་ཐམས་ཅད་དཔའ་ཞུམ་སྟེ་བདེ་འཇགས་ཀྱི་དུས་བཟང་ཞིག་ཤར་ལ་ཉེ་བ་ན།    སྐུ་འབུམ་རུ་གསར་གྲོང་སྡེ་དང་།    བན་སར་གྲོང་སྡེ།    ཁང་ཆེན།   ཟི་ན་ལྷ་ཁང་གོང་འོག་སོགས་སུ་རྒྱ་བོད་སོ་སོས་རང་ཉིད་ལ་ཕུགས་ཀྱི་སྟོབས་ཡོད་མེད་མ་བསམ་པར་གྲོས་ལ་འཚོགས་པ་དང་།  དགྲ་འགོག་གི་ལག་ཆ་བསྒྲིགས་པ་སོགས་འཁྲུག་པའི་སྟ་གོན་ཡང་ཡང་བྱས་པའི་རྐྱེན་ཀྱིས།    ཧོར་ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་མདོ་བ་ནས་ཧོས་ཧོས་འཁྲུག་སྟེ་ཟི་ན་ལྷ་ཁང་འོག་མ་དང་།    ཟི་ན་བསམ་འགྲུབ་གླིང་།   ཀོ་པུ་ཙི།    ཞིན་ཐེན་པུ་ལ་སོགས་པའི་གྲོང་སྡེ་མང་བོ་རྨེག་མེད་དུ་བཅོམ།   སྐབས་དེ་དུས་མཚན་སྒྲོགས་སྤྲུལ་སྐུ་དགེ་འདུན་བསྟན་པའི་ཉི་མ་དང་།    གསེར་ཏོག་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་སོགས་ཀྱིས་སྐུ་འབུམ་དགོན་པ་དང་།    དགོན་པའི་ཉེ་འཁོར་གྱི་དགོན་གྲོང་མང་བོ་སྲུང་སྐྱོབ་ཆེད་དགོན་གཞུང་ཚོགས་འདུས་ཀྱི་བཀའ་དང་དགོས་དབང་གིས་དམག་གི་སྒྲིག་གཞི་དང་མཚོན་ཆའི་བཟང་ངན་ཕྱོགས་ལ་མགོ་འདྲེན་དང་བཀོད་ཁྱབ་གནང་དགོས་བྱུང་།   ལོ་དེའི་ཧོར་ཟླ་བཅུ་གཉིས་པའི་ཚེས་གསུམ་ལ་ཟི་ལིང་གི་དམག་དཔོན་ཏུན་ཏྲིན་ཐེ་དང་།    དམག་དཔོན་ཧོའ་ཏྰ་རིན་གྱིས་གཙོས་སྔར་རྒྱ་ནག་གི་དམག་ཐོག་ཏུ་སོང་བའི་དམག་གི་དཔུང་ཆེན་ཕྱིར་སླེབས་པས་ཟ་ལར་དང་།   ཟི་ལིང་ཕྱོགས་ཀྱི་ཧོས་ཧོས་རྣམས་ལ་ཆད་ལས་ཚད་མེད་ཕབ་སྟེ་ཡུལ་ཁམས་བདེ་འཇགས་སུ་སོང་བར་བཤད།   ཡང་རྒན་རབས་འགའི་ངག་རྒྱུན་དུ།  དམག་དཔོན་ཏིན་ཀྱོ་མིན་དང་ལིས་ཀྱོ་མིན་གཉིས་ཧོས་འཁྲུག་མགོ་གནོན་པར་ཟི་ལིང་དུ་ཡོང་ནས།  ཡུན་རིང་ཞིག་ཏུ་ཧོས་ཧོས་ལ་ཅི་ཡང་མ་བྱས་པར་ལྷོད་ཆགས་སེ་བསྡད།  ཟི་ལིང་ཏུང་གོན་གྱི་མགོ་བདག་ཧོས་ཧོས་ཧྰན་བུན་ཞིག ༼མ་ཡུན་ཡུས༽  ཟེར་བ་རྣམ་རྟོག་དང་སེམས་འཚེར་གྱིས་འདུག་མ་བདེ་བར་དམག་དཔོན་གཉིས་ལ་ལྟ་རུ་སོང་།  ཕན་ཚུན་འཚམས་འདྲི་དང་ཁ་ཏ་བྱས་མཐར་ཧྰན་བུན་ཞིག་བསད།  དམག་དཔོན་འདི་གཉིས་སྐུ་འབུམ་མདོ་བ་དང་ཟི་ན་ལུང་བའི་སྟོད་ཀྱི་ཧྲོང་བོ་གྲོང་སོགས་སུ་སོང་ནས་ཧོས་ཧོས་མགོ་གཙོ་ཏ་ཐིག་སན་སན་དང་།  ཀྰ་སིའི་ཨ་དཔོན་གཉིས་བསད། དེ་ལས་གཞན་པའི་ཧོས་ཧོས་མང་བོ་བསད་ཟེར།  སྐབས་དེར་ཧོས་ཧོས་མང་བོ་འཇིགས་སྐྲག་གིས་རྒྱ་ནག་མི་རིགས་ཡིན་ཁུལ་གྱིས་ཟ་འཐུང་དང་གྱོན་ཆས་སོགས་རྒྱ་མི་ནང་བཞིན་བྱས་ཟེར།  རྗེ་ཞྭ་དམར་པནྟི་ཏའི་གསུང་ཨ་འདར་ཆ་གའི་མཁར་ནང་བྱམས་ཁང་གསར་བཞེངས་ཀྱི་དཀར་ཆག་ལས།  རྒྱ་ནག་ནས་ལོའུ་ཏྰ་རིན་དམག་དཔུང་གཏོས་ཆེ་བ་དང་བཅས་འབྱོར་ཏེ། ཆུ་སྤྲེལ་ཟླ་ཚེས་ལ་ཟི་ལིང་ཞོ་ཤར་ཡོད་པའི་ཧོས་ཧོས་ཀྱི་དམག་སྒར་གཏོར་རྗེས་ཆུ་ལུག་ལོར་དུས་བདེ་ཞོད་འཇགས་ཀྱི་ལུགས་སུ་བྱས་སྐབས་རྒྱ་དཔོན་ཆེ་ཁག་རྣམས་གསེར་དངུལ་ལ་རྔམས་དྲག་པའི་དབང་གིས་ཧོས་ཧོས་ཀྱི་རྐུན་དཔོན་གཏེ་བོ་རྣམས་ལ་ཆད་པ་མེད་པར་མ་ཟད་བདག་རྐྱེན་གཟེངས་བསྟོད་ཚད་ལས་འདས་པ་བྱས་པའི་ལག་རྗེས་སུ་འཁྲུག་ཟིང་སྔ་མ་བདེ་བ་ནས་ལོ་གྲངས་ཉེར་ལྔ་བ་ཤིང་ལུག་ལོར་ཧོས་འཁྲུག་བསྐྱར་མ་ལངས་ཏེ་ཡུལ་གྲུ་སོ་སོའི་དགོན་གྲོང་རྣམས་བཅོམ་པའི་ཚེ་བྱམས་ཁང་འདི་ཀའི་སྐུ་གསུང་ཐུགས་རྟེན་ཐམས་ཅད་དྲན་ཡུལ་ཙམ་དུ་གྱུར།  ཟི་ལིང་གི་དམག་དཔོན་ཏྲིན་ཐྰེ་དུན་ཙིན་ཟེར་བའི་དཔའ་མཛངས་རྟུལ་ཕོད་ཅིག་ཡོད་པ་དང་།  སྨད་ནས་དཔུང་ཆེན་སླེབས་པས་ཟི་ལིང་ཕྱོགས་ཀྱི་ཧོས་ཧོས་རྣམས་ལ་ཆད་ལས་ཚད་མེད་ཕབ་ནས་མེ་སྤྲེལ་ལོའི་ལོ་མཇུག་ཐམས་ཅད་བདེ་འཇགས་སུ་བཀོད། ཅེས་གསུངས་པ་ལྟར་རོ།  ། 

འདི་དུས་ཙོང་ལ་རིང་མོའི་ལྷོ་བྱང་གཉིས་ཀར་མི་བསད་ཁྲག་སྦྱོར་གྱི་མེ་ལྕེ་ཕྱོགས་ཀུན་ཏུ་ཁྱབ་པར་མ་ཟད། མཚོ་སྔོན་པོ་མདའ་བཞི་སོགས་ཀྱི་བོད་སོག་རྣམས་ཀྱང་རང་གནས་སུ་སྡོད་མ་ཚུགས་པར་ཡུལ་འཕོས་ཏེ་རྫ་མགོ་སོགས་ན་བསྡད་ཡོད་པ་དང་།    ས་ཆ་གང་སར་བོད་མི་སྤྲང་བོ་མང་དུ་ཡོད་པར་བཤད་དོ། །   

ལྔ་བ།  རབ་རྒྱལ་ས་སྦྲུལ་སྤྱི་ལོ ་༡༩༢༩ ལོར་མྰ་ཀྲུང་དབྱིན་ནམ་ཀྰ་ཟི་ལེན་གྱི་ཇག་ཚོགས་སྐུ་འབུམ་དུ་སླེབས་ཚུལ།

རབ་བྱུང་བཅུ་དྲུག་པའི་ས་འབྲུག་སྤྱི་ལོ་༡༩༢༨ལོའི་ཧོར་ཟླ་བཞི་བར་མ་ཀྲུང་དབྱིན་ནམ་ཡོངས་གྲགས་སུ་ཀྰ་སི་ལེན་ཞེས་བྱ་བས་ཟི་ལིང་ཕྱོགས་ནས་བུ་རྒོད་བདུན་གྱི་མགོ་བསྡུས་ཤིང་གོ་མཚོན་ཐོགས་ཏེ་ཟི་ལིང་ནས་ཡ་རྫི་བརྒྱུད་དེ་ཀ་ཅུའི་ས་ཆར་འོས་ལངས་ཀྱིས་ཚུལ་དུ་བསྐྱོད།  སྐབས་དེར་དམག་དཔོན་གྱི་འགན་བཞེས་པ་མྰ་ཐེན་ཞན་དང་། ཁོའི་རྗེས་འབྲང་དམག་མི་རྣམས་ཀྱང་ཀྰ་ཟི་ལེན་གྱི་ཇག་ཚོགས་སུ་ཞུགས་པས་དམག་འབངས་དང་བཅས་པ་ཁྲི་ཕྲག་ཙམ་འདུས།  ཀ་ཅུའི་མཁར་ཆེན་ལ་སྐོར་བ་ལན་གསུམ་བསྐོར།  དེ་ནས་ཡུན་རིང་མ་སོང་བ་ན་ཀྰ་ཟི་ལེན་གྱིས་ཀ་ཅུའི་མཁར་མཐའ་བཟུང་མ་ཚུགས་པས་བ་ཙེ་དང་མེན་ཇུ་ཕྱོགས་སུ་བྲོས་བྱོལ་བྱས།  ཀྰ་ཟི་ལེན་དང་མྰ་ཐེན་ཞན་གྱི་དམག་དཔུང་གིས་ཅོ་ནེ་དགོན་ཆེན་གྱི་ལྷ་ཁང་འདུ་ཁང་མང་བོ་ཡོད་ཚད་མེ་བསྲེགས་བཏང་བར་མ་ཟད།  ཅོ་ནེ་ཨ་འཁོར་དུའང་ཡུལ་མི་དམར་གསོད་དང་ཁང་ཁྱིམ་མེ་བསྲེགས་བཏང་བའི་མཐར།  ལོ་དེའི་ཧོར་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན་གཅན་གཟན་གྱི་བརྟུལ་ཞུགས་ཡོངས་སུ་རྫོགས་པའི་ཀྰ་ཟི་ལེན་གྱིས་མགོ་ཁྲིད་པའི་ཇག་རྐུན་དང་དམག་ལྡོམ་མང་བོ་བླ་བྲང་ས་ཆར་སླེབས།  ཀྰ་ཟི་ལེན་གྱི་དམག་དཔུང་གིས་ཞིང་ཆེན་བདེ་སྲུང་རུ་ཆེན་གྱི་དམག་མི་བརྒྱ་ཕྲག་ལྷག་བསད།  དེའི་ཚེ་བླ་བྲང་དགོན་པའི་བླ་གྲྭ་མང་བོ་འཇིགས་སྣང་གིས་ཡུལ་ལུང་སོ་སོར་བྲོས་བྱོལ་དུ་ཕྱིན།  འདི་དུས་མཁས་དབང་གུང་ཐང་བློ་གྲོས་རྒྱ་མཚོ་དང་ཁོང་གི་ཞབས་ཕྱི་བ་རྣམས་ཀྱིས་དགོན་པ་ཉེན་ཁ་ལས་སྐྱོབ་ཕྱིར་གནས་གཞན་དུ་བསྐྱོད་སྐབས་ཇག་དམག་གིས་བགྲོངས།  ཀྰ་ཟི་ལེན་གྱིས་གཡུལ་འཁྲུག་དྲག་ཏུ་བཤམས་པའི་དབང་གིས་བླ་བྲང་དགོན་པའི་ལྷ་ཁང་གཉིས་མེ་ལྕེ་ཀློང་དུ་ཐིམ།  བླ་བྲང་བཀྲ་ཤིས་འཁྱིལ་དགོན་ཆེན་མེ་བསྲེག་གཏོང་དགོས་པའི་བཀའ་ཕབ་པ་ལ།  བླ་བྲང་དུ་ཡོད་པའི་རྒྱ་ནག་དང་།  ཧོས་ཧོས།  ཚོང་བ།  མགྲོན་པོ་རྣམས་ཐུན་མོང་གིས་ཀྰ་ཟི་ལེན་དང་མྰ་ཐེན་ཞན་ལ་ངོ་ཆེན་ཞུས་པའི་མཐའ་མར་མྰ་ཐེན་ཞན་མ་འཐད་ཀྱང་།  ཀྰ་ཟི་ལེན་གྱིས་དགོན་པ་སྲེག་མི་ཆོག་པའི་བཀའ་ཕབ།  སྐབས་དེར་རྒྱ་ནག་སུན་ལེང་ཀྲུང་གི་དམག་དཔུང་ཁྲོད་ཀྱི་ཧྲི་ཀྲང་གི་འགན་བཞེས་པ་ལིས་སུང་ཁུན་གྱིས་དམག་དྲངས་ཏེ་ཧོར་གཙང་ཆུ་སྔོན་དུ་སླེབས།  ཀྰ་ཟི་ལེན་གྱི་ཇག་ཚོགས་བྲེལ་འཚུབ་ངང་དམག་དཔུང་བླ་བྲང་ཕྱོགས་ནས་ཕྱིར་འཐེན་བགྱིས་ཏེ།  རེབ་གོང་ཕྱོགས་སུ་དྲག་བསྐྱོད་བྱས།  ས་འབྲུག་ལོའི་ལོ་མཇུག་ཀྰ་ཟི་ལེན་གྱི་ཇག་དམག་དང་དམག་ལྡོམ་མང་བོ་རེབ་གོང་དུ་སླེབས།  སེང་གེ་གཤོང་གི་ཉེས་མེད་སེར་སྐྱ་མང་བོ་ཞིག་འཇིག་རྟེན་ཕྱི་མའི་ལྟད་མོར་ཁྲིད།  ཨ་ལགས་བསེ་ཚང་གིས་བརྩམས་པའི་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱན་མཚན་གྱི་རྣམ་ཐར་ན།  ས་འབྲུག་ལོའི་སྟོན་མཇུག་ཀྰ་ཟི་ལེན་གྱི་དམག་དཔུང་གོ་མིན་ཏང་ལ་ངོ་ལོག་བྱས་ནས་བྱང་ཕྱོགས་སུ་བྲོས་བྱོལ་དུ་འགྲོ་བའི་ལམ་ཁར་བླ་བྲང་དང་རེབ་གོང་ཕྱོགས་སུ་སླེབས་ཞེས་གསུངས་འདུག   འོན་ཀྱང་དུས་ཚིགས་ནི་དགུན་མཇུག་ཡིན་པར་ངེས།  རྒན་རབས་འགའི་ངག་སྒྲོས་སུ།  ཀྰ་ཟི་ལེན་གྱི་དམག་དཔུང་གིས་རོང་བོ་དགོན་པའི་གྲྭ་བ་ལྔ་བཅུ་ཡས་མས་ཤིག་བསད་ནས།  དེ་དག་གི་ཟླ་གམ་དང་གཟན་ཤམ་སོགས་སྐུ་འབུམ་རུ་གསར་ནས་བཙོང་ཞེས་ངག་རྒྱུན་ཞིག་ཡོད་ཀྱང་།  སྐབས་དེའི་རོང་བོ་དགོན་པ་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་རྣམ་ཐར་སོགས་སུ་ཡོད་མེད་ཆ་མ་འཚལ་བས་ངག་རྒྱུན་རྣམས་ཞིབ་ཏུ་མ་བྲིས་སོ།  །  མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གི་རང་རྣམ་སོགས་ལས་རབ་རྒྱལ་ལྕགས་རྟ་སྤྱི་ལོ་༡༩༣༠ ལོའི་དཔྱིད་དུས་ཀ་ཅུ་དང་ཡ་རྫི་བརྒྱུད་དེ་རོང་བོ་དགོན་པར་ཐུའུ་ཧྥེ་དམག་དཔུང་ལྡོམ་པོ་ཞིག་སླེབས།  འབངས་ལ་འཇིགས་བསྐྱེད་ཕྱིར་རོང་བོ་ཤར་སྤྲུལ་སྐུ་ཚང་རྒྱ་མཁར་དུ་གདན་དྲངས་པ་དང་།  རྒྱུ་ནོར་འཕྲོག་བཅོམ་བྱས་ཚུལ་གླེང་འདུག་པ་ནི་གོང་གི་དོན་རྐྱེན་དེའི་རྗེས་སུ་བྱུང་བར་ངེས་སོ།  །  དེ་ནས་གཅན་ཚའི་ཐང་དང་།     ཁྲི་ཀའི་འཕྲང་དམར་ལུང་བ་སོགས་སུ་སླེབས་ནས་དགོན་གྲོང་འགར་འཕྲོག་བཅོམ་དང་མེ་བསྲེགས་བྱས་ཤིང་ཉེས་མེད་སེར་སྐྱ་མང་བོ་ཞིག་དམར་གསོད་དང་མེ་མདའི་འབེན་དུའང་བཞག དེ་ནས་རྨ་ཆུ་བརྒལ་ཏེ་སྒོ་མེ་ཀ་ཞར་དུ་ཞག་གཅིག་བསྡད། དེ་དུས་མང་ཚོགས་ལ་གཏམ་བཙན་པོ་མང་དུ་བཤད།    ཕྱི་ཉིན་ནེའུ་སེར་གོང་ཁ་བརྒྱུད་དེ་སྐུ་འབུམ་དུ་སླེབས།   སྐུ་འབུམ་དགོན་པའི་ཉེ་སར་ཐོན་དུས་ཧོས་དམག་འགའ་ཡིས་གཟན་ཤམ་དང་འཕྲུག་ལྭ་ཚར་ལྭ་གྱོན་ཡོད་པ་དང་།    དམག་མི་འགའ་རེས་ཟླ་གམ་ཕུ་ཐུང་ལྟ་བུ་དྲས་ནས་གྱོན་ཡོད་ཟེར།    གཟན་ཤམ་དང་བོད་ལྭ་གྱོན་པའི་དབུས་སུ་ཀྰ་ཟི་ལེན་འཇིགས་རྔམ་གྱིས་འགྲོ་བཞིན་ཡོད་བར་བཤད།    སྐུ་འབུམ་སྤྱི་སོ་ཆེན་མོའི་རྒན་པ་སྦྱིན་པ་ནོར་བུ་སོགས་ཀྱིས་དམག་དཔུང་ཕྱིར་ལོག་ཆེད་རྒྱ་ཡག་ཆུ་ཁའི་རང་འཐག་ཁ་ནས་ཀྰ་ཟི་ལེན་ལ་དངུལ་ལྔ་བཅུ་མ་དང་རྟ་དྲེལ་སོགས་ཀྱི་རྫོངས་པ་མང་དུ་བྱིན།  ཉིན་དེར་སྐུ་འབུམ་སྐོར་ལམ་ཧོས་དམག་གིས་བསྐོར་ཞིང་།    དགོན་པར་འཇིགས་བསྐྱེད་ཕྱིར་མེ་མདའ་ལན་མང་འཕངས།  དེ་ནས་ཅུང་མ་འགོར་བར་དམག་མི་རྣམས་སྐུ་འབུམ་རུ་གསར་དུ་སོང་ནས་ཉིན་འགར་བསྡད་པ་དང་། དེ་དུས་ཀྰ་ཟི་ལེན་གྱི་དམག་གིས་བོད་ལྭ་དང་། ཟླ་གམ།  ཚར་ལྭ།  སྟོད་ཐུང་སོགས་རུ་གསར་ནས་བཙོང་བ་ལ་སྐུ་འབུམ་ཚོགས་ཆེན་ཞལ་ངོས་ཟླ་གམ་སོགས་ཉོས་མི་ཆོག་ཅེས་ཚོགས་གཏམ་བཏང་ཟེར།  སྐུ་འབུམ་ཆེ་ཤོས་ཚང་གི་རང་རྣམ་ལས། རབ་ཚེས་ས་སྤྲུལ་སྤྱི་ལོ་༡༩༢༩ལོའི་ཧོར་ཟླ་དང་བོའི་ཚེས་གཉིས་ཀྱི་ཉིན་གུང་ཙམ་ལ་ཀྰ་ཟི་ལེན་གྱི་ཇག་ཚོགས་མུ་མེད་པ་ཞིག་སྐུ་འབུམ་དུ་སླེབས།   དགོན་པར་གནོད་འགལ་ཉེ་ཞོ་སྤུ་ཙམ་མེད་པར་ཉེ་འཁོར་གྱི་གྲོང་དང་གྲོང་བརྡལ་སོགས་སུ་ཞག་གསུམ་བསྡད་དེ་ཕྱིར་ལོག  དེ་རྗེས་དེ་མ་ཐག་ཏུ་མཐའ་ཡི་རྒྱ་འདྲེ་མུ་མེད་པ་ཞིག་འོངས་ཏེ་དགོན་པའི་ནང་དུ་གནས་བཅས་ཀྱང་སྐྱོན་མ་བྱུང་ངོ་། །   དེའི་རྗེས་སུ་ཡང་ལན་ཁ་ཡར་བྱུང་སྟེ་ཞག་འགའ་ལ་བསྡད།  ཁྱད་གསོད་བརྙས་སྨོད་ཅུང་ཟད་རེ་བྱས།   དངོས་རྫས་སོགས་ལ་བརྐམ་ཆགས་ཤིན་ཏུ་ཆེ་བས།    སྐུ་འབུམ་གཞུང་གི་སྤྱི་རྫས་ལ་གནོད་ཚབས་ཆེ་བར་བྱས་ཏེ་ཕྱིར་ལོག་གོ །  ཞེས་གསུངས་འདུག་གོ །   འདི་སྐུ་འབུམ་དགོན་པའི་བླ་རྒན་ཚོའི་ངག་རྒྱུན་དང་ཅུང་མི་འདྲ་བས་དཔྱད་པར་འཚལ།  

  དེའི་རྗེས་སུ་སྐུ་འབུམ་དགོན་པའི་བྱང་ངོས་ཀྱི་གྲོང་འགུ་དང་ཕོ་ཀྱྰ་གྲོང་སྡེ་ཉེ་འཁོར་དུ་ཀྰ་ཟི་ལེན་གྱི་ཇག་ཚོགས་དམག་ལྡོམ་མང་བོའི་མགོ་གནོན་དུ་སླེབས་པའི་གོ་མིན་ཅིན་གྱི་དམག་དཔོན་སུན་ལེན་གྲུང་གི་དམག་སྡེ་ཚན་གཅིག་དང་དམག་འཐབ་བྱས་པས་སུན་ལེན་གྲུང་གི་དམག་མི་རྣམས་ཕྱིར་ཟི་ལིང་དུ་ལོག    སྐབས་དེར་ཟི་ལིང་༼ཉེ་འཁོར་ཧོ་ཧྲོལ་གུག༽དུ་ཀྰ་ཟི་ལེན་གྱི་དམག་ཆེན་དང་སུན་ལེན་གྲུང་གི་དམག་དཔུང་གཉིས་ཀྱིས་དམག་འཐབ་དྲག་པོ་ཀུན་གྱིས་ལྟ་མི་བཟོད་པ་ཞིག་རྒྱབ་པས་རྒྱ་བོད་ཧོས་གསུམ་ཧ་ལས་ཤིང་ཧོན་ཐོར་བའི་གཏམ་ལོ་འགར་གླེང་གཞིར་གྱུར།   ཀྰ་ཟི་ལེན་གྱིས་མགོ་ཁྲིད་པའི་དམག་ལྡོམ་འདི་དག་སྟོབས་ཤུགས་ཇེ་ཆེར་སོང་ཞིང་དམག་ལྡོམ་མང་བོ་ཕྱོགས་འདུས་ཀྱིས་སྟོང་སྐོར་དུ་སོང་སྐབས།  ཉེས་མེད་མི་སེར་སྟོང་ཕྲག་གཉིས་ལྷག་སྟོང་སྐོར་མཁར་ནང་དུ་འདུས་ཡོད་པ་ཡོད་ཚད་དམར་གསོད་བཏང་བས་མཁར་གྱི་ཕྱི་ལོགས་ཀྱི་ཆུ་ཁུང་ནས་མི་ཁྲག་ཆུ་ལྟར་བཞུར་བར་བཤད་དོ། །  འདི་དུས་ཀྰ་ཟི་ལེན་གྱི་དམག་དཔུང་དང་སུན་ལེན་གྲུང་གི་དམག་དཔུང་གཉིས་དབར་ཕན་ཚུན་དམག་འཐབ་རྒྱབ་ཡོད་པ་དང་།    འདིའི་ཡར་སྔོན་དུ་ཧོས་འཁྲུག་བྱུང་སྐབས་མན་ཆིང་སྲིད་གཞུང་གིས་མཚོ་སྔོན་གྱི་ཇག་རྐུན་རྣམས་ཀྱི་མགོ་གནོན་དུ་མངགས་པའི་དམག་དཔོན་ཚོས་གསེར་དངུལ་དང་དངོས་རྫས་རྩ་གང་ཆེ་དག་བརྩོན་ལེན་བྱེད་པ་ལས།    ཇག་ཚོགས་ཀྱི་མགོ་འདྲེན་གཏེ་བོ་རྣམས་ལ་ཆད་ལས་སྤུ་ཙམ་མི་བྱེད་པར།    ད་དུང་ཐོབ་གོ་ས་དང་བྱ་དགའི་གཟེངས་བསྟོད་སོགས་བྱིན་དྲགས་པས་དེ་དག་ཁ་རྒྱལ་མགོ་རྒྱལ་དུ་སོང་བར་བཤད།  དེ་དུས་ཉེས་མེད་སྤྲང་འཁྱམས་མང་བོ་ཞིག་རྐུན་མའི་སྲོག་ཚབ་ཏུ་གསོད་པ་དང་ཁྲིམས་ལ་སྦྱོར་བ་སོགས་ཡ་ང་བའི་ལོ་རྒྱུས་དོན་རྐྱེན་མང་དུ་བྱུང་ངོ་། །    ཞེས་སྐུ་འབུམ་དགོན་པ་དང་དེའི་ཉེ་འཁོར་དུ་ཧོས་འཁྲུག་ཇི་ལྟར་བྱུང་བའི་རིམ་པ་དྲན་པའི་ཤུགས་རིང་ཞེས་བྱ་བ་འདི་ནི་རབ་བྱུང་བཅུ་བདུན་པའི་མེ་བྱ་སྤྱི་ལོ་ཉིས་སྟོང་བཅུ་བདུན་ལོའི་ཧོར་ཟླ་བཅུ་གཉིས་པའི་ཡར་ཚེས་ཤིག་ལ་སངས་རྒྱས་རྒྱ་མཚོས་མཇུག་རྫོགས་པར་བྲིས་པའོ། ། 

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།