དྲང་ངེས་ལེགས་བཤད་སྙིང་བོ་མཛད་པའི་རྒྱབ་ལྗོངས་དང་། དེའི་ཤུགས་རྐྱེན་དང་འཕྲིན་ལས་གངས་ཀྱི་འོད་སྣང་ཞེས་བྱ་བ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-02-04 16:32:09     རྩོམ་པ་པོ།   ཨ་ཚོགས་བློ་བཟང་མཁས་བཙུན།    ཀློག་ཐེངས།  

དྲང་ངེས་ལེགས་བཤད་སྙིང་བོ་མཛད་པའི་རྒྱབ་ལྗོངས་དང་། དེའི་ཤུགས་རྐྱེན་དང་འཕྲིན་ལས་གངས་ཀྱི་འོད་སྣང་ཞེས་བྱ་བ

 ——འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་སྐུ་མྱ་ངན་ལས་འདས་ནས་ལོ་འཁོར་མོ་དྲུག་བརྒྱ་ཏག་ཏག་འཁོར་བའི་རྗེས་དྲན་དུ།

བསྟན་དོན་གནད་བསྡུས།

རྗེ་བླ་མ་ཙོང་ཁ་ཆེན་པོས་དགོངས་གཞི་དགོས་པ་ཇི་འདྲའི་འོག་དུ་དྲང་ངེས་རྣམ་འབྱེད་ཆེན་མོ་ལེགས་བཤད་སྙིང་བོ་མཛད་པ་དང་། མཛད་པ་དེ་ཡང་དུས་སྐབས་དེའི་བོད་ཀྱི་ཆོས་རིག་གི་ཉམ་ཉེས་ལ་ཆེད་དུ་དམིགས་ནས་མཛད་པ་དང་། མཛད་པའི་རྐྱེན་རྩོམ་བསྐུལ་ལ་མིའི་སྐྱེས་བུ་ཁྱད་པར་བ་དང་། ལྷའི་སྐྱེས་བུ་ཁྱད་པར་བ་དང་གཉིས་ལྷགས་པ། ལྷགས་ནས་ཀྱང་བོད་མུན་པའི་ཀློང་ལ་སྒྲོན་མེ་བཏེགས་པ་ལྟར་གྱུར་ཏེ། སྔར་སྲོལ་བོད་ལ་དྲང་ངེས་འབྱེད་པའི་གསུང་རབ་རང་རྐང་བ་མེད་པའི་ལོ་རྒྱུས་ཀྱི་མཇུག་སྒྲིལ་བའི་ཟིན་ཐོ་དང་། ཤིང་རྟ་ཆེན་པོའི་སྲོལ་དང་དེའི་སྲོལ་འབྱེད་མཁན་པོ་ལའང་གཉིས་སུ་ངེས་ཟིན་བརྟན་པོའི་ལོ་རྒྱུས་ཀྱི་ཟིན་ཐོ་བཀོད་པ་དང་། དེ་ནས་རིམ་པས་དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཟབ་གཏེར་བརྒྱད་བཏོན་ཏེ། སེམས་ཙམ་པ་དང་ཨ་ཅང་ཅང་། རང་རྒྱུད་པ་དང་ས་མཚམས་ཆུ་མཚམས་སོ་སོ་བགྱིས་པའི་བོད་ལ་སྔར་མ་གྲགས་པའི་ཤེས་རབ་ཀྱི་སྙིང་སྟོབས་དང་མཛད་རླབས་ཀྱི་ཆེ་བ་ངོམ་པ་བཅས་སོ།།

བརྡ་ཆད།

ལེགས་བཤད་སྙིང་བོ།  རྒྱབ་ལྗོངས། ཤུགས་རྐྱེན། འཕྲིན་ལས། དྲང་དོན་དང་ངེས་དོན་། ཤིང་རྟའི་སྲོལ་དང་སྲོལ་འབྱེད།

བླ་མ་དང་རྒྱལ་བ་ཙོང་ཁ་བ་ཆེན་པོ་དབྱེར་མེད་པའི་ཞབས་ལ་ཕྱག་འཚལ་ལོ།།      

ལྡོང་བའི་མནར་གཅོད་ཀུན་ལ་སྙོམས།།

སངས་རྒྱས་གཟིགས་པ་ཟུམ་པ་མེད།།            

ཕྱི་ནང་སྨག་ལ་རུ་འདྲེན་པོ།།

མ་རྒྱལ་གཡུལ་དེ་གཅིག་མེད་ཉིད།

སྲབ་འཇམ་ངུར་སྨུག་གོ་ཁྲབ་ཅན།།

ནག་སྣུམ་སློང་སྣོད་དམག་ཆས་འཛིན།།

ཟབ་རྒྱས་མདོ་རྒྱུད་མཚོན་འཁྱེར་བ།།

བཅོམ་ལྡན་ཁྱེད་ནི་བྱོན་པ་ལེགས།།

གངས་ལ་བརྩེ་བ་ལྷག་པར་ཆེ།།

གླིང་ལ་འོད་སྣང་རབ་ཏུ་མཆེད།།

བསྟན་འཛིན་རྒྱ་མཚོའི་མགོན་གཅིག་གི།

འཕྲིན་ལས་རྒྱ་མཚོ་རྒྱལ་གྱུར་ཅིག།།

ལྟ་བའི་འཇིགས་ལ་དག་པའི་སྟོབས་འབྱིན་ཞིང་།།

སྒོམ་པའི་གོལ་ལ་རྣམ་དབྱེ་མིག་འབྱེད་པ།།

སྤྱོད་པའི་ལམ་ལ་དྲང་པོའི་ཐིག་འདེབས་པའི།།

ཙོང་ཁའི་ཉིན་མོའི་མགོན་རྣམས་རྒྱལ་གྱུར་ཅིག།

གཞིའི་རྣམ་བཞག་དངོས་ཡོད་རྨང་ལ་བཅོལ།།

ལམ་གྱི་བགྲོད་པ་སེམས་ཀྱི་ཟབ་སར་འཛུལ།།

འབྲས་བུའི་ལག་རྗེས་དྭངས་སྙིགས་སོ་སོ་བ།།

རྒྱལ་བསྟན་རིགས་པའི་རྒྱལ་བོ་འབར་གྱུར་ཅིག།

དེ་ཡང་རྗེ་བླ་མའི་ལེགས་བཤད་ལྕགས་མདའ་ལྕགས་གཞུར་གྲགས་པ་གང་དེར་འཇུག་པ་ལ། ལྕགས་ཀྱི་མདའ་གཞུ་ནི་འགེངས་ཤིན་ཏུ་དཀའ་ཞིང་། གལ་ཏེ་སུ་ཞིག་གིས་འགེངས་ནུས་ན་ས་ཆོད་གཞན་ལས་ཆེ་བ་ཡོད་པས། ཀླད་ཀྱི་དོན་དང་། གཞུང་གི་དོན། མཇུག་གི་དོན་བཅས་འཇུག་སྒོ་བྱེ་བྲག་དུ་མ་དང་། དཔྱོད་པ་ལ་གཞུག་པའི་སྒོ་དཀའ་གནས་ལ་འཐམ་སའང་མང་བོ་བཞུགས་པ་ལས། འདིར་ཁོང་གི་རྣམ་ཐར་དང་སྦྲགས་ཏེ་བསྟན་བཅོས་ཀྱི་དགོས་སོགས་བཞི་ལས། དགོས་དོན་དམིགས་སྒོའི་ཕྱོགས་ཙམ་གླེང་བ་ལ་གཞུག་གོ

དེ་ལའང་གླེང་བརྗོད་དང་། མཛད་པ་པོའི་ཆེ་བ་དང་། བསྟན་བཅོས་ཀྱི་ཆེ་བ། དེའི་དོན་བསྡུ་པ་བཅས་བཞི། གསུམ་པ་ལ་རྩོམ་པའི་རྒྱབ་ལྗོངས་དང་། དེའི་ཤུགས་རྐྱེན་དང་འཕྲིན་ལས་བཅས་སོ།།

གླེང་བརྗོད།

རྗེ་བདག་ཉིད་ཆེན་པོ་ནི་དུས་རབས་བཅུ་བཞི་བའི་དུས་དཀྱིལ་དག་དག་ནས་(ཕྱི་ལོ1357~1419)དུས་རབས་བཅོ་ལྔ་བའི་འགོ་བཙུགས་མ་ཐག་པའི་ནང་བྱོན་ཅིང་། རང་རེའི་བོད་ཀྱི་བསྟན་པའི་གནས་ཚད་ལ་དར་རྒུད་འཕེལ་གསུམ་གྱི་ཁུག་པ་རིམ་པར་བྱོན་པ་ནས་བསྟན་པ་ཕྱི་དར་རྗེས་ཆེས་སྡུག་ཤས་ནང་ཕེབས་པ་ཡིན་ཏེ། ཀུན་མཁྱེན་བུ་སྟོན་པའི་ཞལ་ནས། གཉིས་མེད་གསུང་བའི་ཉི་མ་ནུབ་གྱུར་ཅིང་། བསྟན་འཛིན་སྐྱེས་བུའི་ཐུན་མཚམས་འོད་དང་བྲལ།། ནག་པོའི་ཕྱོགས་གྱུར་སྡིག་སྤྱོད་འབྱུང་བོའི་བྱ།། ལྟ་ངན་སྣ་ཚོགས་བཟུང་སྟེ་རང་དགར་སྤྱོད།། ཆོས་མིན་སྤྱོད་པའི་ཕྱོགས་ནི་སྟོབས་ལྡན་ཞིང་།། དམ་པའི་ལས་ལ་སྤྱོད་རྣམས་ཉམས་དུས་འདིར།། བདག་ལྟ་བུ་ཡིས་རྩོམ་པ་ཅི་བྱ་ཡོད།། དབེན་པར་བག་ཡོད་བྱས་ན་མི་ལེགས་སམ།། ཀྱེ་མ་ཁོ་བོ་སྔོན་གྱི་བསོད་ནམས་དམན།། ཆོས་ནུབ་ལོག་སྤྱོད་དར་བ་བོད་ཀྱི་ཡུལ།། བླུན་པོ་བཀུར་ཞིང་མཁས་རྣམས་རྩྭ་ལྟར་འདོར།། ཆོས་ལྡན་བརྙས་པའི་གངས་རིའི་ཁྲོད་འདིར་སྐྱེས།། ཞེས་པ་ནས། དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་སྟོབས་དང་།། དཔལ་ལྡན་བླ་མ་རྣམས་ཀྱི་བྱིན་རླབས་དང་།། བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས།། སྨོན་ལམ་བཏབ་པ་ཇི་བཞིན་འགྲུབ་པར་ཤོག། ཅེས་ཐུགས་ཕྱུང་བའི་སྨོན་ལམ་རིང་བོ་ཞིག་མཛད་ཡོད་པ་དང་། ཁོང་ནི་རྗེ་འཁྲུངས་པའི་ལོ་བརྒྱད་པ་ལ་འདས་པས་དུས་མཉམ་པར་བརྩི་ཆོག་པ་ཡོད་ཅིང་།

རྗེ་རང་གི་ཞལ་ནས་ཀྱང་། ཡང་དག་ལྟ་བ་འོད་སྟོང་ལྡན་པ་ནུབ།། གནས་ལུགས་འདོམས་པའི་མཁས་རྣམས་ཕལ་ཆེར་གཤེགས།། ལོག་པའི་ལམ་སྟོན་རྨོངས་པ་ཀུན་གྱིས་བཀུར།། ཀྱེ་མའོ་ཐུབ་བསྟན་སུ་ཡིས་གནས་པར་ནུས།། ཡིན་ཚུལ་བཤད་ན་མཁས་འདོད་ཅན་དུ་མཐོང་།། ལོག་པར་བསྟན་ན་ལྟ་ངན་ཕྱི་ཕྱིར་འཕེལ།། མི་སྨྲའི་བརྟུལ་ཞུགས་བཟུང་ན་དོན་མི་འགྲུབ།། ཀྱེ་མའོ་ཐུབ་བསྟན་ཇི་ལྟར་གཟུང་བར་བྱ།། ཞེས་རྗེའི་གསུང་རྩོམ་རྣམས་ཀྱི་ཐོག་མ།<དགེ་འདུན་ཉི་ཤུའི་རྣམ་བཞག་བློ་གསལ་བགྲོད་པའི་ཐེམ་སྐས> ཀྱི་མཆོད་བརྗོད་ལ་ཐོན་པས་དེ་དུས་ཁོང་དགུང་ལོ་ཉེར་ལྔ་ཙམ་ཡིན།

དེང་དུས་རྣལ་འབྱོར་བརྩོན་རྣམས་ཐོས་པ་ཉུང་།། མང་ཐོས་ཉམས་ལེན་གནད་ལ་མི་མཁས་ཤིང་།། ཕལ་ཆེར་གསུང་རབ་བལྟ་ལ་ཕྱོགས་རེའི་མིག། ལུང་དོན་རིགས་པས་འབྱེད་པའི་མཐུ་མེད་པས།། བསྟན་པའི་གནད་རྣམས་རྫོགས་པའི་གདམས་པ་མཆོག། མཁས་པ་དགྱེས་པའི་ལམ་དང་བྲལ་མཐོང་ནས།། ཞེས་ལམ་རིམ་ཆེན་པོར་གསུངས་པ་དང་།

མཁས་གྲུབ་རིན་པོ་ཆེའི་རྗེའི་རྣམ་ཐར<དད་པའི་འཇུག་ངོགས་>ལས་ཀྱང་། མདོར་ན་དེའི་ཚེ་ཁོང་དཔོན་སློབ་ལ་རིགས་ཚོགས་རྣམས་ཀྱི་བཤད་པ་ལྟ་ཞོག །ལུང་ལེན་པའི་ཡུལ་ཡང་དཀའ་བར་བྱུང་འདུག་གོ ། ཞེས་དང་། ཡང་དེར། སྔགས་དང་ཕ་རོལ་ཏུ་ཕྱིན་པ་དང་། ཐོས་པ་དང་སྒོམ་པ་ལ་སོགས་པ་ཕན་ཚུན་ཚ་གྲང་ལྟར་འགལ་བར་བསམས་ནས་སུན་འབྱིན་པ་དང་། ཐམས་ཅད་ཀྱིས་ཀྱང་དམ་པའི་ཆོས་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་ལ་སྙིང་ཐག་པ་ནས་སུན་འབྱིན་པར་བྱེད་པའི་སྒོ་ནས། ཁ་བ་ཅན་གྱི་ལྗོངས་འདིར་རྒྱལ་བའི་བསྟན་པ་གཟུགས་བརྙན་ཙམ་ཞིག་ལྷག་མར་གྱུར་བའི་ཚེ། ཞེས་དང་།

མཁས་དབང་ཟམ་གདོང་རིན་པོ་ཆེ་ནས་ཀྱང་། གངས་རིའི་ལྗོངས་སུའང་སྔོན་བྱོན་གྱི་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་བཀའ་བསྟན་གཞུང་ལུགས་ཕལ་མོ་ཆེ་བོད་དུ་བསྒྱུར་ཅིང་། ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཚང་ལ་མ་ནོར་བ་དར་རྒྱས་སུ་མཛད་པ་དེ་ལྟ་ནའང་། ཆེས་ཟབ་ཅིང་བརླིང་བའི་རིགས་པའི་གནད་གསང་ཕྲ་མོ་དག ཇི་བཞིན་འབྱེད་པའི་བློ་ཡི་ནུས་པ་མ་སྨིན་པའི་བོད་ཀྱི་འགྲེལ་བྱེད་མཁན་འགའ་རེས། ཤིང་རྟ་ཆེན་པོ་རྣམས་ཀྱི་དགོངས་པའི་གནད་གསང་ཇི་བཞིན་དུ་མ་རྟོགས་པ་དང་། ཁྱད་པར་ཇོ་བོ་བཀའ་གདམས་པའི་བཞེད་སྲོལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་གཅིག་གྲོགས་སུ་གཅིག་འགྲོ་བའི་ཚུལ་ལུགས་ཉམ་དམས་སུ་གྱུར་ཏེ། སྒྲུབ་པ་རྣལ་འབྱོར་ལ་གཞོལ་བ་རྣམས་ཐོས་པས་ཕོངས་ཤིང་། མང་ཐོས་ལུང་རིགས་སྨྲ་བ་དག་ཉམས་ལེན་གྱི་གནད་ལ་མི་མཁས་པའི་བཤད་སྒྲུབ་ཡ་བྲལ་དུ་སོང་བའི་དབང་གིས་གངས་རིའི་ལྗོངས་སུའང་རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་དབུ་སེམས་ཀྱི་བཞེད་ཚུལ་ཕྲ་ཞིང་ཞིབ་པའི་བཤད་རྒྱུན་ཅུང་ཞིག་ཉམས་དམས་སུ་གྱུར་བའི་སྐབས། ཞེས་སོགས་གསུངས་པའི་ཕྱིར་ཏེ། དེ་ལྟར་དུས་སྐབས་དེར་གང་ཅིའི་ཆ་ལ་ཉག་ཕྲ་ཞིང་ཉམ་དམས་པ་ཞིག་ཏུ་ལོ་རྒྱུས་ཀྱི་དཔྱད་དང་། རྣམ་ཐར་གྱི་འགང་དུ་མ་ནས་ཐོན་པ་ཞིག་འདུག་གོ།།

དེ་ལྟ་ནའང་རྗེ་ཉིད་ནས། <ཐོག་མཐའ་བར་དུ་དགེ་བའི་སྨོན་ལམ>ལས།  གནས་ལུགས་ཟབ་མོའི་དོན་ལ་སྐྲག་གྱུར་ནས།། བློས་བྱས་ཉི་ཚེའི་སྟོང་བ་མཆོག་འཛིན་པའི།། ལོག་པའི་ལྟ་ངན་མཐའ་དག་རབ་སྤངས་ནས།། ཆོས་ཀུན་གདོད་ནས་སྟོང་བར་རྟོགས་པར་ཤོག། རྣམ་དག་བསླབ་པ་ཁྲེལ་མེད་སེམས་ཀྱིས་དྲལ།། དམ་པས་སྨད་པའི་ལས་ལ་འཇུག་མི་བྱེད།། ཁྲིམས་འཆལ་དགེ་སྦྱོང་ཤ་ཚུགས་ཅན་རྣམས་ཀྱང་།། བདག་གིས་སྐྱོན་མེད་ཁྲིམས་ལ་སྦྱོར་བར་ཤོག། ཡང་དག་ལམ་དོར་ལོག་པའི་ལམ་ངན་ཞུགས།། མི་དགེའི་བཤེས་གཉེན་སྡིག་གྲོགས་དབང་དུ་སོང་།། གང་ཡིན་དེ་ཡང་བདག་གིས་བདེ་བླག་ཏུ།། རྒྱལ་བས་བསྔགས་པའི་ལམ་ལ་འགོད་པར་ཤོག། བདག་གིས་འཆད་རྩོད་རྩོམ་པ་སེང་གེའི་སྒྲས།། ལོག་སྨྲའི་ཝ་ཚོགས་སྤོབས་པ་འཕྲོགས་བྱས་ནས།། གང་གིས་འདུལ་བའི་ཐབས་ཀྱིས་རྗེས་བཟུང་སྟེ།། མི་ནུབ་བསྟན་པའི་རྒྱལ་མཚན་འཛིན་པར་ཤོག ཅེས་དང་།

ཁྱད་པར་<ལམ་རིམ་སྨོན་ལམ>ལས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་ཤོག ཅེས་དང་། <བྱམས་བསྟོད་ཚངས་པའི་ཅོན་པན>ལས། དེང་ནས་བརྩམས་ཏེ་ཚེ་རབས་ཐམས་ཅད་དུ།། ལུས་ངག་ཡིད་ཀྱིས་རྩོམ་པ་གང་བགྱིས་པ།། དེ་དག་ཐམས་ཅད་མཐའ་ཡས་འགྲོ་བ་ལ།། གནས་སྐབས་ཀུན་ཏུ་ཕན་པའི་རྒྱུར་གྱུར་ཅིག ཅེས་དང་།

བསྟན་བཅོས་ཆེན་པོ་འདིར་ཡང་། རླབས་ཆེན་སྤྱོད་ལ་རིང་ནས་ཞུགས་པ་ཡི།། རྒྱལ་སྲས་རིག་གནས་ཀུན་ལ་མཁས་པས་ཀྱང་།། ཤིན་ཏུ་རྟོགས་དཀའ་ཟབ་དང་རྒྱ་ཆེའི་གནས།། ཇི་བཞིན་རྙེད་ནས་ཚུལ་བཞིན་འདྲིས་བྱས་པས།། ཏིང་འཛིན་ཤེས་རབ་ཚུལ་ཁྲིམས་ཡོངས་དག་པའི།། དགའ་སྟོན་ཆེན་པོས་ཡིད་རབ་ཚིམ་གྱུར་ནས།། རེས་འགའ་རྒྱལ་ལ་དད་པའི་དགའ་བ་རྒྱས།། སྐབས་འགར་ཤིང་རྟ་ཆེན་པོའི་སྐུ་དྲིན་དྲན།། གཞན་ཚེ་མཁས་པའི་བཤེས་ལ་གུས་པ་དང་།། བསྟན་པ་རིན་ཆེན་རིང་དུ་གནས་འདོད་པ།། འདི་དག་ཕན་ཚུན་འགྲན་བཞིན་འཕེལ་བར་འགྱུར། དེ་ཚེ་རིང་ནས་ཉམས་པའི་རྟོགས་དཀའི་གནས།། གང་གིས་བཙལ་བས་རྙེད་པའི་རིགས་པའི་ལམ།། དེ་ཡི་རྣམ་འཕྲུལ་ཀྱེ་མའོ་ངོ་མཚར་ཞེས།། གཅིག་པུར་གནས་ཀྱང་དགའ་བའི་ཅ་ཅོ་འཆོར།། ཅེས་ལ་སོགས་པའི་ཐུགས་སྨོན་དང་མཛད་པའི་མཐུ་གྲུབ་པས། ད་ལྟ་སྙིགས་མའི་ནང་གི་ཡང་སྙིགས་ཀྱི་དུས་འདིར་ཡང་། བསྟན་བཅོས་ཆེན་པོ་འདིས་མཚོན་པའི་རྗེ་བླ་མའི་གསུང་རབ་པོད་ཆེན་བཅོ་བརྒྱད་ཀྱི་འཕྲིན་ལས་ཀྱི་ཆེ་བ་སྟེ། རྗེའི་བསྟོད་སྨོན་ཚིག་བཞི་ཡན་ཆད་ཀྱིས་ཀྱང་བསྟན་པ་དང་འགྲོ་བའི་དོན་ལ་བྱ་བ་བྱེད་བཞིན་པ་འདི་ལྟ་ལགས་ན། གཞན་ལྟ་སྨྲོས་ཀྱང་ཅི་དགོས།

དེ་ཡང་མཁས་གྲུབ་རིན་པོ་ཆེས། རྗེ་བཙུན་རིན་པོ་ཆེ་འདི་ཉིད་དམ་པའི་ཆོས་འཛིན་པའི་སྨོན་ལམ་རླབས་པོ་ཆེ་ཡོངས་སུ་གྲུབ་པའི་མཐུས། བྱང་ཕྱོགས་ཀྱི་རྒྱུད་འདིར་བསྟན་པ་རིན་པོ་ཆེ་གསོ་བའི་སླད་དུ་ཉེ་བར་བྱོན་ཏེ། ཞེས་དང་། གངས་རིའི་ཁྲོད་འདིར་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་ཉམས་པར་གྱུར་བ་ལ། གཏིང་ནས་མ་བཟོད་པའི་ཐུགས་ཀྱི་ཤུགས་དྲག་པོས་བསྟན་པ་རིན་པོ་ཆེའི་རྨང་། དཀའ་བ་ཆེན་པོས་གཞི་ནས་བཙུགས་པར་མཛད་པས། ཕྱི་རབས་གངས་རིའི་ཁྲོད་ཀྱི་སྐྱེ་བོ་ཡོངས་ལ་རྒྱལ་བ་ཉིད་དང་མཚུངས་པར་བཀའ་དྲིན་ཆེ་བ་ཡིན་ནོ། ཞེས་གསུངས་སོ།།

མཛད་པ་པོའི་ཆེ་བ།

དེ་ཡང་གཞུང་ལུགས་རྒྱ་མཚོའི་སྙིང་བོ་གཅིག་ཏུ་བསྡུས་པའི་བསྟན་བཅོས་ཆེན་པོ་<དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་པར་བཤད་པའི་སྙིང་བོ་>ཞུ་བ་འདིའི་མཛད་པ་པོ་ནི། གངས་ཅན་མཁས་པའི་གཙུག་རྒྱན་དུ་མ་ཟད། འཛམ་གླིང་མཁས་པའི་རྒྱན་གཅིག་ཞེས་མིང་དོན་གཉིས་ལྡན་གྱིས་ཡོངས་སུ་བསྔགས་ཤིང་གྲུབ་པའི་བླ་མ་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་ཡིན་ཞིང་། །ཁོང་ནི་སྔོན་དུས་ཁ་བ་ཅན་པ་རྣམས་ཀྱི་རྗེ་བོ་ལྷ་བཙན་པོ་དག་གི་མངའ་རིས་ཀྱི་ཆབ་འོག་ཏུ་གཏོགས་པའི་ཡུལ་གྱི་ལྗོངས་ལ། འདི་ཉིད་སའི་ཡོན་ཏན་ཕུལ་དུ་བྱུང་བར་རྒན་པོ་དག་གི་བརྒྱུད་པའི་ཁ་ལས་སྒྲོག་པར་བྱེད་པ་ཉིད་དེ། མདོ་སྨད་ས་ཡི་ཐིག་ལེ་ཤར་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས། དེ་ཡང་སྡེ་བཞིའི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་ཡབ་དཱ་ར་ཁ་ཆེ་ཀླུ་འབུམ་དགེའམ་མཚན་དངོས་དོན་གྲུབ་ལེགས་པ་དང་། ཡུམ་ཤིང་མོ་བཟའ་ཨ་ཆོས་ལྟེངས་ཞབས་གཉིས་ལ་བུ་ཆེ་བ་གཙུག་ཏོར་བྱམས། དེའི་འོག་ཚེ་པོ། ཚེ་དབང་རྒྱལ། ཀུན་དགའ་སྙིང་བོ། བློ་བརྟན་བཅས་བུ་ལྔ་དང་། རྗེ་ལ་ཡོངས་གྲགས་ཀྱིས་ཨ་ཅེས་ཞིག་བཅས་སྲས་སྲས་མོ་དྲུག་མངའ་བ་ལས་རིན་པོ་ཆེ་འདི་བ་ནི་ལྔ་བ་ཡིན་ནོ།།

དེ་དུས་ཆོས་རྗེ་དོན་གྲུབ་རིན་ཆེན་པ་ཞེས་གྲགས་པའི་གྲུབ་ཐོབ་ཆེན་པོ་དེ་ཉིད་ཀྱིས་ཐུགས་ཀྱི་དཔྱད་པས་སྔོན་དུ་དཔགས་སྟེ། རྗེ་འདི་བ་མ་འཁྲུངས་པའི་སྔ་ལོ་ནས་འཁྲུངས་གཞིས་རྒྱབ་ཀྱི་སྒྲུབ་གནས་ཆུ་དཀར་རི་ཁྲོད་དུ་ཆོས་སྒོ་སྐྱེལ་ཚུལ་ཏུ་བྱོན་ཡོད་པ་དང་། ཡི་དམ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་གྱི་སྒོ་ནས་སྲུང་ཟློག་གི་བྱ་ར་མ་གཡེལ་བར་བཞུགས་ཤིང་སྒུག་ནས་ཡོད་པ་ལ། བླ་མ་དོན་གྲུབ་རིན་ཆེན་པ་དགུང་ལོ་ཞེ་བརྒྱད་པ། ཕྱི་ལོ་(1357~)ཧོར་ཟླ་བཅུ་བའི་ཚེས་ཉེར་ལྔའི་ཐོ་རངས་ཀྱི་ཆ་ལ་སྐར་ཆེན་ཤར་བ་དང་སྟབས་གཅིག་ཏུ་བདེ་བར་འཁྲུངས། འཁྲུངས་པའི་ཉིན་གྱི་ནངས་སྔ་མོ་དེར་ཆོས་རྗེ་དོན་གྲུབ་རིན་ཆེན་པས་བུ་ཆུང་སྲུང་བ་དང་། རྟེན་འབྲེལ་བསྒྲིག་དགོངས་པའི་ཉེ་གནས་ཚུལ་ཁྲིམས་དང་ལྡན་པ་ཞིག་མངགས་པའི་གདོང་། གསོལ་རས་དང་སྲུང་མདུད། རྟེན་འདུས་རིལ་བུ་བསྲེས་བའི་ཚེ་རིལ། འཇིགས་བྱེད་ཀྱི་བྲིས་ཐང་ཞིག  བུ་ཆུང་བསྐྱང་ལུགས་ཀྱི་གསུང་འཕྲིན་ཞིག་བཅས་འབྱོར་ཅིང་། སྔ་མོ་ནས་ཐུན་མོང་མ་ཡིན་པའི་མཆོད་ཡོན་གྱི་འབྲེལ་ཟབ་པས། གསུང་འཕྲིན་བརྒྱུད་དེ་བུ་ཆུང་ལ་ཀུན་དགའ་བ་ཞེས་མཚན་གསོལ་ཀྱང་མཛད། དེ་ནི་ཡབ་མི་ལ་ཤེས་རབ་རྒྱལ་མཚན་གྱིས། རང་གི་བུ་ལ་མཚན་གསོལ་བའི་རྟེན་འབྲེལ་གྱི་གནད་དང་འདྲ་བོ་ཞིག་འདུག་གོ།།

གཞོན་ནུ་འདི་དགུང་ལོ་གསུམ་པའི་ཚེ་ཆོས་རྗེ་དོན་རིན་པས་ཡབ་གཞིས་ཀླུ་འབུམ་ཚང་ལ་བཀོད་མངགས་ལྟར། ཆོས་རྗེ་ཀརྨ་པ་རོལ་པའི་རྡོ་རྗེ་ཞབས་དེའི་ཚེ་མདོ་སྨད་བརྒྱུད་དེ་སོག་པོར་ཕེབས་པ། ཤྭ་རྫོང་རི་ཁྲོད་ན་བཞུགས་པའི་མདུན་དགེ་བསྙེན་གྱི་སྡོམ་པ་ཡོངས་སུ་རྫོགས་པར་མནོས་ཏེ། བུ་ཆུང་གི་མཚན་སྔོན་གྱི་ཀུན་དགའ་བ་ལ་སྙིང་བོ་བསྣན་པའི་ཀུན་དགའ་སྙིང་བོར་བཏགས་སོ། དེ་ནས་ལོ་དེ་གར་ཐུགས་བསྐྱེད་དང་སྤངས་རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ཆོས་རྗེ་དོན་རིན་པ་ཉིད་འདི་བའི་ཡབ་ཀྱིས་གདན་དྲངས་པ་ཞིག་གི་ཚེ། ཡབ་ལ་རྟ་ནོར་སོགས་ཟང་ཟིང་གི་འབུལ་བ་གྱ་ནོམ་པའི་གནང་སྦྱིན་གྱིས་རིན་པོ་ཆེ་འདི་བ་བླ་མ་བདག་ཉིད་ཆེན་པོ་འདིས་བླུས་སོ།

དེ་ཚེ་རིན་པོ་ཆེ་འདི་བ་ན་ཚོད་ཤིན་ཏུ་མ་སྨིན་པའི་དབང་གིས་དགུང་ལོ་གསུམ་ནས་དྲུག་པའི་ལོ་མཇུག་བར་འཁྲུངས་གཞིས་རང་དུ་བཞུགས་བཞིན། ཆོས་རྗེ་བའི་མདུན་སྒྲུབ་གནས་ཆུ་དཀར་རི་ཁྲོད་ལ་ཡང་ཡང་ཕེབས་བཞིན་པ་དང་། ཆོས་རྗེ་བས་ཀྱང་གནས་དེར་སྲུང་ཞིང་སྒུག་བསྡད་པ་ཡིན། དེར་འཇམ་དཔལ་དབྱངས་དང་དབྱངས་ཅན་མའི་སྒོ་ནས་ཤེས་རབ་འཕེལ་བའི་ཐབས་དུ་མའང་མཛད་ཅིང་། གསང་སྔགས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་གྱི་སྒོ་དུ་མར་བཅུག ཡི་གེ་འབྲི་ཀློག་སོགས་ཐོས་བསམ་རྟེན་འབྲེལ་གྱི་དབུ་འདི་ནས་བརྙེས་པས་དགེ་ལྡན་བསྟན་པའི་མ་དགོན་དང་པོ་ཡིན།

དེ་ནས་ན་ཚོད་ཅུང་ཟད་སྨིན་པའི་དགུང་ལོ་དྲུག་པའི་ལོ་མཇུག་ལ་དཔོན་སློབ་ལྷན་རྒྱས་ཡབ་གཞིས་ཀླུ་འབུམ་ཚང་གིས་སྐྱེལ་མ་དང་། ཕྱོགས་ཀྱི་བུ་སློབ་མང་བོས་བསུས་ལེན་དང་བཅས་བྱ་ཁྱུང་དགོན་ཐེག་ཆེན་དར་རྒྱས་གླིང་ཞེས་དགེ་ལྡན་བསྟན་པའི་མ་དགོན་གཉིས་པ་དེར་ཕྱག་ཕེབས། དེར་ཕེབས་ནས་ཅིང་བླ་མ་མཆོག་གི་མདུན་ཏུ་མདོ་སྔགས་གཉིས་ལ་གཞི་ཆེ་བའི་ཐོས་བསམ་སྒོམ་གསུམ་གྱི་དབུ་བརྩམས་ཤིང་། དབང་བསྐུར་རྒྱུད་བཤད་མན་ངག་ཟབ་ཁྱད་མང་བོའི་གཏེར་གྱི་སྒོ་མོ་གཏན་པ་མེད་པའི་བདག་པོར་དབང་བསྐུར། དགུང་ལོ་བདུན་པའི་ཚེ་རབ་ཏུ་མ་བྱུང་བའི་སྔོན་ཚུན་ལའང་བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་དྲིལ་བུ་བ་དང་། ཀྱཻ་རྡོ་རྗེ། ཕྱག་ན་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་དུ་དབང་བསྐུར། བདེ་དགྱེས་ཀུན་རིག་གཤིན་རྗེ་གཤེད་སོགས་ཀྱི་དཀྱིལ་ཆོག་མང་བོ་ཐུགས་ལ་བཟུང་། བདེ་མཆོག་དྲིལ་བུ་བའི་བདག་འཇུག་མང་དུ་མཛད་ཅིང་བསྒོམ་བཟླས་སོགས་ལ་བརྩོན་པར་མཛད། ཨ་ར་པ་ཙའི་སྒྲུབ་པ་གནད་སྨིན་གནང་། ཕར་ཕྱིན་ཐེག་པའི་བཤད་པའང་མང་བོ་གསན་པར་མ་ཟད། དབུས་ལ་མ་ཕེབས་པའི་གོང་ཉིད་དུ་རིན་པོ་ཆེ་འདི་བས་མདོ་སྡེ་རྒྱན་ལ་བཤད་གསར་དང་འཆད་པ་གནང་བའང་ཡོད། དགུང་ལོ་བདུན་པའི་ཚེ་ཆོས་རྗེ་བའི་མདུན་དུ་རབ་ཏུ་བྱུང་ཞིང་མཚན་ལ་བླ་མས་བླ་མའི་ལུང་བཞིན་བློ་བཟང་གྲགས་པར་གསོལ།

ཕྱི་ལོ(1372)པར་བླ་མའི་ཞལ་གདམས་ཟབ་མོ་དང་བཅས་དགུང་ལོ་བཅུ་དྲུག་པའི་ཧོར་ཟླ་བཅུ་གཉིས་པའི་ནང་། སྐུ་ཡུལ་ལ་འཁྱུག་ཙམ་ཕེབས་ཏེ་ཞང་བོ་གཉིས་དང་འཁོར་གཡོག་མང་བོའི་སྐྱེལ་མ་དང་། མདོ་སྨད་ཀྱི་མཇལ་བ་དང་དབུས་ཀྱི་ཚོང་བ་མང་བོ་དང་བཅས་ཙོང་ཁ་ཟི་ལང་མཁར་ནས་དབུས་ལམ་ལ་ཞུགས། ལམ་བར་རྐང་བཞོན་རེས་མོས་ཟླ་ངོ་བདུན་ཙམ་ལ་ཐོགས་ཤིང་། ཆུ་གླང་ལོའི་(ཕྱི་ལོ་1373)སྟོན་ཀར་འབྲི་གུང་དཔལ་གྱི་ནགས་ཁྲོད་དུ་ཕེབས་ཐོན་གནང་། འབྲི་གུང་སྤྱན་སྔ་རིན་པོ་ཆེ་ཆོས་ཀྱི་རྒྱལ་བོའི་ཞབས་ལ་གཏུགས་ཤིང་ཟབ་ཆོས་མང་བོའི་ཆོས་འབྲེལ་ཞུས། འདི་ནི་དབུས་ལ་བསྟེན་པའི་བླ་མ་དང་པོ་དང་། ཆོས་ཀྱི་རྒྱལ་བོར་བཞེངས་པའི་རྟེན་འབྲེལ་འགྲིག

དེ་ནས་སློབ་གཉེར་ཅིག་ལ་ཕེབས་བསམ་པ་ལ། མདོ་སྨད་ནས་འགྲོགས་ཏེ་ཕེབས་པའི་གྲོགས་འགའི་སྟོབས་ཀྱིས་ཚལ་གུང་ཐང་དུ་ཕེབས་ཤིང་། གསོ་བ་རིག་པ་ལ་ཐུགས་སྦྱོང་མཛད། དེ་ནས་དེ་མ་ཐག་གྲོགས་ལ་ལྟོས་པ་མེད་པར་བླ་མ་ཆོས་རྗེ་དོན་རིན་པའི་བཀོད་མངགས་ལྟར། བདེ་བ་ཅན་པ་སྙེ་ཐང་བ་བཀྲ་ཤིས་སེང་གེ་བ་བླ་མའི་བླ་མ་ཡིན་པའི་ཕྱག་འཕྲིན་དང་ཕྱག་རྟགས་འབུལ་བ་དང་་། གདན་ས་བ་དགེ་བསྐོང་པ་དང་རྣམ་པ་གཉིས་ལ་ཆོས་འབྲེལ་གསན། སློབ་དཔོན་ཡོན་ཏན་རྒྱ་མཚོ་དང་ཨུ་རྒྱན་པ་གཉིས་ལ་ཤེར་ཕྱིན་མངོན་རྟོགས་རྒྱན་རྩ་འགྲེལ་ལ་ལེགས་པར་ཐུགས་སྦྱོང་མཛད་དེ། ཞག་བཅོ་བརྒྱད་ལྷག་གི་རིང་ལ་བསྟན་པའི་ཉིང་ཁུ་གཞུང་ཕ་རོལ་ཏུ་ཕྱིན་པའི་ཚིག་དོན་གཉིས་ཆ་ཐུགས་ལ་བྱང་ཆུད་པའི་ཤེས་རྩལ་ངོམས་ཤིང་། བླ་སློབ་ཐམས་ཅད་བློ་གྲོས་དང་རྣམ་དཔྱོད་ལ་ཐུགས་མཚར་བའི་གནས་ལ་བཀོད་དེ། གཞི་ཆེ་བའི་དབུས་གཙང་གི་སློབ་གཉེར་གྱི་དབུ་བརྩམས།

དེ་ལྟར་དགུང་ལོ་བཅུ་བདུན་སྨད་ནས་ཉེར་བདུན་བར་བདེ་བ་ཅན་གཙོས་པས་ཆོས་གྲྭ་ཆེན་པོ་ཉེར་གཉིས་ལྷག་ལ་ལོ་ངོ་བཅུ་གཅིག་གི་རིང་། འཆད་ཉན་དང་གྲྭ་བསྐོར་སྦྲགས་ཤིང་། དོགས་སློང་དོགས་གཅོད་ཀྱི་དཔྱད་སྒོ་དུ་མའི་སྒོ་ནས་རྒྱུའི་ཕར་ཕྱིན་ཐེག་པའི་ལུགས་ཀྱི་རྒྱ་བོད་ཀྱི་བཀའ་བསྟན་གཞུང་ལུགས་མ་ལུས་པ་ལ་རྡོ་རུས་ཐུག་པའི་སློབ་གཉེར་གནད་སྨིན་མཛད་དེ། པཎ་ཆེན་ཤཀྱཱ་མཆོག་ལྡན་པས་ཀྱང་། དེ་དུས་དཀའ་བཞི་བ་(བླ་མ་བློ་བཟང་གྲགས་པ)འདིས་ཕར་འགྲེལ་རྒྱ་གཞུང་ཉེར་གཅིག་ཁོང་དུ་ཆུད་པའི་གྲྭ་བསྐོར་གྱི་དྲིལ་བསྒྲགས་པས་དབུས་གཙང་གཉིས་སྤ་ཀོང་བར་གྱིས་ཤིང་། གར་སླེབས་ལ་སུས་ཀྱང་གླགས་མ་རྙེད་པ་ཡིན་ཞེས་བསྔགས་པ་དང་། ཉིན་གཅིག་ལ་རྒྱ་གར་སྐད་བཅོ་ལྔའི་དབུ་དུས་གཅིག་ཏུ་བཙུགས་ནས། ཟླ་ངོ་གསུམ་ལ་ཐུགས་ཐོག་ཏུ་གཞུང་ཆེན་བཅུ་བདུན་གྱི་བཤད་པ་རྫོགས་པར་མཛད་དེ། འཛམ་གླིང་ལ་སྔོན་མེད་ཀྱི་ཟིན་ཐོ་བཀོད་པ་དང་། ད་དུང་རྗེའི་བཀའ་འབུམ་སྤྱི་དང་ཁྱད་པར་ཁུངས་སྐྱེལ་རྒྱལ་བའི་བཀའ་དང་བསྟན་བཅོས་ཁོ་ན་ལ་གཞི་བཅོལ་བའི་ལྟ་བའི་གཞུང་ཆེན་ལྔ་རང་རེའི་བགོ་སྐལ་ལ་གནང་བཞག་པ་འདི་ཡིན།།

དེ་ནས་དགུང་ལོ་ཉེར་བདུན་ནས་སོ་བདུན་བྱ་བྲལ་ལ་མ་ཕེབས་གོང་གི་ལོ་ངོ་བཅུ་ལ། ཉང་སྟོད་ཀྱི་གོང་གསུམ་བདེ་ཆེན་དང་། གཙང་གི་ཞྭ་ལུ་དགོན་བཅས་སྒྲུབ་གྲྭ་ཆེན་པོ་བཅུ་དྲུག་ཙམ་ནས། འབྲས་བུའི་ཐེག་པ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་རྒྱ་གཞུང་རྒྱ་མཚོ་ལྟ་བུའི་དབང་བཤད་བཀའ་དང་། རྩལ་བཤད་འཆད་ཉན། མན་ངག་ཟབ་ཁྱད་ཡོངས་ཀྱི་བདག་པོར་བཞེངས་ཏེ། སངས་རྒྱས་ལག་སྟེར་གསང་ཆེན་རྒྱུད་ཀྱི་གཞུང་འགྲེལ་པོད་ཆེན་བཅུ་ཕྲག་ཅིག་རང་རེ་བགོ་སྐལ་ཏུ་འཇོག་གནང་མཛད་པ་སྟེ། བོ་དོང་པཎ་ཆེན་མཆོག་ནས། དེང་སང་བོད་ཡུལ་འདི་ན་རླུང་སེམས་ཀྱི་ཆོས་སྐད་སྨྲ་བ་མང་དུ་འདུག་ཀྱང་། ཆོས་རྗེ་བློ་བཟང་གྲགས་པ་ཁོ་ན་ཟབ་པ་ཡིན། བློ་བཟང་གྲགས་པ་འཇིག་པོ་ཡིན། འཇིག་འཇིག ཅེས་བླ་ན་མེད་པའི་བསྔགས་བརྗོད་དང་གདེངས་འཇོག་གི་ཆེ་བ་དང་།།

དེ་ནས་དགུང་ལོ་སོ་དྲུག་སྨད་ནས་འཇམ་པའི་དབྱངས་ཀྱི་གསུང་གིས་བསྐུལ་ཏེ་བྱ་བྲལ་དུ་བྱོན་ཞིང་། བྱ་བྲལ་རྗེས་ནས་སྐུ་མྱ་ངན་ལས་མ་འདས་ཀྱི་བར་བཤད་སྒྲུབ་ཟུང་འབྲེལ་གྱིས་རྒྱལ་བའི་བསྟན་པ་དྲི་མ་མེད་པར་སྤེལ་ཅིང་། ཕ་སྟོན་པ་ལ་བུ་སྟོན་པ། བུ་སློབ་མཁས་གྲུབ་རྗེ་རང་འདྲ་བ་མང་བོ་བསྐྱངས་པ་དང་། སྔོན་གྱི་ཐུགས་བསྐྱེད་བདེན་པའི་མཛད་འཕྲིན་དུས་ཁོར་མོར་གཞོལ་བའི་སྟོབས་ཀྱིས། ལོའི་བགྲང་བྱ་བརྒྱ་ཕྲག་དང་། བརྒྱད་བཅུ་དང་དགུ་བཅུ་རྩའི་ལོ་རྒྱུས་མ་ཡིན་པར་དགུང་ལོ་དྲུག་ཅུ་རྩ་ནང་། རྗེའི་བསྟན་པའི་འཕྲིན་ལས་གདུགས་གཅིག་གིས་སའི་དཀྱིལ་འཁོར་མ་ལུས་པ་ཡོངས་སུ་བཟུང་བའི་རྨད་དུ་བྱུང་བའི་རྣམ་ཐར་གྱི་འགང་འདི་ཐོན་པ་ཡིན།

མདོར་ན། རྗེ་ཉིད་ཀྱིས། ཡང་དེའི་ཚེ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་མཐར་ཐུག་པའི་ལྟ་བ་དང་། གསང་བ་འདུས་པའི་ལམ་རིམ་པ་ལྔ། དེའི་ནང་ནས་ཀྱང་སྒྱུ་ལུས་འདི་ཤིན་ཏུ་རྟོགས་དཀའ་བ་དང་། རྟོགས་ན་དོན་ཆེ་ཞིང་མ་རྟོགས་ན་ནི་ལོག་པར་ལྟུང་བའི་གཡང་སའང་ཤིན་ཏུ་ཆེ་ལ། དེ་ཁོ་ན་ཉིད་བསྒོམ་པ་དང་། སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ནས་སངས་རྒྱས་འཚོལ་བ་སོགས་ཚིག་ཙམ་དུ་འགྱུར་བར་དགོངས་ཏེ། འདི་དག་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་བཞིན་འཁྲུལ་མེད་དུ་སྟོན་པའི་བཤེས་གཉེན་དམ་པ་རྒྱ་བོད་བལ་གསུམ། དབུས་གཙང་ཁམས་གསུམ་སོགས་གང་ན་ཡོད་ཀྱང་དེའི་ཁུངས་ཤིག་རྙེད་ན་ནི། དེ་འཚོལ་བའི་ཕྱིར་དུ་ལུས་སྲོག་ཐེད་ལ་བོར་ནས་དཀའ་བ་ཅི་བྱུང་ཡང་དང་དུ་བླངས་ཏེ། ད་ལྟ་ཉིད་དུའང་འགྲོ་དགོས་དགོངས་པ་སྙིང་ནས་ཤུགས་དྲག་པོ་དེའི་ཚེ་ཡོད། ཅེས་གསུངས་པའི་རྒྱལ་བའི་བསྟན་པ་གྲུ་བཞི་ལམ་གྱིས་འཛིན་པའི་ཐུགས་སྟོབས་རླབས་པོ་ཆེ་དང་།

ཡང་། ཇི་འདྲ་བ་རྟོགས་དཀའ་བ་ཞིག་ཡིན་ནའང་། ཐོག་མར་རིགས་པས་ཞིབ་ཏུ་དཔྱད་པས་ཕལ་ཆེར་དགོངས་འོང་། དེ་ལྟར་མཛད་ཀྱང་ཐུགས་ངེས་མཐའ་ཆོད་པ་འདྲེན་མ་ཐུབ་པ་རྣམས་ལ། བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ཐ་མི་དད་ལ་གསོལ་བ་དྲག་ཏུ་བཏབ་ཅིང་མཎྜལ་ཕུལ་བས། དེ་མ་ཁད་འབད་མེད་དུ་དཔྱིས་ཕྱིན་པར་དགོངས་ནས་འོང་བ་བསྙོན་མི་ནུས་པར་ཡོད་ལ། ཞེས་དང།

གཞན་ཡང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་དང་གསུང་གི་སྣང་བ་སོགས་ཀྱི་རྣམ་པར་ཐར་བ་ཞིབ་པར་ནི་དངོས་སུ་ཡོངས་ལ་བསྒྲག་པར་མི་ནུས་མོད། འོན་ཀྱང་གསུང་རབ་ཀྱི་དོན་ལ་ཚུལ་ཇི་ལྟར་དཔྱོད། དཔྱད་པ་རྫོགས་མ་རྫོགས་ཉམས་ལེན་གྱི་གནད། གདུལ་བྱ་ཇི་ལྟར་བཀྲི། འཁོར་ཇི་ལྟ་བུར་བསྟེན། གནས་ཇི་ལྟ་བུར་བཞུགས་པ་སོགས་ཕལ་ཆེར་རང་བཟོས་ཞུགས་པ་མ་བྱས། ཞེས་སོགས་གསུངས་པའི་ཐུན་མོང་མ་ཡིན་པའི་རྣམ་ཐར་བཅས་ལས། རྗེ་བླ་མའི་བསྟན་པ་དང་རྣམ་ཐར་ནི་གཅིག་ཏུ་བསྟན་པ་དང་འགྲོ་བ་ཁོ་ན་ཐུགས་ལ་བཅགས་པ་ཞིག་དང་། རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟན་པ་དང་རྣམ་ཐར་ཉིད་ཀྱི་གནད་དང་བཅས་སོ་ཞེས་བློ་སྤོབས་དཔའ་གདེངས་དང་བཅས་སྨྲའོ།།

འདིར་ཡོངས་གྲགས་ཀྱི་རྗེའི་རྣམ་ཐར་རྣམས་དང་་འགྲོས་མ་མཐུན་པ་ཅི་རིགས་ཡོད་དགོངས་ཚེ། ཁོ་བོས་བྲིས་པའི་<རྗེ་བླ་མའི་མཚན་གྱི་རྣམ་གྲངས་དང་།>ཞེས་པ་དང་། <རྗེ་བླ་མ་ཙོང་ཁ་བ་ཆེན་པོའི་ཀློག་པ་ཐོས་བསམ་གྱི་འགྲུལ་བཞུད་རིང་མོ།>ཞེས་པ། <ཆུ་དཀར་རི་ཁྲོད་ཀྱི་ཙོང་ཁའི་ལྷ་བུ་གཞོན་ནུ>ཞེས་པ། <རྗེའི་རྣམ་ཐར་ཆེན་མོ་དད་པའི་འཇུག་ངོགས་ཀྱི་རྩོམ་ཁུངས་དང་ཁྱད་ཆོས>ཞེས་པ་།<རྗེ་བླ་མ་ཙོང་ཁ་བ་ཆེན་པོའི་ཐུགས་གཤིས་དང་སྐུ་གཟུགས་ཞལ་རས་སོགས་གླེང་བ།>ཞེས་པ་དག་ལ་གཟིགས།

བསྟན་བཅོས་ཀྱི་ཆེ་བ།

དང་པོ།  གཞུང་མཛད་པའི་རྒྱབ་ལྗོངས།

དེ་ཡང་དུས་སྐབས་དེར་ལྟ་བའི་འཛིན་མཚམས་སྣ་ཚོགས་པར་གྱུར་བས་ལྟ་གྲུབ་མ་གཙང་བས་ཡོངས་སུ་ཁྱབ་པ་དང་། སྒོམ་པའི་སེམས་འཛིན་ཁུངས་མེད་རྒྱབ་ཆད་མུན་འཐོམ་ཙོམ་འཇོག་གིས་ཡེར་བ། སྤྱོད་པའི་ལག་ལེན་གང་ལའང་རྩིས་མེད་པའི་འཆལ་བར་སྤྱོད་པ། ཁྱད་པར་དུ་རྒྱལ་བའི་དགོངས་དོན་དྲང་ངེས་འབྱེད་པ་ལ་ལུང་ཙམ་རྩ་འཛིན་བྱེད་པའི་ཐབས་ཤིན་ཏུ་སྐྱོ་བོ་ཞིག་ཏུ་ཡུན་རིང་བོར་སོང་ཡོད་ཚོད། དེ་འདྲའི་ཤེས་རིག་གི་ཁ་དབུགས་འབག་རྩོག་པ་དང་གནས་སྟངས་ཐབས་སྐྱོ་བོའི་འོག གང་ཞིག་མུན་པས་འགྲོ་བའི་གནས་གང་ལ་ལམ་མ་བྱིན་པའི་གནས་སྐབས་དེ་ལ། དེ་སེལ་གྱི་རེ་བའི་འོད་སྣང་ཕྲ་མོ་རེ་འབྱུང་ངེས་པའི་གནས་ཚོད་སངས་རྒྱས་ཀྱི་འཕྲིན་ལས་རྩོལ་བ་མེད་པའི་བྱིན་མཐུ་དུས་ལས་ཡོལ་བ་མེད་པ་དང་། དེང་ནས་བརྩམས་ཏེ་བདག་གིས་ལུས་དང་སྲོག་ལ་མི་བལྟ་བར་མ་དག་པའི་ཞིང་གྲངས་མེད་པར། ཟབ་མོ་དབུ་མའི་ལམ་དང་འབྲེལ་བའི་རྡོ་རྗེ་ཐེག་པའི་ལམ་བཟང་རྒྱས་པར་བྱའོ། །ཞེས་སྔོན་གྱི་རྒྱལ་སྲས་སྙིང་སྟོབས་ཆེན་པོའི་ཐུགས་སྨོན་ཞལ་བཞེས་དུས་ལ་བབས་པའི་ཉེར་ལེན་གྱི་སྟོབས་ལས། རིན་པོ་ཆེ་འདི་ཉིད་རང་རེའི་མགོན་སྐྱབས་དཔུང་གཉེན་དུ་མུན་པའི་ཀློང་ལ་འོད་བཏེགས་པ་ནང་བཞིན་བྱོན་ནོ།།

བྱོན་ནས་ཀྱང་རྗེ་བླ་མའི<དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པ་ལེགས་པར་བཤད་པའི་སྙིང་བོ>ནི། རྗེའི་ལྟ་བའི་གཞུང་ཆེན་ལྔའི་སྙིང་བོའི་སྙིང་བོར་གྱུར་པ་དང་། གཞུང་དེ་ཉིད་ཀྱི་ཤོང་ཚད་སྙོལ་ཚད་ཀྱི་ཆའི་འགན་ཀྱང་ཤིན་ཏུ་ཆེ་བར་ཡོད་པས། གདོན་མི་ཟ་བར་(༡)དེ་ལྟའི་ཆོས་རིག་གཉིས་ཆ་ཉམ་ཆག་ཅིང་རྩོད་པ་ཅན་དུ་གྱུར་བའི་ཁ་དབུགས་གནས་ཚད་ཀྱིས་ཤུགས་མ་ཐུབ་ཀྱིས་གཏུགས་ཤིང་། དེའི་དངོས་གཉེན་དམིགས་སྒོ་ལ་ཆེད་དུ་དགོངས་པ་ནི་སྔོན་གྱི་ཐུགས་སྨོན་ཞལ་བཞེས་ཅིས་ཀྱང་ཡིན་ངེས་པ་ཐེ་ཚོམ་མེད་པའི་ཕྱོགས་གཅིག་དང་། (༢)གསུང་རྒྱུན་ལ་ས་སྐྱའི་མཁས་གྲུབ་ཆེན་པོ་གཡག་གཞོན་གཉིས་ཞེས་རླུང་ལྟར་གྲགས་པའི་གཡག་ཕྲུག་སངས་རྒྱས་དཔལ་གྱིས་རིན་པོ་ཆེ་འདི་བར་དྲང་ངེས་ལས་བརྩམས་པའི་དྲི་བ་མང་དུ་མཛད་ཅིང་བརྩད་པའི་དྲི་རྨེད་ཀྱི་ལན་ལ་བརྩམས་ཤིང་གྲུབ་པའི་ཕྱོགས་དང་། (༣)རྗེ་བཙུན་འཇམ་པའི་དབྱངས་དང་ལྟ་བའི་བགྲོ་བ་མཛད་པའི་ཟིན་བྲིས་གཞི་ལ་བཞག་པའི་རྩོམ་སྐུལ་རྗེ་བཙུན་རང་གིས་གནང་བའི་ཕྱོགས་བཅས། རྗེ་བླ་མ་རང་འཇིག་རྟེན་ལ་བསྟན་བཅོས་ཆེན་པོ་གཉིས་ཁོ་ནའི་ཆེད་བྱོན་པར་གྲགས་པའི་གྲས། བསྟན་བཅོས་རིན་པོ་ཆེ་འདི་ལ་ནི་ཕྱོགས་དེ་གསུམ་ལྡན་དུ་གྲགས་ཤིང་གྲུབ་པ་ཡིན་ནོ།།

དེ་ལ་དང་པོ་ནི། དྲང་ངེས་རྣམ་འབྱེད་རང་གི་དབུ་ཡི་རྩོམ་པ་དམ་བཅའ་དང་། གླེང་གཞིའི་རྩོམ་པ་ནས་བརྩམས་ཏེ། དེ་དུས་ཀྱི་གནས་སྟངས་ཚུལ་ལུགས་སྒྲོ་བསྐུར་མེད་པར་སྲོང་བོར་བརྗོད་ཡོད་པ་ཡིན་ཏེ།

གཞུང་ལུགས་མང་ཐོས་རིགས་པའི་ལམ་དུའང་།། ངལ་བ་མང་བསྟེན་མངོན་པར་རྟོགས་པ་ཡི།། ཡོན་ཏན་ཚོགས་ཀྱིས་མི་དམན་དུ་མས་ཀྱང་།། འབད་ཀྱང་རྟོགས་པར་མ་གྱུར་གནས་དེ་ནི།། འཇམ་མགོན་བླ་མའི་དྲིན་གྱིས་ལེགས་མཐོང་ནས།། ཤིན་ཏུ་བརྩེ་བའི་བསམ་པས་བདག་གིས་བཤད།། ཅེས་ཚད་མ་རིག་པ་དང་ཕར་ཕྱིན་སོགས་གཞུང་རིགས་མི་འདྲ་བ་སྟོང་ཕྲག་ཁ་ཤས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བར་མཛད་པས། གྲོ་ལུང་པས། དམ་ཆོས་སྒྱུར་ལ་མངའ་བརྙེས་པ། །རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང༌། །འབུམ་ཕྲག་གཅིག་དང་ཁྲི་ཁྲག་གསུམ། །སྟོང་ཕྲག་བདུན་ནི་ལྷག་བཅས་བསྒྱུར། ། ཅེས་འབྱུང་བའི་བོད་དུ་རྔོག་ལོ་ཆེན་པོར་(1059—1109)ཐོགས་པའི་རྔོག་བློ་ལྡན་ཤེས་རབ་དང་། ད་དུང་བོད་དུ་ཀུན་མཁྱེན་དུ་འབོད་པའི་བུ་སྟོན་རིན་པོ་ཆེ་(ཕྱི་ལོ་1290~1364)སོགས་གཞུང་ལུགས་ལ་ཤིན་ཏུ་མང་བོའི་ཐོས་པ་དང་ལྡན་པ་དག་དང་།

རིགས་ལམ་ཆོས་ཚུལ་ལ་སྐུ་ངལ་མང་དུ་བསྟེན་ཞིང་། བྱས་པའང་ཤིན་ཏུ་ཆེ་བའི་སྨྲ་བའི་སེང་ཆེན་བརྒྱད་དུ་གྲགས་པའི་ཆ་བ་ཡབ་སྲས་དང་། གངས་རིའི་ཁྲོད་དུ་པཎྜིཏའི་མཚན་སྙན་ཐོབ་པའི་མཁས་པའི་དང་པོར་གྱུར་པ། འཕྲོག་བྱེད་དགའ་བོ་སོགས་རྒྱ་གར་ལྷོ་ཕྱོགས་ཀྱི་མུ་སྟེགས་ཀྱི་སྟོན་པ་དྲུག་རྩོད་པས་ཚར་བཅད་དེ། རལ་བའི་ཁུར་བྲེགས་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་པར་མཛད་པས། ས་སྐྱ་པཎ་ཆེན་དུ་(ཕྱི་ལོ1182~1251)རྩོད་མེད་ཡོངས་སུ་གྲགས་པ་ཅན་བཅས་རིགས་ལམ་ཚད་མ་ལ་ངལ་བ་མང་དུ་བསྟེན་པ་རྣམས་དང་།

མངོན་པར་རྟོགས་པའི་ཡོན་ཏན་གྱི་ཆེ་བས་མི་དམན་པ་ཞེས་ཡུ་མོ་མི་བསྐྱོད་རྡོ་རྗེ་མཆོག་དང་། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཞབས་(1243—1324)། ཀུན་མཁྱེན་དོལ་བུ་པ་ཤེས་རབ་རྒྱལ་མཚན་(ཕྱི་ལོ1292-1361) སོགས་བོད་ཀྱི་ཆེ་རྒུ་ཐམས་ཅད་ཀྱིས་ཀྱང་མ་དགོངས་པའི་གནས་དེ་ནི་ཁོ་བོས་བཤད་ཅེས་གསུངས་ན་ནི་གཞན་གྱིས་ནི་ལྟ་ཅི། འདིའི་ངོས་འཛིན་དང་སྦྱར་བ་གཞན་དུ་བཤད་པ་ཡོད་ཀྱང་། དོན་གྱི་གོ་རིམ་དང་བྱུང་བའི་རབས་སྦྱོར་བ་འདིར་ཤིན་ཏུ་འཐད་དེ། དེ་ཡང་གང་ཡིན་ཐམས་ཅད་དབྱུག་པ་ལེབ་རྡུང་མིན་པར་རང་རྐང་ཡིག་འཇོག་ཅན་ཁོ་ན་ལ་དགོངས་པས་ཀྱང་དེ་ལྟར་འཐད་དོ།།

ཡང་དེ་མ་ཐག་པའི་མུར། དེ་ཉིད་ལས། ཆོས་རྣམས་ཀྱི་དེ་བཞིན་ཉིད་ནི་ཤིན་ཏུ་རྟོགས་དཀའ་བ་དང་། མ་རྟོགས་ན་འཁོར་བ་ལས་མི་གྲོལ་བར་གཟིགས་ནས་ཐུགས་རྗེ་ཅན་གྱི་སྟོན་པས་ཐབས་ཀྱི་ཚུལ་དང་། རིགས་པའི་སྒོ་དུ་མ་ཞིག་གིས་དེ་ཁོང་དུ་ཆུད་པ་ལ་འཛུད་པར་གསུངས་སོ། །དེའི་ཕྱིར་རྣམ་དཔྱོད་དང་ལྡན་པ་དག་གིས་དེ་ཉིད་ཇི་ལྟར་ཡིན་ཁོང་དུ་ཆུད་པའི་ཐབས་ལ་འབད་དགོས་ལ། དེ་ཡང་རྒྱལ་བའི་གསུང་རབ་ཀྱི་དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེད་པ་ལ་རག་ལས་ཤིང་། དེ་གཉིས་རྣམ་པར་འབྱེད་པ་ལ་ཡང་འདི་ནི་དྲང་བའི་དོན་ནོ། འདི་ནི་ངེས་པའི་དོན་ནོ་ཞེས་གསུངས་པའི་ལུང་ཙམ་གྱིས་ནུས་པ་མ་ཡིན་ཏེ། གཞན་དུ་ན་ཤིང་རྟ་ཆེན་པོ་དག་གིས་དྲང་ངེས་འབྱེད་པའི་དགོངས་འགྲེལ་བརྩམས་པ་དོན་མེད་པར་འགྱུར་བའི་ཕྱིར་དང་། གསུང་རབ་ལས་དྲང་ངེས་ཀྱི་འཇོག་ཚུལ་མི་མཐུན་པ་དུ་མ་གསུངས་པའི་ཕྱིར་དང་། འདི་ནི་འདིའོ་ཞེས་གསུངས་པ་ཙམ་གྱི་ལུང་གིས་དེ་ལྟར་གཞག་པར་ནི་མི་ནུས་ལ། དེའི་ཚེ་སྤྱི་ལ་དེ་ལྟར་མ་ཁྱབ་པ་ན་བྱེ་བྲག་དྲང་ངེས་ལ་ཡང་འདི་འདིའོ་ཞེས་གསུངས་པ་ཙམ་གྱིས་ཀྱང་སྒྲུབ་མི་ནུས་པའི་ཕྱིར་རོ།

དེའི་ཕྱིར་གསུང་རབ་ཀྱི་དྲང་ངེས་འབྱེད་པར་ལུང་བསྟན་པའི་ཤིང་རྟ་ཆེན་པོ་དག་གིས་དྲང་ངེས་ཀྱི་དགོངས་པ་བཀྲལ་ཞིང་། དེ་ཡང་ངེས་དོན་གྱི་གསུང་རབ་ཀྱི་དོན་གཞན་དུ་འདྲེན་པ་ལ་གནོད་བྱེད་དང་། གཞན་དུ་དྲང་དུ་མི་རུང་བར་དོན་དེར་ངེས་པའི་སྒྲུབ་བྱེད་ཀྱི་རིགས་པས། ལེགས་པར་གཏན་ལ་ཕབ་པ་ཞིག་གི་རྗེས་སུ་འབྲངས་ནས་དགོངས་པ་འཚོལ་དགོས་པས། མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་ཏེ། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་དང་། ཞེས་བཀའ་སློབ་ལམ་སྟོན་གནད་སྨིན་མཛད་པའི་ཕྱིར་ཏེ།

དེ་དུས་དྲང་ངེས་སྟོན་པའི་རྩོམ་པ་དྲང་ངེས་རྣམ་འབྱེད་ལྟ་བུ་ལྟ་ཅི། དེའི་ཕྱོགས་མཚུངས་ཙམ་པའང་ཡིན་ངེས་པ་མེད་པར། འདི་དང་འདི་ནི་དྲང་དོན་ནོ། འདི་དང་འདི་ནི་ངེས་དོན་གྱི་མདོའོ་ཞེས་པའི་བམ་བཤད་སྒྱིད་ལུག་པ་དང་། དེ་ཡིན་པའི་རྒྱབ་རྟེན་གྱི་ལུང་དེ་དང་དེ། དེ་མིན་པའི་ལུང་འདི་དང་འདིའོ་ཞེས་ལུང་རྐྱང་ཁ་ཁྲལ་ཙམ་ཁོ་ནའི་རྗེས་ལ་འཇུག་ལྡོག་གི་ཚུལ་ཙམ་ལས་མེད་པ། མང་བོ་མི་དགོས་པ་གོང་དུ་དྲངས་མ་ཐག་པའི་ལུང་འདི་གཉིས་ལས་ཤིན་ཏུ་གསལ་བས། རྗེ་ནས་སྒྲོ་སྐུར་ཚོད་བཤད་བསྐལ་བའི་བར་དུའང་མི་སྲིད་པ་གསུང་རབ་པོད་ཆེན་བཅོ་བརྒྱད་དཔང་དུ་བཞག་པ་ཡིན་ཏེ། དེ་དང་དེ་འདྲའི་གནས་སྟངས་དམིགས་སྒོ་དང་། བསྟན་པ་སྤྱིའི་ཉམ་ཆག་དངོས་གཉེན་ལ་རྗེ་བླ་མས་དྲང་ངེས་རྣམ་འབྱེད་ཆེན་པོ་མཛད་པ་ནི་ཤིན་ཏུ་གསལ་ལོ།

དེ་ཡང་ཟམ་གདོང་རིན་པོ་ཆེས། ཟུར་ཕུད་ལྔ་བ་མིའི་གཟུགས་སུ་བཟློ་བ་འཇམ་མགོན་ཙོང་ཁ་བ་ཆེན་པོས་དཔྱད་གསུམ་རྣམ་པར་དག་པའི་རིགས་པའི་ལམ་ནས་རྒྱལ་བའི་བསྟན་པ་ལ་མ་རྟོགས་པ་དང་། ལོག་པར་རྟོག་པ། ཐེ་ཚོམ་གྱི་དྲི་མ་མཐའ་དག་རྣམ་པར་བསལ་ནས་རྒྱལ་བའི་དགོངས་དོན་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་ཀྱིས་ཇི་ལྟར་བཀྲལ་བ་བཞིན། ལུང་རིགས་དྲི་མ་མེད་པའི་སྒོ་ནས་ཡོངས་སུ་གསལ་བར་མཛད་པའི་ལེགས་པར་བཤད་པའི་སྐྱེས་བཟང་རྨད་དུ་བྱུང་བ། གངས་རིའི་ལྗོངས་ཀྱི་བློ་གསལ་དོན་གཉེར་བ་རྣམས་ཀྱི་རེ་བ་ཡོངས་སུ་སྐོང་བའི་གསུང་རབ་མང་བོ་བརྩམས་པར་མཛད་པ། དེ་དག་ཐམས་ཅད་ཀྱི་ནང་ནས་ཆེས་ངོ་མཚར་རྨད་དུ་བྱུང་བའི་གསུང་བཟང་བདུད་རྩིའི་སྙིང་བོའི་ཡང་སྙིང་ནི། དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་བོ་འདི་ཉིད་ཡིན་ཏེ། ཞེས་གསུངས་པ་དང།

ཝ་ན་མཐོ་སློབ་ཀྱི་རྒྱ་གཞུང་སློབ་དཔོན་དགེ་བཤེས་ཡེ་ཤེས་ཐབས་མཁས་ཞབས་ཀྱིས་ཀྱང་་། བསྟན་བཅོས་འདིར་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་ཀྱི་ལྟ་བའི་བཞེད་སྲོལ་མ་ལུས་པ་གསལ་བར་མཛད་པ་ཙམ་དུ་མ་ཟད། དེ་དག་དང་དགོངས་པ་འགྲེལ་ཚུལ་མི་འདྲ་བའི་བོད་ཀྱི་སྔོན་བྱོན་གྱི་མཁས་གྲུབ་རྣམས་ཀྱི་ལྟ་བའི་བཞེད་ཚུལ་རྣམས་ལས་ཀྱང་དགག་པ་མཛད་པ་རྣམས་ལ་མཁས་པ་དེ་དང་དེའི་མཚན་དངོས་སུ་སྨོས་མ་སྨོས་ཇི་ལྟར་ཡང་། དངོས་དང་དོན་གྱིས་དགག་སྒྲུབ་དཔྱིས་ཕྱིན་མཛད་ཡོད་པ་དང་། ཞེས་དང་།

རྟེན་འབྲེལ་གྱི་དངོས་པོ་རྣམས་རང་གི་ངོ་བོ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་གཉིས་སུ་འཛིན་པ་ལ་འགལ་བ་མེད་པར་གནས་པ་ལྟར། ཀླུ་སྒྲུབ་ཀྱི་དབུ་མའི་སྲོལ་ཕྱེ་བའི་དགོས་དོན་གཙོ་བོ་ཡང་སྟོང་བ་དང་རྟེན་འབྱུང་གཉིས་ཕན་ཚུན་གཅིག་གིས་གཅིག་ལ་འགོག་རྐྱེན་དུ་མི་འགྲོ་བར་རང་རང་གི་ངོ་བོ་འཇོག་པ་ལ་ཕན་ཚུན་གྲོགས་སུ་འཆར་བ་འདི་ཡིན་ལ། རྒྱུ་མཚན་དེ་དག་ལས་བསྟན་བཅོས་འདིར་སྟོང་བ་ཉིད་ཀྱི་ལྟ་བའི་དགག་བྱར་རྟེན་འབྲེལ་གྱི་ཆོས་རྣམས་མི་འཇོག་པར་དེ་ལས་ལོགས་སུ་དེ་དག་རང་ངོས་ནས་གྲུབ་པ་དགག་བྱར་ངོས་འཛིན་མཛད་པ་ཡིན་ལ། དེ་ལས་ཐ་སྙད་པའི་དོན་ལ་སྐུར་འདེབས་མེད་པར་བྱ་བྱེད་རུང་བའི་ཚད་གྲུབ་ཏུ་འཇོག་ནུས་ཤིང་། དེ་ལྟར་རྣལ་འབྱོར་བ་རྣམས་ཀྱིས་ཀྱང་གཞི་བདེན་པ་གཉིས་ལས་མི་འདའ་བའི་སྒོ་ནས་ལམ་ཐབས་ཤེས་ཟུང་འབྲེལ་ཉམས་སུ་བླངས་པ་ལས་འབྲས་བུ་སྐུ་གཉིས་འཐོབ་ཚུལ་ལ་ཚད་མའི་ངེས་པ་གཏིང་ཟབ་བསྟན་བཅོས་འདི་ལས་རྙེད་ནུས་སོ། ཞེས་གསུངས་པ་དག་ནི་རང་བཞིན་བརྗོད་པ་ཁོ་ན་ཉིད་དོ།།

གཉིས་པ་ནི། སེ་ར་རྗེ་བཙུན་པ་ཆོས་ཀྱི་རྒྱལ་མཚན་གྱི་མཁས་གྲུབ་རིན་པོ་ཆེའི་རྣམ་ཐར་དུ། དེ་དུས་མཁས་པ་གཡག་གཞོན་གཉིས་ཞེས་པའི་ཡ་གྱལ་ཆོས་རྗེ་གཡག་པས་ཀྱང་རྗེ་ཙོང་ཁ་བ་ལ་དྲང་ངེས་ཀྱི་དྲི་བ་མཛད་པ་ལ། ལན་དུ་དྲང་ངེས་རྣམ་འབྱེད་ལེགས་བཤད་སྙིང་བོ་མཛད་ནས་ས་སྐྱར་བསྐུར་བས་ཆོས་རྗེ་གཡག་པ་ཡང་ཐུགས་ཤིན་ཏུ་འཕྲོགས་ཏེ། ཞེས་དུས་རགས་པ་མཉམ་པའི་མཁས་པའི་གསུང་ན་འདུག་པས་ནི་ཁུངས་བཙན་པ་དང་་། ཕྱིས་ཀྱི་རྗེའི་རྣམ་ཐར་ཀུན་ལའང་ཐོན་ཞིང་། ཆོས་རྒྱུད་གཞན་དང་གཞན་གྱི་མཁས་པའི་གསུང་རྒྱུན་ལའང་རླུང་ལྟར་གྲགས་པས། རྗེ་ནས་དྲང་ངེས་རྣམ་འབྱེད་ཆེན་མོ་ནི་ཆོས་རྗེ་གཡག་པ་སངས་རྒྱས་དཔལ་བའི་དྲི་ལན་དུ་མཛད་པ་རྩོད་པ་མེད་པ་ཡིན་ཏེ།

རིན་པོ་ཆེ་འདི་བ་དགུང་ལོ་བཅུ་དགུའི་ཐོག གནས་རྙིང་གཟུངས་སྒྲུབ་སྟེང་དུ་ཕར་ཕྱིན་གྲྭ་སྐོར་མཛད་དུས། གནས་རྙིང་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱི་དྲུང་ཆོས་རྗེ་གཡག་གཞོན་གཉིས་དང་། རྗེ་ཙོང་ཁ་བས་ཕེབས་ཤིང་རིགས་ལུང་མཛད་དུས། དེ་གསུམ་ཀ་ལ་ཚོགས་མཆོད་ཀྱི་ཞོར་ལ་ཆོས་འབྲེལ་གནང་བ་གནས་རྙིང་བའི་རྣམ་ཐར་ན་འདུག ཅེས་ཟང་ཟང་ནེ་རིང་བའི་རྗེའི་རྣམ་ཐར་<དད་ལྡན་དགའ་བྱེད་>དུ་གསུངས་པས། དེ་དུས་ནས་ཞལ་འཚོ་བ་ཡོད་པས་ཕྱིས་མཁས་གྲགས་ཆོད་པ་གསན་ན་ཤིན་ཏུ་ནས་ཀྱང་དྲི་རྨེད་ཀྱི་འོས་བབ་ཡོད་པ་དང་།

ཁྱད་པར་དུ་གཞུང་རང་གི་མཇུག་ཏུ། ད་ནི་འདི་དྲི་བར་བྱ་སྟེ། ཅི་ཤིང་རྟ་ཆེན་པོའི་སྲོལ་གཉིས་ཀྱིས་གསུང་རབ་ཀྱི་དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བ་དང་། དེ་དག་གི་དགོངས་པ་མཁས་པའི་དབང་བོ་རྣམས་ཀྱིས་སོ་སོར་བཀྲལ་བའི་སྒོ་མང་དུ་སྣང་ན། ཁྱེད་ཅག་དེ་གཉིས་ཀྱི་དགོངས་འགྲེལ་མཁན་པོ་གང་གི་རྗེས་སུ་འབྲངས་ནས། ངེས་པའི་དོན་དུ་བཞག་པ་གང་ལ་མཐར་ཐུག་པའི་དོན་དུ་འདོད་པ་བརྗོད་པར་གྱིས་ཤིག་ཅེས་འདྲི་ན།

འཛམ་གླིང་མཁས་པའི་རྒྱན་གྱུར་འདི་རྣམས་ཀྱི།། ལེགས་བཤད་ཀུན་ལ་སྙིང་ནས་གུས་མོད་ཀྱང་།། འཁོར་འདས་རྟེན་འབྱུང་མི་བསླུའི་གཏན་ཚིགས་ཀྱིས།། མཚན་འཛིན་དམིགས་གཏད་ཐམས་ཅད་འཇིག་བྱེད་པ།། ཟླ་བ་ལས་འོངས་ལེགས་བཤད་འོད་དཀར་གྱིས།། བློ་མིག་ཀུན་དའི་ཚལ་རབ་ཕྱེ་བའི་ཚེ།། སངས་རྒྱས་བསྐྱངས་ཀྱིས་བསྟན་པའི་ལམ་མཐོང་ནས།། ཀླུ་སྒྲུབ་ལུགས་བཟང་གཙོ་བོར་མི་འཛིན་སུ།། ཞེས་ཁོ་བོ་ཅག་ནི་དེ་སྐད་སྨྲའོ། ཞེས་པ་ནི་ཆོས་རྗེ་གཡག་པའི་དྲི་རྨེན་གྱི་གསུང་རིས་ཇི་བཞིན་བཀོད་པ་ཡིན་ཐེ་ཚོམ་མེད་ཅིང་།

དེའི་གཤམ་དུ་མུ་མཐུད། དེ་ལྟར་སྔར་བཤད་པའི་ཚུལ་གྱིས་གསུང་རབ་ཀྱི་དྲང་ངེས་ཕྱེ་ནས་དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་ཤིང་རྟའི་སྲོལ་གཉིས་པོ་འདི་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྐབས་སུ་རྒྱས་མོད་ཀྱང་། གསང་སྔགས་ཀྱི་གཞུང་འགྲེལ་བའི་པཎྚིཏ་དང་། གྲུབ་ཐོབ་རྣམས་ཀྱིས་ཀྱང་དེ་གཉིས་གང་རུང་ཞིག་དང་མཐུན་པར་དེ་ཁོ་ན་ཉིད་ཀྱི་དོན་གཏན་ལ་འབེབས་པ་ལས། གཞན་པའི་ཕུང་གསུམ་མེད་པས་ཚུལ་འདི་ནི་གསུང་རབ་མདོ་སྔགས་མཐའ་དག་གི་དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་ལམ་དུ་ཤེས་པར་བྱའོ།

དེའི་ཕྱིར་ཚུལ་གཉིས་ཀྱི་ཤིང་རྟ་ཆེན་པོའི་སྲོལ་ལ་མི་བརྟེན་པར་དེ་ཁོ་ན་ཉིད་འཚོལ་བ་ནི་ལོང་ཁྲིད་མེད་པའི་ལོང་བ་ཉམ་ང་བའི་ཕྱོགས་་སུ་རྒྱུག་པ་དང་འདྲ་ལ། བརྟེན་པར་འདོད་ཀྱང་འདི་དག་གི་གཞུང་ལ་རིང་དུ་མ་འདྲིས་པ་དང་ཁྱད་པར་དུ་འདི་དག་གི་རིགས་པའི་གནད་ཕྲ་མོ་རྣམས་མི་ཤེས་པར། གསུང་རབ་ཀྱི་དྲང་ངེས་འབྱེད་པའི་ཚིག་འགའ་ཞིག་ལ་བརྟེན་ནས། ལུང་ཙམ་སྐྱབས་སུ་གྱུར་བ་རྣམས་ཀྱིས་དེ་ཁོ་ན་ཉིད་ཀྱི་གཏམ་བྱས་སུ་ཟིན་ཀྱང་ཚིག་ཙམ་ཞིག་སྙིང་བོར་ཟད་པར་མཐོང་ནས། དོན་གྱི་གནས་ཆེ་ལོང་ཙམ་དུ་མ་ཞིག་མཐོང་ཡང་ཡིད་མི་ཚིམ་པར་ཤིང་རྟ་ཆེན་པོ་རྣམས་ཀྱིས་གསུང་རབ་ལྟ་བའི་མིག་ཏུ་ཕྱིན་པའི་རིགས་པའི་གནད་ཕྲ་རགས་རྣམས་ལ་ལེགས་པར་འདྲིས་པར་བྱས་ནས། གསུང་རབ་ཀྱི་རྒྱ་ཆེ་བ་དང་ཟབ་པ་དང་ཟབ་པ་ལས་ཀྱང་ཆེས་ཟབ་པའི་ཟབ་གནས་རྣམས་གཏན་ལ་འབེབས་པ་ལ་བརྩོན་པ་ཆུ་བོའི་རྒྱུན་ལྟར་རྩོམ་ཞིང་། ཇི་ཙམ་ཤེས་པ་དེ་ཙམ་དུ་སྒྲུབ་པ་སྙིང་བོར་བྱས་ཏེ། རྒྱལ་བའི་བསྟན་པ་རིང་དུ་གནས་པར་འདོད་པའི་རྣམ་དཔྱོད་ཅན་རྣམས་ལ་ཁོ་བོས་ལེགས་པར་བཤད་པའི་སྙིང་བོ་འདི་གཏམ་དུ་བྱས་སོ།

ཞེས་པའང་གསུང་ལན་གྱི་བསྟན་བཅོས་ཡོངས་སུ་རྩོམ་པ་གྲུབ་་མཚམས་འབུལ་བ་དང་སྟབས་བསྟུན་རྗེ་གཡག་པ་ལ་དངོས་སུ་སྤྲིངས་པའི་གསུང་འཕྲིན་ནམ། ཡང་ན་གསུང་འཕྲིན་དེ་ཉིད་གཞུང་གི་མཇུག་རྩོམ་དུ་བཀོད་པའམ། བསྟན་བཅོས་ཀྱི་ལུས་སྡོམ་གྱི་ཚུལ་ཏུ་ཆོས་རྗེ་གཡག་པ་ཞབས་ཚུད་པའི་ཀུན་ལ་ཁྱབ་པར་བསྲིངས་པ་གང་རུང་ལས་མ་འདས་པའོ། །ཁོ་བོས་ལེགས་པར་བཤད་པའི་སྙིང་བོ་འདི་་གཏམ་དུ་བྱས་སོ། །ཞེས་རྒྱལ་བོའམ་ཆེན་པོ་དག་གི་བཀའ་ཤོག་དང་། གསུང་འཕྲིན་དག་གི་དབུ་ལ་གང་ཞིག་ལ་བཟློ་བ་ཞེས་དང་། གོ་བར་གྱིས་ཞེས་པ་དང་འདྲ་བར་རྗེའི་བཀའ་འབུམ་གཞན་གང་དང་ཡང་མ་འདྲ་བའི་ཐུན་མོང་མ་ཡིན་པའི་ཆོས་འདི་ལས་ཀྱང་གོའོ།།

གསུམ་པ་ནི། བོད་དུ་སྔར་མ་བྱུང་ཕྱིས་མི་འབྱུང་བ་བླ་མ་འདིའི་ཐུན་མོང་མ་ཡིན་པའི་རྣམ་ཐར་ཏེ། ལྷག་པའི་ལྷ་དང་བཀའ་བགྲོ་བ་མཛད་ཅིང་ལྷའི་གསུང་གིས་བསྐུལ་ཞིང་གནང་བའི་རྩོམ་པ་མཛད་ཚུལ་ཡང་། རྗེ་དགུང་ལོ་སོ་དྲུག་ལ། མཁས་གྲུབ་པའི་རྗེའི་རྣམ་ཐར་ཆེན་མོར་ཇི་སྐད་དུ། དེའི་དུས་སུའང་བླ་མ་དབུ་མ་བ་ལ་ལོ་ཙཱ་བ་བཅོལ་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་དབུ་མའི་ལྟ་བ་དང་། སྔགས་མཚན་ཉིད་ཀྱི་ཁྱད་པར། སྔགས་བླ་མེད་ཀྱི་ལམ་གྱི་གནད་ཆེ་ཤས་རྣམས་དང་། རིམ་པ་ལྔའི་གོ་རིམ། གྲངས་ངེས་སོགས་མཐའ་ཡས་པ་ཞིག་གི་དྲི་བ་དང་། དོགས་པ་ཆོད་པའི་ཆེད་དུ་བརྒལ་ཞིང་བརྟགས་པའི་སྒོ་ནས་འདྲི་བ་ལ་སོགས་པ་འབའ་ཞིག་གཙོ་བོར་མཛད་དོ། །གཞན་ཡང་གསུང་རབ་ཀྱི་གནད་དང་། དཔྱད་པ་མཛད་པའི་སྒོ་བསྟན་པ་ལ་ཚད་མེད་དོ། །ཞེས་དང་།

ཡང་མཁས་གྲུབ་ལེགས་བཟང་བའི་རྗེའི་གསང་རྣམ<རྨད་བྱུང་གཏམ་གྱི་དགའ་སྟོན>ལས། དེའི་དུས་སུ་རྗེའི་ཞལ་སྔ་ནས་ཀྱི་ཐུགས་ལ་ཡང་ཁས་ལེན་མེད་པའི་ཕྱོགས་བདེ་བར་སྣང་། ལྟ་བའི་སྐོར་ལ་དྲི་བ་དང་བརྒལ་བརྟག་མང་དུ་མཛད། རྗེ་བཙུན་གྱི་གསུང་ནས་རྟེན་འབྲེལ་དང་སྟོང་བའི་ངེས་པ་ཕན་ཚུན་ཆ་མཉམ་པ་ནས། ཁྱད་པར་དུ་རྟེན་འབྲེལ་གྱི་ཕྱོགས་ལ་གཙིགས་སུ་བྱེད་དགོས་ཞེས་ཡང་ཡང་གསུང་། ཞེས་པ་ནས། རྗེ་བཙུན་གྱིས་ཐལ་རང་གི་ཁྱད་པར། ལྷན་སྐྱེས་དང་ཀུན་བཏགས་ཀྱི་བདག་འཛིན་གཉིས་ཀྱིས་ཇི་ལྟར་བཟུང་བ་ལྟར་གྱི་བདག་དང་། རྟགས་ཀྱི་དགག་བྱའི་ཚད་ཕྲ་རགས། ལྟ་བ་རྟོགས་པའི་ཚད། ཐལ་འགྱུར་བའི་ལྟ་བ་འདིའི་ལུགས་ཀྱིས་ཀུན་རྫོབ་རྣམ་པར་འཇོག་པའི་ཚུལ་ལ་སོགས་པ་རྣམས་ཀྱི་དཔྱད་པ་ཞིབ་ཏུ་མཛད་པའི་ས་བོན་ཤིན་ཏུ་འདྲིལ་བ་རེ་དང་། སྔགས་མཚན་ཉིད་ཀྱི་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་པར། དཔལ་གསང་བ་འདུས་པའི་རིམ་པ་ལྔའི་ངོ་བོ་དང་། གོ་རིམ་གྲངས་ངེས་ལ་སོགས་པ་རྣམས་ཀྱི་གནད་ཐུན་མོང་མ་ཡིན་པ་ཤིན་ཏུ་འདྲིལ་བ་རེ་གསུངས། མི་གོ་བ་ལགས་ཞུས་པས་འདི་རྣམས་མ་བརྗེད་པར་གྱིས་ལ་ཟིན་བྲིས་སུ་བྲིས། ཞེས་ལྷག་པའི་ལྷ་དང་མི་དང་མི་ལབ་པ་ནང་བཞིན་གྱི་རྣམ་ཐར་ཐུན་མོང་མ་ཡིན་པ་དང་། ཡི་དམ་ལྷའི་གསུང་ཟིན་སྔ་མ་གཞོན་ནུའི་དུས་ནས་བཞུགས་པ་གཞི་བྱས།

ཕྱིས་དགུང་ལོ་ང་གཅིག་པར་(ཕྱི་ལོ་1407)དབྱར་གནས་སེ་ར་ཆོས་སྡིངས་སུ་བཞུགས། སྐུ་མཚམས་ཤིན་ཏུ་དམ་པར་མཛད། རྟོགས་ལྡན་འཇམ་དཔལ་བའི་རྗེའི་རྣམ་ཐར་ཟུར་འདེབས<བདེ་ལེགས་ཀུན་འབྱུང་>ལས། དེ་ཡང་སྐུ་མཚམས་དམ་པོའི་ཁོག་ནས་གུང་རུ་དགེ་སྦྱོང་ལ་སོགས་པའི་བགྲེས་པ་ཅི་རིགས་ལ་ཞལ་ཏ་བྱོན་ཏེ། རང་རེ་དཔོན་སློབ་རྣམས་ལ་བར་ཆད་ཀྱི་རྣམ་པ་ཅུང་ཟད་ཅིག་སྣང་བས་དེ་སེལ་བའི་ཕྱིར་དུ་ངེད་འདི་ནས་གཞན་དུ་ཟླ་བ་འགའ་འགྲོ་གསུང་། གར་འབྱོན་ཞུས་པས་ད་རེས་བཤད་ན་མི་ཡོང་བའི་གནད་ཅིག་ཡོད་གསུངས་ནས་དཔོན་སློབ་གསུམ་གྱིས་མཚན་མོ་གཅིག་གཞན་གྱིས་མ་ཚོར་བར་ར་ཁ་བྲག་ཏུ་བྱོན། སྐུ་མཚམས་དམ་པར་མཛད་པའི་ཚེ། འཇམ་པའི་དབྱངས་ཀྱིས་དབུ་སེམས་ཀྱི་གྲུབ་མཐའི་གནད་རྣམས་གསུངས་ནས། ད་འདི་རྣམས་ཀྱི་དོན་བསྡུས་པ་ཞིག་ཡི་གེར་གྱིས་གསུང་བ་ལ་བརྟེན་ནས་དྲང་ངེས་རྣམ་འབྱེད་ཆེན་མོའི་རྩོམ་པ་མཛད་པ་ཡིན་ཏེ། ཞེས་རྗེ་རང་ནས་རྗེ་བཙུན་གྱི་ལུང་གིས་ཟིན་པའི་འཁོར་དག་པ་རྣམ་བརྒྱད་གྲས་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ཞབས་ལ་ནང་མོལ་དུ་གསུངས་པ་འདི་ལས་ཁུངས་ཐུབ་པ་མེད་ཀྱང་།ད་དུང་གཞུང་རང་གི་མཆོད་བརྗོད་དུ། མཁྱེན་བརྩེའི་གཏིང་མཐའ་ཤིན་ཏུ་དཔོག་པར་དཀའ།། བྱང་ཆུབ་སྤྱོད་པའི་རླབས་ཆེན་ཆལ་ཆིལ་གཡོ།། ལེགས་བཤད་རིན་ཆེན་གཏེར་གྱུར་འཇམ་པའི་དབྱངས།། རྒྱལ་ཚབ་རྒྱ་མཚོ་ཆེ་ལ་གུས་ཕྱག་འཚལ། ཅེས་པའི་ལེགས་བཤད་རིན་ཆེན་གཏེར་གྱུར་འཇམ་པའི་དབྱངས། ཞེས་པ་དང་།

མཇུག་རྩོམ་དུ། རྒྱལ་བའི་དགོངས་ཟབ་ཟབ་མོའི་མདོ་ཡིས་རབ་བསྟན་བསྟན་པའི་སྙིང་བོ་འཛིན།། ཐུབ་པའི་རིང་ལུགས་ལུགས་མཆོག་གཉིས་ཀྱི་གཞུང་མང་མང་དུ་ཐོས་པ་དང་།། དེ་དོན་རྣམ་དཔྱོད་དཔྱོད་ལྡན་ཡིད་འཕྲོག་རིགས་ཚུལ་ཚུལ་བཞིན་བསམས་པ་དང་།། འཇམ་དབྱངས་ཞེས་གྲགས་གྲགས་པའི་ཕྲེང་བས་ཀུན་ཁྱབ་ཁྱབ་བདག་དེ་ཡི་ཞབས།། ཤུགས་དྲགས་རྒྱུན་མི་ཆད་པའི་དད་པ་ཡིས།། སྙིང་གི་པད་མའི་ལྟེ་བར་གུས་བསྟེན་པས།། གསུང་རབ་དེ་ཉིད་མཐོང་བའི་རིགས་སྨྲ་དེས།། རྨད་བྱུང་གཏམ་གྱི་སྦྱོར་བ་འདི་བྱས་སོ།། ལེགས་བཤད་གཏེར་གྱུར་དེ་ཡི་གསུང་རབ་དོན།། སྨྲ་བའི་ཁྱུ་མཆོག་ཀླུ་སྒྲུབ་ཐོགས་མེད་ཀྱིས།། ཇི་བཞིན་བཀྲལ་བའི་ཚུལ་གཉིས་ཤིང་རྟའི་སྲོལ།། དེ་བཞིན་འཆད་པའང་འདི་ལས་གཞན་ན་གང།། ཞེས་རྗེ་བཙུན་ཉིད་ལ་གཞུང་མང་མང་དུ་ཐོས་པ་དང་ལྡན་པ་ཞེས་པ་དང་། གསུང་རབ་དེ་ཉིད་མཐོང་བའི་རིགས་པ་སྨྲ་བ། ཞེས་སོགས་རྗེ་བཙུན་ལ་རྗེ་ཉིད་ཀྱི་གསུང་རྩོམ་སྤྱི་ལ་མ་ཁྱབ་པའི་གཞུང་འདིའི་དབུའི་མཆོད་བརྗོད་དང་། མཇུག་གི་གཏང་རག་གི་མཆོད་བསྟོད་འདི་དག་ཁོ་ནས་ཀྱང་ལྷག་པའི་ལྷའི་བཀས་གནང་ཞིང་བསྐུལ་བའི་གསུང་རྩོམ་ལ་རྩོད་པ་མེད་པ་ཡིན་ཏེ།

དེ་མིན་བཀའ་འབུམ་གཞན་དང་གཞན་དུ་རྗེ་བཙུན་མཁྱེན་པའི་གཏེར་ཞེས་པ་དང་། རྗེ་བཙུན་འཇམ་དཔལ་དབྱངས་ཞེས་བྱ་བ་ལ་སོགས་པ། རྗེ་བཙུན་གྱི་སྐུ་གསུང་ཐུགས་ཀྱི་ཆེ་བ་འདོན་པའི་མཆོད་བསྟོད་རེ་མེད་མི་སྲིད་པ་ཙམ་དུ་ཡོད་ཀྱང་། གཞུང་མང་མང་དུ་ཐོས་པ་དང་ལྡན་པ་དང་། ལེགས་བཤད་རིན་ཆེན་གཏེར་གྱུར་སོགས་མིའི་བླ་མའི་ཚུལ་དུ་བསྟོད་པ་འདི་དག་ནི་གཞུང་འདིའི་ཐུན་མོང་མ་ཡིན་པར་གོའོ།།

དེ་ལྟར་ན་རྗེ་དགུང་ལོ་ང་གཅིག་པ་(ཕྱི་ལོ་1407)ལོར་བསྟན་བཅོས་ཆེན་པོ་འདི་ཉིད་མཛད་པ་ནས་དེ་རིང་ལ་ཐུག་པའི་བར། ལོའི་བགྲང་བྱ་འཁོར་མོ་བརྒྱ་ཕྲག་དྲུག་དང་བཅུ་ཕྲག་གཅིག་(ལོ611)ལྷག་རིང་གི་ལོ་རྒྱུས་ཀྱི་འགང་དང་འཕྲིན་ལས་ཀྱི་ཆེ་བ་དང་ལྡན་པ་ཡིན་ནོ།

གཉིས་པ།རྨད་དུ་བྱུང་བའི་བསྟན་བཅོས་ཀྱི་ཤུགས་རྐྱེན།

དེ་ཡང་འདིའི་ཤུགས་རྐྱེན་ནི་སྐུལ་འདེད་དང་སྔོག་འདོན་གྱི་དོན་ཏུ་གྱིས་ན། (1)གསུང་རབ་ཀྱི་རིགས་ལམ་སྲོག་ཏུ་བྱེད་པའི་ཆེ་བ་དང་། (2)བཀའི་དྲང་ངེས་མིག་ཏུ་བྱེད་པའི་ཆེ་བ (3)གང་ལའང་རྟོག་དཔྱོད་གྲུབ་དོན་ཆེ་བའི་ཆེ་བ་བཅས་ཆེ་བ་གསུམ་དང་ལྡན་པའི།

དང་བོ། གསུང་རབ་ཀྱི་རིགས་ལམ་སྲོག་ཏུ་བྱེད་པའི་ཆེ་བ།

དེ་ཡང་སྔོན་གྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དུས་དང་། ཁྱད་པར་འཛམ་གླིང་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་ཞེས་འབོད་པའི་བཙན་པོ་བྱང་ཆུབ་སེམས་དཔའ་དེའིབཀའ་དྲིན་བདག་རྐྱེན་དང་། མཁན་སློབ་རྣམ་པ་གཉིས་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ལས་ཁ་བ་གངས་ཅན་གྱི་ཡུལ་ལ། ནང་བའི་གྲུབ་མཐའ་བཞི་དང་། ཐེག་པ་ཆེ་ཆུང་རྒྱུད་སྡེ་བཞིས་བསྡུས་པའི་རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་མདོ་སྔགས་ཟུང་འཇུག་གི་ལམ་སྲོལ་དྲི་མ་མེད་པ་མ་ཚང་བ་མེད་པ་ཆ་ཚང་བ་གྲུ་བཞི་ལམ་གྱིས་དར་ཐུབ་པ་བྱུང་བ་ཡིན། དེ་ནས་སྐབས་ཤིག་ལ་བར་བགེགས་ཀྱི་རྣམ་པར་ཕྱི་ཚུལ་ལ་ལྟ་སྒོམ་ལ་སླད་འཇུག་པ་འདྲ་བོ། ནང་དོན་ལ་སྲིད་ལ་ཞེ་ནག་པའི་ཧྭ་ཤང་གི་ལྟ་ངན་ཞིག་དར་ཁྱབ་བྱུང་བ་དེ། སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལའི་རྣམ་དཔྱོད་ཀྱི་རྩལ་རིགས་པའི་དབལ་དང་། བཙན་པོ་ཉིད་ཀྱི་སྲིད་ཀྱི་ཇུས་དང་དཔུང་གིས་ཚར་བཅད་ཅིང་ཕྱིར་བསྐྲད་པ་རེད། དེ་དུས་མཁན་ཆེན་བྱང་ཆུབ་སེམས་དཔའི་ཐུགས་ཀྱི་སྲས་གཅིག་པུ་ཞལ་ངོ་མཇལ་དུ་བཞུགས་བཞུགས་པ་ལ་མ་ལྟོས་པར། བཙན་པོས་བོད་རྒྱལ་ཡོངས་ལ་དེང་ཕྱིན་སྤྱོད་པ་མཁན་ཆེན་མཆོག་གི་ལུགས་བསྐྱང་རྒྱུ་ལས། ལྟ་བ་སློབ་དཔོན་ཀླུ་སྒྲུབ་ལུགས་ལས་གཟུང་མི་ཆོག་པའི་བཀས་བཅད་དང་བཀར་བཏགས་པར་མཛད་དོ།

དེས་ན་འདིའི་སྤྱོད་པ་ནི་ཕར་ཕྱིན་ལུགས་ལས་འདུལ་བའི་ཉམས་ལེན་ཙམ་ལ་མིན་པ་དང་། ཀླུ་སྒྲུབ་ཀྱི་ལྟ་བ་ཟེར་བ་ཡང་། ལ་ལས་མཁན་ཆེན་རང་གི་ལྟ་བར་གོ་བ་ཡོད་ཀྱང་། དེ་མ་རེད། དེ་ལྟར་ན་མཁན་ཆེན་བྱང་ཆུབ་སེམས་དཔའ་ཁམས་དབང་ལ་མ་ལྟོས་པའི་ལྟ་བ་སྤེལ་མཁན་རང་ལ་གོ་འགྲོ་བའི་ཉེན་ཁ་དང་། བོད་རྒྱལ་ཁབ་ཆེན་པོ་ཡང་སྒྲིག་གཞི་དང་གཏད་སོ་མེད་པའི་གཡེམ་རྒྱུག་མཁན་རང་ལ་མི་འགྲོ་བས། ཁྱད་པར་བསྟན་པ་སྔ་དར་དང་སྔ་འགྱུར་སློབ་དཔོན་རིན་པོ་ཆེ་དང་། རྗེ་འབངས་ཉེར་ལྔ་སོགས་ཀྱི་ལྟ་བའི་རྐང་རང་རྒྱུད་པ་ཡིན་པའི་སྒྲོས་མི་སྣང་ཞིང་། ཁྱད་པར་དེ་དུས་སློབ་དཔོན་ཟླ་བ་གྲགས་པ་བྱོན་ཟིན་པ་དང་། ལྟ་བའི་ཡང་རྩེ་གང་ཡིན་སོགས་ཀྱི་ན་ལེན་དྲའི་རྒྱུས་མངའ་ར་སྤྲོད་ཤིན་ཏུ་ཆེ་སྟེ། རིན་པོ་ཆེ་འདི་བས་དྲང་ངེས་རྣམ་འབྱེད་ལས། ལེགས་ལྡན་གྱི་རྗེས་འབྲང་སྤྱན་རས་གཟིགས་བརྟུལ་ཞུགས་ལ་འགྲེལ་བ་ཚིག་གསལ་གྱི་རྒྱུས་འདུག་པས། ཤེས་རབ་སྒྲོན་མེར་སངས་རྒྱས་བསྐྱངས་བཀག་པའི་འགྲེལ་བཤད་ཀྱི་སྐབས་སུ། ཟླ་བས་ལེགས་ལྡན་ལ་སྐྱོན་བརྗོད་རྣམས་འཇུག་མི་འཇུག་གི་བཤད་པ་འོང་རྒྱུར་སྣང་ཞིང་། ཞི་བ་འཚོ་དཔོན་སློབ་ལ་སོགས་པས་ཀྱང་ཟླ་བས་རང་རྒྱུད་བཀག་པའི་སྐྱོན་སྤོང་མཛད་རྒྱུར་སྣང་ཡང་མ་མཛད་དོ། །ཞེས་གསུངས་པའི་ཕྱིར་ཏེ། མཁན་པོས་ཀྱང་མགོན་པོ་ཀླུ་སྒྲུབ་ཀྱི་ལྟ་བའི་མཐར་ཐུག་གང་ལ་གནས་དང་། ཟླ་བ་གྲགས་པའི་རིགས་པའི་དབལ་ལ་དོ་ཡ་མེད་པ་གསང་བ་བྱེད་ཐབས་དང་བྱ་དགོས་མེད་པ་ཡིན་ནོ།།

ད་དུང་མཁན་ཆེན་བྱང་ཆུབ་སེམས་དཔས་ཀྱང་། རང་ཉིད་ཀྱི་ལྟ་གྲུབ་དེ་གདུལ་བྱའི་དབང་གིས་གནས་སྐབས་པ་ཁ་དྲངས་ཐབས་ལས་མཐར་ཐུག་རང་མིན་པ་གསུངས་ཏེ། དབུ་མ་རྒྱན་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ།། ཕྱི་རོལ་དངོས་མེད་ཤེས་པར་བྱ།། ཚུལ་འདིར་བརྟེན་ནས་དེ་ལ་ཡང་།། ཤིན་ཏུ་བདག་མེད་ཤེས་པར་བྱ།། ཞེས་གསུངས་པའི་ཕྱིར་ཏེ། སློབ་དཔོན་ཟླ་གྲགས་ལ་རྩོད་སྤོང་མ་མཛད་པས་ལེགས་ལྡན་ལུགས་ཀྱང་མིན་ནོ།།

ད་དུང་བསྟན་བཅོས་འདི་ཉིད་དུ། ཡང་ཁ་ཅིག་ཚད་མས་གྲུབ་པའི་དོན་ཐམས་ཅད་དུ་མེད་པས་ཕ་རོལ་བའི་ཁས་བླངས་པའམ་བླངས་པའི་མཐར་ཐུག་ལ་བརྟེན་པའི་ཐལ་འགྱུར་གྱིས་ལོག་རྟོག་འགོག་ལ། བདེན་པ་རྣམ་པར་བཅད་ཙམ་གྱི་བདེན་མེད་བསྒྲུབ་རྒྱུ་མེད་པ་རང་རྒྱུད་ཀྱི་རྟགས་དང་དམ་བཅའ་མེད་པའི་དོན་དུ་འདོད་་དོ། །གཞན་དག་ཀུན་རྫོབ་དང་དོན་དམ་ལ་བརྩམས་པའི་རྣམ་བཞག་ཐམས་ཅད་གཞན་ངོར་སྨྲས་ཀྱི་རང་ལུགས་མིན་ནོ། །དེ་སྐད་སྨྲས་པ་དེ་ཡང་རང་གིས་མ་བྱས་ཀྱི་གཞན་གྱི་ངོར་སྣང་བ་ཙམ་མོ་ཞེས་སྨྲ་སྟེ། འདི་ནི་སྔོན་གྱི་དུས་ཀྱི་རང་རྒྱུད་འགོག་པ་རྣམས་ལ་མེད་ཀྱི་ཕྱིས་ཀྱི་རྣམས་ཀྱིས་སྨྲས་པ་ཙམ་མོ། ཞེས་ཀྱང་གསུངས་པའི་ཕྱིར་ཏེ། འདིའི་སྔོན་གྱི་དུས་ཀྱི་རང་རྒྱུད་འགོག་པ་རྣམས་ནི་བཙན་པོའི་དུས་བསྟན་པ་སྔ་དར་གྱི་དབུ་མ་བ་རྣམས་ལ་དགོངས་པར་སྣང་ངོ་།

དེ་ལྟར་བཙན་པོས་བཀས་བཅད་ཅིང་བཀར་བཏགས་པར་བརྟེན། བསྟན་པ་སྔ་དར་གྱི་སྐད་གཅིག་རིང་བོད་ལ་དབུ་མ་ཐལ་འགྱུར་བའི་ལྟ་བའི་སྲོལ་འཛིན་པ་བྱུང་བ་ཡིན་ངེས་ཏེ། ཕྱི་ལོ་དུས་རབས་བརྒྱད་པའི་དཀྱིལ་ཙམ་དུ་བྱོན་པའི་བོད་ཀྱི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་དུ་གྲགས་པའི་གྲས། སྐ་བ་དཔལ་བརྩེགས་ཀྱིས་<རྩོད་ཟློག>དང་<རྩོད་ཟློག་རང་འགྲེལ>བསྒྱུར་བ་དང་། ཅོག་རོ་ཀླུའི་རྒྱལ་མཚན་གྱི་འགྱུར་ལ་<དབུ་མ་རྩ་ཤེ>དང་། <རྩ་ཤེའི་འགྲེལ་བ་ག་ལས་འཇིགས་མེད><རྩ་ཤེའི་འགྲེལ་བ་བུད་ངྷ་པཱ་ལི་ཏ><དབུ་མ་རིན་ཆེན་ཕྲེང་བ>བཅས་དང་། ཞང་ཡེ་ཤེས་སྡེའི་འགྱུར་ལ་<སྟོང་ཉིད་བདུན་ཅུ་བའི་འགྲེལ་བ>དང་<རིགས་པ་དྲུག་ཅུ་བའི་འགྲེལ་བ>སོགས་དབུ་མའི་གཞུང་མང་བོ་བསྒྱུར་ཡོད་པའི་ཁྲོད་ལ་ཐལ་འགྱུར་བའི་རྩ་བའི་གཞུང་དེ་དག་ཀྱང་ཚུད་པས་བཀས་བཅད་དང་མཐུན་པ་ཡོང་མེད་འགྲོར་བསམས་སོ།།

ཡིན་ནའང་། དེའི་ཕྱིས་བསྟན་པ་ཕྱི་དར་ནས་ཁ་འཛིན་ཐལ་འགྱུར་བ་ཡིན་ཡང་། ཞེ་ཕུགས་རང་རྒྱུད་པ་དང་སེམས་ཙམ་པའི་ལྟ་བར་སོང་ནས་ཡུན་རིང་བོར་འགྲོ་བ་དང་། རྗེ་བླ་མའི་དུས་ཙམ་ལ་སླེབས་དུས་དེ་ཙམ་ཡང་མེད་པར་སྔོན་གྱི་ཧྭ་ཤང་གི་ལྟ་ངན་དེ་ཕྱིར་ལོག་བརྒྱབ་པ་ལྟ་བུ་མིན་ནམ། དྲང་ངེས་རྣམ་འབྱེད་ཆེན་མོ་དང་། ལྷག་མཐོང་ཆེ་ཆུང་སོགས་རྗེའི་ལྟ་བའི་གཞུང་ཆེན་ལྔར་ཧྭ་ཤང་དང་། ཧྭ་ཤང་གི་ལྟ་བའི་ཕྱོགས་གཏོགས་རིགས་ལ་དམིགས་ཕུགས་པའི་དགག་པ་སྣ་རེ་མ་བཏང་བ་མེད་པས་ཤེས།

དེའི་ཚུལ་ཡང་མཁས་གྲུབ་རིན་པོ་ཆེའི་རྗེའི་རྣམ་ཐར་<དད་པའི་འཇུག་ངོགས>ལས། དེའི་ཚེ་རྗེ་འདིའི་ཐུགས་ཡུལ་ནའང་ཁས་ལེན་ཅི་ཡང་མེད་ཅིང་གང་ཡང་རང་ལུགས་བཞག་ས་མེད་པར་གཞན་ངོ་འབའ་ཞིག་ལ་སྐྱེལ་བའི་དབུ་མའི་ལྟ་བ་དེ་ཅུང་ཐུགས་ལ་བདེ་བར་ཡོད་པས། (འཇམ་པའི་དབྱངས་ལ)བདག་གི་དབུ་མའི་ལྟ་བ་འདི་ཐལ་རང་གང་གི་ལྟ་བ་ཡིན་ཞེས་ཞུ་པས། གང་གིའང་མིན་ཞེས་གསུང་ཞེས་དང་། དེ་དུས་རྗེ་དགུང་ལོ་སོ་དྲུག་པ་ཡིན།

རྗེ་བཙུན་གྱིས་སྣང་ཕྱོགས་དང་སྟོང་ཕྱོགས་གཉིས་ལ་ཉེ་རིང་གཏན་ནས་བྱེད་མི་རུང་། ཁྱད་པར་སྣང་བ་ལ་རྩིས་སུ་བྱ་དགོས་ཞེས་དང་།

བླ་མ་དབུ་མ་བའི་རྣམ་ཐར་དུའང་། དང་པོ་སྒོམ་གྱི་མན་ངག་ཅིག་གསན་པར་དགོངས་ནས་འབའ་ར་བ་རྒྱལ་མཚན་དཔལ་བཟང་ལ་གསན། ཕྱིས་སུ་རྗེ་བཙུན་འཇམ་པའི་དབྱངས་ལ། འབའ་ར་བས་བཞེད་པའི་ལྷག་མཐོང་དེ་ལྷག་མཐོང་མཚན་ཉིད་པ་ཨེ་ཡིན་ཞུས་པར། ཅིས་ཀྱང་མིན་ཞེས་གསུངས་ཞེས་དང་།

རྒྱལ་ཚབ་དར་མ་རིན་ཆེན་པའི་ཞབས་ནས། ཇི་སྲིད་རྗེ་བཙུན་དམ་པ་མ་རྙེད་པ།། དེ་སྲིད་སྲིད་པའི་རྩ་བ་གཅོད་བྱེད་ལམ།། རྟེན་འབྱུང་མཐའ་དང་བྲལ་བའི་དབུ་མ་ནི།། ཕྱོགས་ཙམ་ཞིག་ཀྱང་རྟོགས་པར་མ་གྱུར་ཏོ། ཞེས་སོགས་གསུངས་པས། གསུང་དེ་དག་གིས་ནི་སྐབས་དེའི་གནས་སྟངས་ཚུལ་ལུགས་རྣམས་ཇི་བཞིན་དཔག་ཐུབ་ཅིང་གོ་བ་ཡོད་པས། རིན་པོ་ཆེ་འདི་བ་ཆེད་དུ་དེའི་དངོས་གཉེན་ལ་ཕེབས་པ་ལྟ་ཞིག་འདི་དག་གིས་ཀྱང་འགྲུབ་བོ།།།

དེ་ནས་<དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པ་ལེགས་པར་བཤད་པའི་སྙིང་བོ>བརྩམས་གྲུབ་པ་ནས་དེ་ལ་རྩ་བ་ཆ་ནས་འགྱུར་བ་ཐེབས་པ་ཡིན་ཏེ། དེ་ཡང་སངས་རྒྱས་ཉིད་ཀྱི་དགོངས་པ་སངས་རྒྱས་ཁོང་རང་ཉིད་ཀྱིས་བླངས་ཡོད་མེད་ལ་མ་ལྟོས་པར་དེ་ལའང་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་དང་བཅས་པས། ཞིབ་ཅིང་ཕྲ་བའི་རིགས་ལམ་ཁོ་ནའི་སྟེང་ནས་མཐར་ཐུག་གི་དགོངས་པ་གར་འབེབས་ཀྱི་དབྱེ་ཞིབ་གསལ་བོ་གནང་སྟེ་མཐར།

དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་པར་བྱ་ཡི་གུས་ཕྱིར་མིན།། ཞེས་པ་དེ་རང་རེའི་མཁས་བླུན་ཀུན་གྱི་ཁ་ལ་འཁྱེར་བདེ་བ་ཞིག་བྱུང་བ་དང་།

མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་ཏེ། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར། ཞེས་པའང་ཀུན་གྱིས་མཁས་ངོམ་དུ་བྱེད་པ་ཚུན་བླ་མ་འདིའི་ལེགས་བཤད་འདིའི་བཀའ་དྲིན་ཡིན་ནོ།

དེའི་ཚུལ་ཡང་མཁས་དབང་ཟམ་གདོང་རིན་པོ་ཆེས། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་གཉིས་ཀྱི་ལམ་སྲོལ་དྲི་མ་མེད་པ་ཕྲ་ཞིབ་སྟོན་པའི་ལེགས་པར་བཤད་པའི་རྒྱལ་བོ་སྔར་མ་བྱུང་ཞིང་། ཕྱིས་ཀྱང་མི་འབྱུང་བའི་ངོ་མཚར་རྨད་དུ་བྱུང་བའི་བསྟན་བཅོས་ཤིག་ཡིན་པས། ཞེས་པ་ནས། ཐེག་པ་ཆེན་པོའི་བསྟན་པ་སྤྱིའི་ལྟ་བའི་གནད་ཀྱི་ཁོག་འབུབས་ཚུལ་ལ་གོ་བ་རླབས་ཆེན་སྟེར་ཐུབ་པ་ཞིག་ཡོང་རྒྱུར་མ་ཟད། ལྷག་པར་བོད་ཀྱི་མཁས་པ་རྣམས་ཀྱིས་རྒྱལ་བའི་གསུང་རབ་དང་འཕགས་ཡུལ་གྱི་གཞུང་ལུགས་རྣམས་ལ་གྱ་ཚོམ་གྱིས་ཐག་གཅོད་དང་། ཡུལ་གོམས་ཀྱི་ཤན་ཤུགས་བསྲེས་པ་སོགས་ཉེས་པའི་ཆ་ཕྲ་མོ་ཙམ་གྱིས་ཀྱང་མ་བསླད་པར། རྒྱལ་བའི་དགོངས་དོན་ཤིང་རྟ་ཆེན་པོ་རྣམས་ཀྱིས་ཇི་ལྟར་བཀྲལ་ཚུལ་ཤིང་རྟའི་སྲོལ་འཛིན་རྩོད་མེད་ཡོངས་གྲགས་རྣམས་ཀྱི་གཞུང་ལུགས་ལ་གཞི་བཅོལ་ཏེ། རྟོག་གེའི་ཀླན་ཀས་གླགས་མི་ཚུགས་པའི་ཡང་དག་པའི་རིགས་པའི་ལམ་ནས་ཆེས་ཕྲ་ཞིང་ཞིབ་ལ་གསལ་བར་གཏན་ལ་འབེབས་པའི་ཚུལ། དེང་རབས་ཀྱི་བསྐྱར་ཞིབ་བྱ་ཚུལ་དུ་གྲགས་པའི་ཞིབ་འཇུག་གི་ཐབས་ལམ་རྣམས་ཀྱིས་ཀྱང་ཡོངས་སུ་ཕྱུག་པའི་ཚུལ་འདི་ལྟ་བུ། གངས་ཅན་ལྗོངས་སུ་མི་ལོ་བརྒྱ་ཕྲག་མང་བོའི་སྔོན་ནས་བྱུང་ཟིན་པའི་གནས་ཚུལ་ངོ་སྤྲོད་ཙམ་བྱུང་ནའང་བསྟན་སྲིད་གཉིས་སྨན་གྱི་གཞི་རྩ་མཐོང་སྟེ། ཞེས་གསུངས་པའི་ཕྱིར་ཏེ།

འདིས་ནི་ལེགས་བཤད་ཆེན་པོ་དེ་ཉིད་ཀྱིས་རྒྱལ་བའི་བསྟན་པ་སྤྱི་ལ་དྲང་ངེས་གཉིས་ཀྱིས་སྒོ་ནས་ཚང་ལ་མ་ནོར་བར་འཇུག་བདེ་བ་བཟོས་ཡོད་པར་མ་ཟད། སྔ་རབས་བོད་ཀྱི་མཁས་པ་རྣམས་ཀྱིས་རྒྱལ་བའི་བསྟན་པ་ལ་གྱ་ཚོམ་གྱིས་ཐག་གཅོད་འཇུག་ལྡོག་དང་། དེའི་བསྲེས་སླད་ཀྱི་དྲི་མ་ཅུང་ཟད་ཙམ་ཡང་མེད་པར་ཡོངས་སུ་གཙང་བཤེར་གཟབ་ནན་དང་། རྒྱལ་བའི་དགོངས་པ་ཤིང་རྟ་ཆེན་པོ་རྣམས་ཀྱིས་ཇི་ལྟ་བ་བཞིན་འཛིན་སྐྱོང་སྤེལ་གསུམ་གྱི་རང་བཞིན་ངོ་བོ་འཇིག་རྟེན་སྐྱེ་བོ་ཡོངས་ལ་མཐོང་ཆོས་སུ་བགྱིས་པ་མ་ཟད། ཕྲ་ལ་ཞིབ་པས་གཏན་ལ་འབེབས་ཚུལ་དེ་ཡང་། ལོ་ངོ་བརྒྱ་ཕྲག་འགའི་སྔོན་ནས་དེང་རབས་ཀྱི་ཆེས་སྔོན་ཐོན་ཏུ་བརྩི་བའི་ཞིབ་འཇུག་བྱེད་ཐབས་དང་མཐུན་པ་བྱུང་ཡོད་པའི་ཆེས་ཕུལ་ཏུ་བྱུང་བའི་ཁྱད་འཕགས་རང་བཞིན་རྣམས། གཏེར་ས་ནས་བཏོན་པ་ནང་བཞིན་གསུང་འདུག་པ་དེ་ནི་དེ་དེ་བཞིན་ནོ།

གཉིས་པ།

བཀའི་དྲང་ངེས་མིག་ཏུ་བྱེད་པའི་ཆེ་བ།

ཡང་དྲང་ངེས་ཀྱི་ཤིང་རྟའི་སྲོལ་ལ་དབུ་མ་བའི་དྲང་ངེས་ཀྱི་ཤིང་རྟའི་སྲོལ་གཅིག་དང་། སེམས་ཙམ་པའི་དྲང་ངེས་ཀྱི་ཤིང་རྟའི་སྲོལ་གཅིག་བཅས་རྒྱལ་བའི་བསྟན་པ་ལ་དྲང་ངེས་འབྱེད་པའི་ཤིང་རྟའི་སྲོལ་ལ་གཉིས་དང་། དེ་ཡང་བསྟན་པ་སྤྱི་ལ་ཁྱབ་པའི་ཤིང་རྟའི་མཁན་པོ་ལ་ཀླུ་སྒྲུབ་དང་། བསྟན་པ་བྱེ་བྲག་པའི་ཤིང་རྟའི་མཁན་པོར་ཐོགས་མེད་བཅས་དྲང་ངེས་ཀྱི་ཤིང་རྟའི་སྲོལ་འབྱེད་ལ། རྒྱལ་བའི་ལུང་གིས་ཟིན་པ་གཉིས་སུ་གཏན་འབེབས་ཤེས་པའང་བླ་མ་འདིའི་ལེགས་བཤད་འདིའི་བཀའ་དྲིན་ཡིན་ཏེ།

དེ་ཡང་ཇི་སྐད་དུ། གཞུང་རང་གི་མཆོད་བརྗོད་དུ། བདེར་གཤེགས་གསུང་རབ་ཚུལ་གཉིས་ཤིང་རྟའི་སྲོལ།། ལེགས་པར་ཕྱེ་བས་རྒྱལ་བའི་བསྟན་པ་མཆོག། ས་གསུམ་འགྲོ་ལ་ཉི་ལྟར་གསལ་མཛད་པ།། ཀླུ་སྒྲུབ་ཐོགས་མེད་ཞབས་ལ་སྤྱི་བོས་འདུད།། ཅེས་དང་།

གཞུང་རང་གི་དཀྱུས་སུའང་འདི་ལྟར། སློབ་དཔོན་ཐོགས་མེད་ཀྱིས་གཙོ་བོར་དགོངས་འགྲེལ་ལ་བརྟེན་ཚུལ་དང་། དེ་ལ་བརྟེན་ནས་དེ་ཁོ་ཉིད་བརྟེན་ལ་ཕབ་ཚུལ་ལོ། དང་པོ་ནི། བསྡུ་བ་ལས། དོན་དམ་པ་མཚན་ཉིད་ལྔ་དང་ལྡན་པ་ཡང་དགོངས་འགྲེལ་ལས་འབྱུང་བ་བཞིན་ཤེས་པར་བྱའོ། །ཞེས་དགོངས་འགྲེལ་གྱི་དོན་དམ་པའི་ལེའུ་རྣམས་དྲངས་ཤིང་། ཆོས་རྣམས་ཀྱི་མཚན་ཉིད་ནི་དགོངས་འགྲེལ་ལས་འབྱུང་བ་བཞིན་བལྟ་བར་བྱའོ། །ཞེས་མཚན་ཉིད་གསུམ་སྟོན་པའི་མཚན་ཉིད་ཀྱི་ལེའུ་རྣམས་དྲངས་ལ། ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་ནི་དགོངས་འགྲེལ་ལས་འབྱུང་བ་བཞིན་བལྟ་བར་བྱའོ། །ཞེས་མདོ་སྡེ་ལ་འགལ་སྤོང་གི་དྲིས་ལན་དང་དྲང་ངེས་ལ་སོགས་པ་རྣམས་སྟོན་པའི་ངོ་བོ་ཉིད་མེད་པའི་ལེའུ་དྲངས། དེ་བཞིན་དུ་རྣམ་ཤེས་ཚོགས་བརྒྱད་དང་མཐར་ཐུག་རིགས་ངེས་པ་ཡང་དགོངས་འགྲེལ་ནས་གསུངས་པ་རྣམས་དྲངས་སོ། །བྱང་སའི་དེ་ཁོ་ནའི་ལེའུ་དང་། དེའི་རྣམ་པར་གཏན་ལ་དབབ་པ་དང་། ཐེག་བསྡུས་ལས་ཀྱང་། དགོངས་འགྲེལ་ལས་གཞན་དབང་ངོ་བོ་དང་ཁྱད་པར་བཏགས་པའི་ཀུན་བཏགས་ཀྱིས་སྟོང་པ་ཡོངས་གྲུབ་ཏུ་གསུངས་པ་ཉིད་བཤད་པའི་རྣམ་གྲངས་མང་པོས་གཏན་ལ་འབེབས་པར་མཛད་དོ། མདོ་སྡེ་རྒྱན་དང་། དབུས་མཐའ་ལ་སོགས་པར་དེ་ཁོ་ནའི་དོན་བཤད་པ་དང་། དེ་དག་གི་འགྲེལ་བ་རྣམས་སུ་བསྟན་པའི་གནད་ཀྱང་མདོ་སྡེ་འདིའི་དོན་དང་ཤིན་ཏུ་མཐུན་པས། ལུགས་འདི་ལ་མདོ་སྡེ་འདིའི་དོན་གཏན་ལ་འབེབས་པ་ནི་རྩ་བར་སྣང་ངོ་། ཞེས་འཕགས་པ་ཐོགས་མེད་ཤིང་རྟའི་སྲོལ་འབྱེད་དུ་བསྟན་པ་དང་།

མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་དྲང་ངེས་འབྱེད་པའི་མདོའི་ཁུངས་དངོས་སུ་སྨོས་ནས་དྲང་ངེས་ཕྱེ་བ་མེད་ཀྱང་། མདོའི་བཤད་པའི་ཚུལ་ལས་ནི་དོན་གྱིས་བཤད་པ་ཡོད་དོ། །དེ་ཡང་ཚིག་གསལ་དང་ཤེས་རབ་སྒྲོན་མེའི་འགྲེལ་བཤད་དང་། དབུ་མ་སྣང་བ་རྣམས་སུ་བློ་གྲོས་མི་ཟད་པས་བསྟན་པ་ཁུངས་སུ་མཛད་ནས་དེ་བཞིན་དུ་དྲང་ངེས་འཇོག་པར་གསུངས་པས་འདིར་མདོ་དེ་ཁུངས་སུ་བྱའོ། ཞེས་མགོན་པོ་ཀླུ་སྒྲུབ་ཤིང་རྟའི་སྲོལ་འབྱེད་དུ་བཞེད་པའོ།།

ཁོ་བོས་འདིར་དྲང་ངེས་འབྱེད་པ་ལ་བསྟན་པ་སྤྱི་ལ་ཁྱབ་མ་ཁྱབ་ཀྱི་་ཤིང་རྟའི་མཁན་པོ་གཉིས་ཞེས་ཞུ་བ་མི་འཐད་པ་ཡིན་ན། གཤམ་གྱི་རྗེ་བླ་མས་ཤིང་རྟ་ཆེན་པོ་གཉིས་ཀྱི་དྲང་ངེས་འབྱེད་པའི་སྡོམ་གྱི་ཁྱབ་ཆེ་ཆུང་འདིར་ལན་གཅིག་གཟིགས་དང་ཤིན་ཏུ་གསལ་ཅིང་ངེས་འདྲོང་འབྱུང་བ་ཡོད་དེ།

དེ་ཡང་བསྟན་བཅོས་ཆེན་པོ་འདི་ཉིད་ལས། དེའི་ཕྱིར་དུས་དང་པོར་བདེན་པ་བཞི་ལ་བརྩམས་ནས་རང་གི་མཚན་ཉིད་ཡོད་པ་སོགསས་སུ་གསུངས་པའི་འཁོར་ལོ་དང་པོ་དྲང་དོན་དུ་སྟོན་པ་ཡིན་གྱི། དུས་དང་པོར་གསུངས་ཚད་ཀྱི་གསུང་རབ་ཐམས་ཅད་ལ་མིན་ཏེ། དཔེར་ན། དུས་དང་པོར་ཝཱ་རཱ་ན་སཱིར་ལྔ་སྡེ་ལ་ཤམ་ཐབས་ཟླུམ་པོར་བགོ་བར་བྱའོ། ཞེས་པ་ལ་སོགས་པའི་བསླབ་བྱ་གསུངས་པ་ལ་འདིར་དོགས་པ་གཅོད་མི་དགོས་པ་བཞིན་ནོ། །དེ་བཞིན་དུ་གཉིས་པ་ཡང་ངོ་བོ་ཉིད་མེད་པ་སོགས་སུ་གསུངས་པ་ལ་བྱའི། དུས་གཉིས་པར་གསུངས་ཀྱང་ངོ་བོ་ཉིད་མེད་པ་སོགས་ལས་མ་བརྩམས་པའི་མདོ་སྡེ་ལ་འགལ་སྤོང་དྲིས་པ་ལྟར་གྱི་དོགས་པ་མེད་པས་དེ་འདིར་དྲང་དོན་དུ་སྟོན་མི་དགོས་སོ། །འཁོར་ལོ་གསུམ་པ་ངེས་དོན་དུ་བཤད་པ་ཡང་སྔར་བཤད་པ་ལྟར་ལེགས་པར་ཕྱེ་བ་རྣམས་ཡིན་གྱི། ཐམས་ཅད་མིན་པ་ནི་མདོ་ཉིད་ལས་ཀྱང་ཤིན་ཏུ་གསལ་ལ། དཔེར་ན། མྱ་ངན་ལས་འདའ་ཁར་འདུལ་བ་མདོར་བསྡུས་ཞེས་བྱ་བ་རུང་མཐུན་དུ་གྲགས་པ་གསུངས་ཀྱང་། དེ་མདོ་འདིས་ངེས་དོན་དུ་སྟོན་པ་མིན་ནོ། །ཞེས་འཕགས་པ་ཐོགས་མེད་ལུགས་ཀྱི་དྲང་ངེས་འབྱེད་པའི་སྡོམ་དང་།

མདོ་ལས་སྐྱེ་འགག་ལ་སོགས་པ་ཡོད་པ་དང་མེད་པ་གཉིས་ཀའང་བཤད་ལ། མདོ་ཁ་ཅིག་ལས་སྐྱེ་བ་མེད་པ་སོགས་གསུངས་པ་ངེས་དོན་དང་། ཁ་ཅིག་ལས་དྲང་དོན་དུ་བཤད་པ་རྣམས་ལས། དོན་དམ་པར་རམ་རང་གི་མཚན་ཉིད་ཀྱིས་སྐྱེ་བ་སོགས་མེད་པར་བཤད་པའི་སྒྲ་ཇི་བཞིན་པ་ལ་རིགས་པའི་གནོད་པ་ཡོད་ན། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངོ་བོ་དང་སྐྱེ་འགག་སོགས་མེད་པ་ཀུན་བརྟགས་ལ་དགོངས་ཤིང་གཞན་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། དེའི་ཚེ་གང་བཀག་པས་བདག་མེད་པར་སྟོན་པའི་ཆོས་ཀྱི་བདག་ནི་ཆོས་རྣམས་ལ་ངོ་བོ་དང་ཁྱད་པར་དུ་བཏགས་པའི་ངོ་བོར་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། གཟུང་འཛིན་རྫས་ཐ་དད་ཀྱི་ཀུན་བརྟགས་ཙམ་ལ་བཤད་ནས། དེ་དག་གིས་དབེན་པ་ཉིད་དེ་ཁོ་ན་ཉིད་མཐརཐུག་པར་འཆད་པ་ཡང་རིགས་ན། གནོད་པ་དེ་ནི་ཡོད་པ་མ་ཡིན་ཏེ། འདི་ལྟར་དོན་དམ་པར་རམ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་ཡོད་ན་འབྲས་བུ་རྣམས་རྒྱུ་དང་རྐྱེན་ལ་ལྟོས་པར་ཤིན་ཏུ་འགལ་བའི་ཕྱིར་རོ། དེས་ན་རྒྱུ་རྐྱེན་ལ་རག་ལས་པ་ཉིད་ཀྱིས་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པ་ཡིན་ལ། རང་གི་མཚན་ཉིད་ཀྱིས་མ་གྲུབ་ན་བཅིངས་གྲོལ་དང་བླང་དོར་དང་རྒྱུ་འབྲས་སོགས་མེད་པར་འགྱུར་རོ་ཞེས་སྨྲ་བ་ནི། རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་གྱིས་སྟོང་བའི་སྒྲུབ་བྱེད་མཐར་ཐུག་པ་ལ་གནོད་བྱེད་མཐར་ཐུག་པར་འཛིན་པ་ཡིན་ནོ། ཞེས་འཆད་པ་འདི་ནི། མགོན་པོ་ཀླུ་སྒྲུབ་ཀྱིས་ཡུམ་གྱི་མདོ་དང་དེ་དང་རྗེས་སུ་མཐུན་པའི་གསུང་རབ་རྣམས་ཀྱི་དོན་གཞན་དུ་དྲང་དུ་མི་རུང་བར་དོན་དེར་ངེས་པའི་ངེས་དོན་དུ་སྦྲུབ་པའི་སྒྲུབ་བྱེད་ཀྱི་རིགས་པ་དང་། དེ་དག་དང་མི་མཐུན་པར་སྟོན་པའི་མདོ་རྣམས་ཀྱི་སྒྲ་ཇི་བཞིན་པ་ལ་རིགས་པའི་གནོད་པ་སྟོན་པའི་ཤིང་རྟའི་སྲོལ་ཕྱེ་བ་ཡིན་ནོ། ཞེས་མགོན་པོ་ཀླུ་སྒྲུབ་ལུགས་ཀྱི་ཤིང་རྟའི་སྲོལ་གྱི་སྡོམ་དང་གཉིས་ཏེ། དེ་གཉིས་ལ་ཞིབ་ཏུ་བརྟག་ན་སྤྱི་དང་བྱེ་བྲག་གི་ཁྱད་འདྲ་བ་ཁྱད་པར་ཤིན་ཏུ་ཆེའོ།།

འདི་དག་གིས་ནི་རྒྱལ་བའི་ལུང་གིས་ཟིན་པའི་དྲང་ངེས་འབྱེད་པའི་ཤིང་རྟའི་སྲོལ་འབྱེད་ལ་གཉིས་སུ་ངེས་པ་བསྟན་པ་དང་། རྒྱལ་བའི་མདོ་སྡེའི་དངོས་ལ་བསྟན་ཚོད་དང་དོན་ལ་གནས་ཚོད་མི་མཐུན་པའི་སྲོལ་གྱི་ཐེག་པ་ཆེ་ཆུང་གི་གཞུང་དོན་ཡོངས་ལ། སྒྲོ་སྐུར་གྱི་དྲི་མ་གཏན་དུ་སྤང་བའི་རྒྱལ་བའི་ལུང་གི་བསྟན་པའི་གནམ་ཐིག་ཆེན་མོ་ཏེ། རྒྱལ་བའི་གསུང་རབ་ཀྱི་དྲང་ངེས་འབྱེད་པའི་རྣམ་བཞག་ཕྲ་ཞིང་ཞིབ་པའི་བསྟན་སྲོལ་འདི་འདྲ་བ། སྔར་བོད་ཙམ་དུ་མ་ཟད་འཕགས་པའི་ཡུལ་ལའང་འབྱུང་མྱོང་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བའི་ཟིན་ཐོ་བཀོད་ཅིང་། ད་ལྟའི་ཆར་རང་རེར་མདོ་ལ་དྲང་ངེས་ཀྱི་ཤིང་རྟའི་སྲོལ་གཉིས་དང་། དེའི་སྲོལ་འབྱེད་མཁན་པོ་ལའང་གཉིས་སུ་ངེས་པ་བསྟན་པའི་གཏམ་གླེང་བ་ཙམ་ཡོད་པ་ཡང་བླ་མ་འདིའི་ལེགས་བཤད་འདིའི་བཀའ་དྲིན་ཡིན་ནོ།།

དེ་ཡང་མཁས་དབང་ཟམ་གདོང་རིན་པོ་ཆེས། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ཤིང་། གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བའི་སྒོ་ནས་སྐལ་བ་དང་ལྡན་པའི་གང་ཟག་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྣམས་འཁྲིགས་ཆགས་སུ་ཉམས་སུ་བླངས་ཏེ། དལ་བ་དོན་ལྡན་དུ་བྱས་པའི་འཇུག་སྒོ་གཉིས་པ་མེད་པ་ནི་རྒྱལ་བའི་གསུང་རབ་ལ་དྲང་ངེས་ཚུལ་བཞིན་དུ་འབྱེད་པའི་བློ་ཡི་ནུས་པ་སྨིན་མིན་ལ་རག་ལས་པ་དེ་ལྟ་ནའང་། གངས་ཅན་གྱི་ལྗོངས་སུ་ལྟ་ཞོག འཕགས་པའི་ཡུལ་དུའང་ཤིང་རྟ་ཆེན་པོ་རྗེས་འབྲངས་དང་བཅས་པ་རྣམས་ཀྱི་གཞུང་ལུགས་རྣམས་སུ། སྤྱིར་ཟབ་རྒྱས་ཀྱི་ཆོས་ཚུལ་གཏན་ལ་འབེབས་པའི་ཞོར་དུ་རྒྱལ་བའི་གསུང་རབ་ལ་དྲང་ངེས་འབྱེད་ཚུལ་ཞིབ་ཅིང་རྒྱས་པ་བྱུང་དུ་བས་མོད། གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གཞན་དྲིང་མི་འཇོག་པར་ཐོས་བསམ་གྱིས་འཇུག་པའི་བློ་ཡི་ནུས་པ་མ་སྨིན་པའི་ལས་དང་བོ་བ་རྣམས་ལ། འཇུག་བདེ་ཞིང་རྟོགས་སླ་བའི་ཤིང་རྟ་ཆེན་པོ་གཉིས་ཀྱིས་རྒྱལ་བའི་གསུང་རབ་ལ་དྲང་ངེས་འབྱེད་ཚུལ་གྱི་རྣམ་བཞག་ཕྲ་ཞིང་ཞིབ་པ། ཟུར་བཀོལ་གྱི་ཚུལ་དུ་གླེགས་བམ་གཅིག་ཏུ་ཡོད་པ་ཞིག་གཏན་ནས་མ་བྱུང་བར་བརྟེན། ཕལ་བ་རྣམས་ལྟ་ཅི། ཆེན་པོའི་ཆེན་པོར་གྱུར་བ་དག་གིས་ཀྱང་ཇི་བཞིན་གཟིགས་ཤིང་བཀྲལ་བར་མ་ནུས་པའི་གནས་འདི། ཆེས་བརྩེ་བ་ཆེན་པོས་བདག་ཅག་ཕྱི་རབས་ཀྱི་གདུལ་བྱ་བློ་ཡི་ནུས་པ་དམན་པ་རྣམས་ཀྱི་ཆེད། ཚིག་ཉུང་དོན་འདྲིལ་དབང་བོ་རབ་འབྲིང་ཐ་མ་ཡོངས་ཀྱི་འཇུག་བདེ་བར་མཛད་པ་འདི་ནི། ཞེས་གསུངས་པ་ནི་དེ་ཁོ་ན་ཉིད་དོ།།

གསུམ་པ།  གང་ལའང་རྟོག་དཔྱོད་གྲུབ་དོན་ཆེ་བའི་ཆེ་བ།

དེ་ཡང་དབུ་སེམས་ཀྱི་ལྟ་བའི་གནད་ཕྲ་མོ་ནས་མ་འདྲེས་པར་སོ་སོར་ཞིབ་ཅིང་རྒྱས་པའི་ལུགས་སུ་བཀྲལ་བ་དང་། ཐལ་རང་གཉིས་ཀྱི་ལྟ་བའི་ཁྱད་པར་དང་སྤུ་རིས་ཕྱེ་ཞིང་། བྱེ་བྲག་ཏུ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཟབ་ཆོས་བརྒྱད་བཏོན་ཏེ། དབུ་སེམས་སྤྱི་དང་བྱེ་བྲག་ཐལ་རང་གཉིས་མཐར་ཐུག་གི་དོན་ལ་ཞལ་འཆམ་མི་སྲིད་པའི་བཀའ་ནན་མོ་ཕབ་ཅིང་། རིགས་པས་བཟློག་མེད་དུ་བསྒྲུབས་པའི་སྟོབས་ཀྱིས། ད་ལྟའི་ཆར་མཆོག་དམན་ཀུན་གྱིས་རང་རྒྱུད་དང་ཐལ་འགྱུར་གྱི་ཁྱད་པར་དབྱེ་བའི་གཏམ་གླེང་རྒྱུ་ཡོད་པའང་བླ་མ་འདིའི་ལེགས་བཤད་འདིའི་བཀའ་དྲིན་ཡིན་ཏེ།

སྨྲས་པ།

ལ་ལས་བརྒྱ་བཤད་སྟོང་བཤད་ར་ཕོའི་ལྷས།།

ལ་ལས་གཅིག་བསྟན་གཉིས་སྟོན་བུར་རྡོག་མ།།

ཕལ་ཆེར་སྣག་ཤོག་གྲོན་པའི་གད་པ་ཉིད།།

རྒོད་པོ་གཅིག་གིས་གཞུང་ཐིག་འདི་ནས་བསྲིངས།།

དེ་ཡང་དེ་ཉིད་ལས། གཉིས་པ་དེ་ལ་བརྟེན་ནས་འཕགས་པའི་དགོངས་པ་འགྲེལ་ཚུལ་ཐུན་མོང་མ་ཡིན་པར་བསྟན་པ་ལ་གསུམ། བདག་མེད་རྟོགས་པ་དང་བདག་འཛིན་ཕྲ་རགས་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་པར་དང་། ཕྱི་དོན་འཇོག་ཅིང་ཀུན་གཞི་དང་རང་རིག་ཁས་མི་ལེན་པའི་ཐུན་མོང་མ་ཡིན་པའི་ཁྱད་པར་དང་། རང་རྒྱུད་ཁས་མི་ལེན་པའི་ཐུན་མོང་མིན་པའི་ཁྱད་པར་བཤད་པའོ། ཞེས་བསྟན་བཅོས་ཀྱི་གཞུང་བསྲུངས་ཏེ་རྒྱ་ཆེར་གསུངས་སོ།

འདིར་ཡང་དཔེ་མཚོན་ཙམ་གྱིས་ན་དེར། ཐ་སྙད་ཀྱི་དབང་གིས་མ་བཞག་པའི་ངོ་བོ་མེད་པ་དང་། ཐ་སྙད་ཀྱི་དབང་གིས་ཡོད་པར་བཞག་པ་ལ་འཁོར་འདས་ཀྱི་རྣམ་བཞག་ཐམས་ཅད་ཆེས་ཤིན་ཏུ་འཐད་པའི་བདེན་པ་གཉིས་ཀྱི་རྣམ་བཞག་འདི་ནི། སངས་རྒྱས་བསྐྱངས་དང་ཟླ་བའི་ཞབས་ཀྱིས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་བཀྲལ་བ་འགྲེལ་བ་གཞན་ལས་ཁྱད་ཞུགས་པའི་ཁྱད་ཆོས་བླ་ན་མེད་པའོ། །ཞེས་ཐ་སྙད་བདེན་པ་ཚད་གྲུབ་ཏུ་བསྟན་པའི་ཕྱོགས་དང་།

གང་ཟག་དང་ཆོས་དོན་དམ་པར་མེད་པ་དང་ཡོད་པའི་ཚུལ་དེ་ལྟ་ཡིན་དང་། བདག་མེད་གཉིས་ཀྱང་བཤད་པ་ལྟར་བྱ་དགོས་ལ། དེའི་ཚེ་ཆོས་བདག་གྲུབ་མཐས་ཡོད་པར་ཁས་ལེན་ན་གང་ཟག་གི་བདག་མེད་རྟོགས་པ་འོང་ས་མེད་པས། འཇུག་འགྲེལ་ལས་ཀྱང་། ཆོས་ལ་བདག་ཏུ་འཛིན་པ་མི་འདོར་ན་གང་ཟག་གི་བདག་མེད་མི་རྟོགས་པར་གསུངས་སོ། དེའི་ཕྱིར་ཉན་རང་གིས་ཀྱང་བདག་མེད་གཉིས་རྟོགས་དགོས་སོ། འདི་ནི་འཕགས་པའི་བཞེད་པ་དམ་པ་ཡིན་ཏེ། ཞེས་ཉན་རང་གཉིས་ལ་སྟོང་ཉིད་རྟོགས་པ་ཡོད་པར་བསྟན་པ།

དེས་ན་རྡུལ་ཕྲ་རབ་ཆ་མེད་བཀག་ནས་དེ་མེད་པས་དེ་བསགས་པའི་རགས་པ་ཡང་མེད་ལ། ཕྲ་རགས་གཉིས་ཀ་མེད་པའི་ཕྱིར་ཕྱི་རོལ་མེད་དོ། །ཞེས་པ་ལ་སོགས་པའི་རིགས་པས་ནི། ཕྱི་རོལ་ཆ་མེད་འགོག་ནུས་ཀྱང་ཕྱི་རོལ་ཡོད་པ་འགོག་མི་ནུས་པས་དེ་ལ་ནི་ལུང་དང་འཇིག་རྟེན་གྱི་གྲགས་པ་གཉིས་ཀས་གནོད་པར་བརྒྱ་བའི་འགྲེལ་པ་ལས་གསུངས་སོ། །ཞེས་ཕྱི་དོན་འཐད་པར་སྒྲུབ་པ།

ཀུན་གཞི་ཁས་མི་ལེན་པ་ལ་ཡང་སྐྱོན་མེད་དེ་འདི་ལྟར། ལས་ཀྱི་རྣམ་སྨིན་ཡུན་རིང་དུ་ལོན་ནས་སྐྱེས་ལ། ལས་ཀྱང་རང་གི་དུས་གཉིས་པར་ཞིག་ཅིང་ཞིག་པ་ལས་འབྲས་བུ་འབྱུང་བ་མེད་པའི་ཕྱིར། ལས་འབྲས་ཀྱི་རྟེན་དུ་ཀུན་གཞི་འདོད་པ་ཡིན་ན། རང་གི་མཚན་ཉིད་ཀྱིས་མ་གྲུབ་ཀྱང་དངོས་པོར་འཇོག་ནུས་པ་ལ་ཞིག་པ་དངོས་པོར་ཤིན་ཏུ་འཐད་པས་ཀུན་གཞི་མི་དགོས་ཏེ། ཞེས་དང་། ཞིག་པ་དངོས་པོར་སྒྲུབ་ཚུལ་ཚིག་གསལ་དང་རིགས་པ་དྲུག་ཅུ་པའི་འགྲེལ་བ་ལས་གསུངས་ཏེ་རྩ་ཤེའི་རྣམ་བཤད་དུ་འཆད་པར་འགྱུར་རོ། །ཞིག་པ་དངོས་པོར་བཞེད་པའི་གནད་ཀྱིས་དུས་གསུམ་འཇོག་པ་ལའང་ཐུན་མོང་མ་ཡིན་པའི་ཁྱད་པར་ཆེའོ། ཞེས་ཀུན་གཞི་འགོག་ཅིང་ཞིག་པ་དངོས་པོར་ཤིན་ཏུ་་འཐད་པར་སྒྲུབ་པ་དང་།

རང་ལུགས་ཀྱིས་རང་རིག་མེད་ཀྱང་དྲན་པ་སྐྱེ་བ་མི་འགལ་བ་ནི། གང་ཕྱིར་གང་གིས་ཡུལ་མྱོང་གྱུར་དེ་ལས།། དྲན་པ་འདི་གཞན་ང་ལ་ཡོད་མིན་པ།། དེ་ཕྱིར་ང་ཡིས་མཐོང་སྙམ་དྲན་འགྱུར་ཏེ།། འདི་ཡང་འཇིག་རྟེན་ཐ་སྙད་ཚུལ་ལུགས་ཡིན།། ཞེས་པས་སྟོན་ཏོ་ཞེས་དང་། དེས་ན་རང་རིག་ཐ་སྙད་དུ་མི་བཞེད་པ་ཡང་ཐ་སྙད་དུ་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པ་འགོག་པ་འདིའི་མཐར་ཐུག་ཡིན་ནོ། །ཞེས་དང་། མདོར་ན་ཤེས་པ་ཤེས་བྱ་ལ་བརྟེན་ནས་བཏགས་པས་རང་གིས་མཚན་ཉིད་ཀྱིས་མ་གྲུབ་ལ། ཤེས་བྱ་ཡང་དེ་ལྟར་ཡིན་པའི་རྒྱུ་མཚན་གྱིས་དེ་གཉིས་ཀྱི་ཐ་སྙད་ཕན་ཚུན་ལྟོས་པར་མ་ཟད། དོན་ཕན་ཚུན་ལྟོས་བཏགས་ཙམ་ཡིན་པས་རང་རིག་མི་འདོད་པ་ཡིན་ནོ།། ཞེས་རང་རིག་འགོག་པ་དང་།

གསུང་རབ་ཀྱི་དོན་འདི་ལྟར་འགྲེལ་ན་རང་རྒྱུད་འདོད་དགོས་ལ། འདི་ལྟར་འགྲེལ་ན་དེ་འདོད་དུ་མི་རུང་ངོ་ཞེས་པའི་དོན་ནི་གསུང་རབ་ལ་ཤིན་ཏུ་གནས་མོད་ཀྱང་། རང་སྡེའི་གཞུང་འགྱུར་བ་རྣམས་ལས་ཐལ་རང་གང་འདོད་བརྟགས་ནས་རང་རྒྱུད་མི་འཐད་ཐལ་འགྱུར་འཐད་ཅེས་པ་ནི་ཟླ་བའི་གཞུང་རྗེས་འབྲང་དང་བཅས་པ་མིན་པ་ནས་དངོས་སུ་མ་བྱུང་ངོ་། ཞེས་པ་ནས། ལེགས་ལྡན་ལ་ཡང་སངས་རྒྱས་བསྐྱངས་དང་རང་ཉིད་རང་རྒྱུད་ཁས་ལེན་མི་ལེན་མི་མཐུན་སྙམ་པ་མི་འདུག་གི རང་རྒྱུད་ཁས་ལེན་པ་འོས་མེད་དུ་བྱས་པའི་ལུགས་སུ་སྣང་ངོ་། དེའི་གནད་ཀྱིས་ཀྱང་རང་ཉིད་དང་སངས་རྒྱས་བསྐྱངས་གཉིས་ལ་ཆོས་དང་གང་ཟག་ལ་རང་བཞིན་འགོག་པའི་དགག་བྱ་ལ་ཡང་ཁྱད་པར་ཡོད་པར་མི་བཞེད་དོ། །ཞེས་སོགས་གཞུང་ཟབ་བསྟན་བཅོས་ཆེན་པོ་འདིར་གཞུང་བསྲིངས་ཤིང་མཐའ་བསྐྱེད་དེ། བོད་མུན་པའི་ཀློང་ལ་སྒྲོན་མེ་བཏེགས་པ་ནང་བཞིན་བཞུགས་པ་འདི་ཡིན་ནོ།།

དེ་ཡང་འཇུག་པ་རང་འགྲེལ་ལས་ཀྱང་། ལུགས་འདི་ནི་ཐུན་མོང་མ་ཡིན་པའོ་ཞེས་མཁས་པ་རྣམས་ཀྱི་ངེས་པར་བྱའོ། །ཞེས་དང་། རིན་པོ་ཆེ་འདི་བའི་འཇུག་ཊིག་དགོངས་པ་རབ་གསལ་ལས་ཀྱང་། ཞེས་རང་གིས་དབུ་མའི་དོན་གཏན་ལ་ཕབ་པ་དེ། དབུ་མ་བ་གཞན་དང་ཐུན་མོང་མ་ཡིན་པར་བསྟན་པ་དང་། ཞེས་དང་། ཁྱད་པར་བསྟན་བཅོས་འདི་ཉིད་ལས། གཉིས་པ་དེ་ལ་བརྟེན་ནས་འཕགས་པའི་དགོངས་པ་འགྲེལ་ཚུལ་ཐུན་མོང་མ་ཡིན་པར་བསྟན་པ་ལ་གསུམ། བདག་མེད་རྟོགས་པ་དང་བདག་འཛིན་ཕྲ་རགས་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་པར་དང་། ཕྱི་དོན་འཇོག་ཅིང་ཀུན་གཞི་དང་རང་རིག་ཁས་མི་ལེན་པའི་ཐུན་མོང་མ་ཡིན་པའི་ཁྱད་པར་དང་། རང་རྒྱུད་ཁས་མི་ལེན་པའི་ཐུན་མོང་མིན་པའི་ཁྱད་པར་བཤད་པའོ། ཞེས་རྒྱ་གཞུང་བསྟན་བཅོས་ཁོ་ནའི་གཞུང་བསྲུངས་ཏེ་རྒྱ་ཆེར་གསུངས་པའི་དགོས་པ་ནི། ཀུན་གཞི་དང་། རང་རིག་དང་། རང་རྒྱུད་ཀྱི་རྟགས་སོགས་ཁས་མི་ལེན་པ་ཡང་དེ་དགག་པ་ཙམ་མ་ཡིན་པ། དགག་ལུགས་འགོག་སྟངས་མ་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་པར་དང་། ཞིག་པ་དངོས་པོ་དང་། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པ་དང་། ཕྱི་དོན་སོགས་ཀྱང་འཐད་པ་ཙམ་མ་ཡིན་པ། འཐད་པའི་འཇོག་ལུགས་མ་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་པར་བཅས་པའི་རྨད་དུ་བྱུང་བའི་ལེགས་བཤད་དག་ནི་མཚོན་པ་ཙམ་མོ། །ཞིབ་པར་གཞུང་བསྟན་བཅོས་རང་ལ་མཇལ་བར་བྱའོ།།

དེ་ལྟར་རྒྱལ་བའི་བསྟན་པ་སྔར་ནས་རང་རེ་བོད་དུ་དག་པར་ཡོད་པ་ལ་བར་ལམ་ནས་མི་མཁས་པའི་བསླད་བཅུག་པ་ལ་བརྟེན། རིན་པོ་ཆེ་འདི་བའི་དུས་སུ་ཤིན་ཏུ་ཉམ་ཆག་པར་ཡོད་པ་དང་། ཁྱད་པར་དུ་ལྟ་བའི་འཛིན་མཚམས་སྣ་ཚོགས་པའི་ལྟ་བ་ངན་པའི་འཇིགས་པ་ཤིན་ཏུ་རྒོད་ཅིང་རྩུབ་པས། དེ་ལ་ཐོག་མར་བོད་ཀྱི་ལྟ་བའི་འཁྲུལ་སེལ་ཏུ་ལྷག་མཐོང་ཆེན་མོ་བརྩམས་ཤིང་། དེའི་རྗེས་ཐོག་དེ་མ་ཐག་དེ་སྒྲུབ་ཀྱི་ཁུངས་དང་བདེན་སྐྱེལ་ལ་བསྟན་བཅོས་ཆེན་པོ་འདི་ཉིད་མཛད་དེ། འཁོར་ལོ་གསུམ་གྱི་དྲང་ངེས་འབྱེད་པའི་སྒོ་ནས་གྲུབ་མཐའ་བཞིའི་ལྟ་བ་སྤྱི་དང་། བྱེ་བྲག་དབུ་སེམས་ཀྱི་ལྟ་བའི་ཕྲ་རགས་དང་། ཐལ་རང་གི་ཁྱད་པར་རང་བཞིན་བཅས་སོ་སོར་མ་འདྲེས་པར་ཕྲ་ཞིང་ཞིབ་པར་གཏན་ལ་ཕབ་པ་ལ་བརྟེན། ད་ལྟའི་ཆར་རང་རེ་ཀུན་པོ་ལྟ་བ་ངན་པའི་འཇིགས་པའི་གཡང་ལས་ཡོངས་སུ་སྐྱོབ་ཐུབ་པ་བྱུང་སྟེ། དུས་ཀྱི་མཐའ་འདིར་ཡང་བོད་ཁ་བ་གངས་ཅན་པ་ནི་ལྟ་བའི་ཡང་རྩེ་དབུ་མ་ཐལ་འགྱུར་བའི་བདག་པོ་དང་། དཔལ་ན་ལེན་དྲའི་པཎ་ཆེན་བཅུ་བདུན་གྱི་ཕ་གཞིས་ལྟ་བུར་གྱུར་བའི་བླ་ན་མེད་པའི་མཛད་རྗེས་ཀྱི་ཆེ་བ་བཅས་སོ།།

གསུམ་པ།  བསྟན་བཅོས་འདིའི་འཕྲིན་ལས།

འདིའི་འཕྲིན་ལས་ནི། ཇི་སྐད་དུ། བླ་མ་ཙོང་ཁ་བ་ཆེན་པོས།

བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།།

ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེར་ནི།།

སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།།

ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་པའི་ཐུགས་སྨོན་གྱི་ཆེ་བ་དང་བཅས་ཏེ་དཀྱུས་སུ་འཇུག་ན།

གོང་དུ་ཞུས་མ་ཐག་པ་དེ་དང་དེ་འདྲའི་ཤུགས་ཀྱིས་སྔ་མའི་དྲང་ངེས་ལས་བརྩམས་པའི་གསུང་རབ་ཉིན་མོའི་སྐར་མ་ནང་བཞིན་པའི་མཇུག་བསྒྲིལ་ཏེ། ད་ལྟའི་ཆར་དྲང་ངེས་རྣམ་འབྱེད་ཆེན་མོ་འདི་ལས་འཕྲོས་པའི་ཕྱིས་བྱོན་གྱི་མཁས་པ་མང་བོས་དྲང་ངེས་འབྱེད་པའི་གསུང་རྩོམ་ཡང་། སྤང་ལ་ཤྭ་མོ་བརྡོལ་བ་བཞིན་ཡོད་དེ། དེ་ལ་དཔལ་མཉམ་མེད་རི་བོ་དགེ་ལྡན་པ་ཁོ་ནའི་མཁས་པ་ལའང་། དགའ་ལྡན་ཁྲི་རབས་གསུམ་པ་མཁས་གྲུབ་རིན་པོ་ཆེ་དང་། ཁྲི་རབས་དགུ་བ་རྗེ་དབོན་བློ་བཟང་ཉི་མ་ནས་ཉེ་རབས་ཀྱི་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་ལ་ཐུག་པའི་བར། རྩོད་མེད་ཡོངས་གྲགས་ཀྱི་་མཁས་པའི་དབང་བོ་བཞི་བཅུ་རྩ་བདུན་ལྷག་གིས་དྲང་ངེས་རྣམ་འབྱེད་ཆེན་མོ་ལས་འཕྲོས་ཏེ། སྤྱི་དོན་དང་མཐའ་དཔྱོད། དཀའ་འགྲེལ་དང་བསྡུས་འགྲེལ། མཆན་དང་ཟིན་བྲིས་སོགས་བརྩམས་ཆོས་པོད་ཆེན་ལྔ་བཅུ་རྩ་ལྷག་མཆིས་སོ། དེ་དག་ཀྱང་བརྩམས་པ་ཙམ་དུ་མ་ལུས་པར་ཆོས་བརྒྱུད་དང་། ཡིག་ཆ་མི་འདྲ་བ་སོ་སོའི་བླང་དོར་འབྱེད་པའི་མིག་དང་སྒྲོན་མེ་གཅིག་པུར་གྱུར་དང་འགྱུར་བཞིན་པ་འདི་ཡིན་ནོ། དེ་དག་ཀྱང་རགས་རིམ་ཙམ་འགོད་ན།

༡ དབུ་མའི་རྣམ་བཤད་སྟོང་ཐུན་སྐལ་བཟང་མིག་འབྱེད། མཁས་གྲུབ་དགེ་ལེགས་དཔལ་བཟང་། ༢ དྲང་ངེས་རྣམ་འབྱེད། རྗེ་དབོན་དགའ་ལྡན་ཁྲི་རབས་དགུ་བ་བློ་བཟང་ཉི་མ། ༣ དྲང་ངེས་རྣམ་འབྱེད་ཀྱི་སྤྱི་དོན་རྒོལ་ངན་ཚར་གཅོད་རིན་པོ་ཆེའི་འཕྲེང་བ། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། ༤ ལེགས་བཤད་སྙིང་པོའི་དཀའ་གནད་དོགས་གཅོད། པན་ཆེན་བསོད་ནམས་གྲགས་པ། ༥ དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་མཐའ་དཔྱོད་འཁྲུལ་བྲལ་ལུང་རིགས་བཻཊུརྱ་དཀར་པོའི་གན་མཛོད་སྐལ་བཟང་རེ་བ་ཀུན་སྐོང་། འཇམ་དབྱངས་བཞད་པའི་རྡོ་རྗེ་ངག་དབང་བརྩོན་འགྲུས། ༦ གུང་རུ་ཆོས་འབྱུང་གི་དྲང་ངེས་གསུང་རྒྱུན་དྲི་མེད་ཟིན་བྲིས་སུ་བཀོད་པ། གུང་རུ་ཆོས་འབྱུང་། ༧ རྒྱལ་བ་དགེ་འདུན་རྒྱ་མཚོ་དང་། འཇམ་དབྱངས་དགའ་བློ། འཇམ་དབྱངས་ཆོས་བཤེས་སོགས་ཀྱི་དྲང་ངེས་གསུང་རྒྱུན་དྲི་མེད་ལུང་རིགས་གཏེར་མཛོད། ༨ དྲང་ངེས་རྣམས་ཀྱི་རེག་ཟིན་དྲང་ངེས་ཞལ་ཐོ་དཀའ་གནད་གསལ་བའི་རིན་ཆེན་སྒྲོན་མེ། རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ། ༩ རྒྱལ་བའི་གསུང་རབ་ཀྱི་དྲང་ངེས་འབྱེད་པའི་རྣམ་བཤད་ལེགས་བཤད་སྙིང་པོའི་དོན་གསལ་བར་འབྱེད་པའི་བསྟན་པའི་སྒོན་མེ། སེར་བྱེས་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། ༡༠ བསྟན་བཅོས་ལེགས་བཤད་སྙིང་པོ་ལས་སེམས་ཙམ་སྐོར་གྱི་མཆན་འགྲེལ་རྩོམ་འཕྲོ་རྣམ་རིག་གཞུང་བརྒྱའི་སྣང་བ། གུང་ཐང་དཀོན་མཆོག་བསྟན་པའི་སྒོན་མེ། ༡༡ དྲང་བ་དང་ངེས་པའི་དོན་རྣམ་པར་བཞག་པ་ལེགས་པར་བཤད་པའི་སྙིང་པོ་ཟབ་བཤད་ནོས་སྐབས་ཀྱི་ཟིན་བྲིས་མདོ་བཤད་ཙམ་དུ་བཀོད་པ། ཕ་བོང་ཁ་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ། ༡༢ དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་དགོངས་པའི་དོན་རབ་ཏུ་གསལ་བར་བྱེད་པའི་མེ་ལོང་། སྒྲུབ་ཁང་དགེ་ལེགས་རྒྱ་མཚོ། ༡༣ དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགའ་བཤད་སྙིང་པོའི་དགོངས་པའི་དོན་གསལ་བར་བྱེད་པའི་མེ་ལོང་། སེར་བྱེས་རབ་འབྱམས་སྨྲ་བ་པྲ་ཏི་དགེ་བཤེས་བློ་བཟང་དགེ་ལེགས། ༡༤ དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་དགོངས་དོན་གསལ་བར་བྱེད་པ་བློ་བཟང་དགོངས་གསལ། སླེ་ལུང་བློ་བཟང་འཕྲིན་ལས། ༡༥ དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་དཀའ་འགྲེལ་རིན་ཆེན་སྒྲོན་མེ། རྗེ་གུང་ཐང་མཁན་པོ་བློ་གྲོས་རྒྱ་མཚོ། ༡༦ དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་རྒྱ་ཆེར་བཤད་པ་དྲང་ངེས་བཞི་འདྲིལ། དོན་གྲུབ་རྒྱ་མཚོ། ༡༧ དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་བསྡུས་དོན་བློ་གསལ་གཞོན་ནུའི་མགུལ་རྒྱན། མཁས་གྲུབ་དགེ་འདུན་བསྟན་པ་དར་རྒྱས། ༡༨ དྲང་བ་དང་ངེས་པའི་དོན་ལས་བརྩམས་པ་བློ་གསལ་རོལ་པའི་དགའ་སྟོན། དཔའ་རིས་བློ་བཟང་རབ་གསལ། ༡༩ དྲང་ངེས་རྣམ་འབྱེད་ཀྱི་མཐའ་དཔྱོད། མཁས་གྲུབ་དགེ་འདུན་བསྟན་པ་དར་རྒྱས། ༢༠ དྲང་ངེས་རྣམ་འབྱེད་ལེགས་བཤད་སྙིང་པོའི་མཐའ་དཔྱོད་པདྨ་དཀར་པོའི་ཕྲེང་བ། གུང་རུ་ཆོས་འབྱུང་། ༢༡ དྲང་ངེས་རྣམ་འབྱེད་ལེགས་བཤད་སྙིང་པོའི་དཀའ་གནད་རྣམས་མཆན་བུར་བཀོད་པ་གཟུར་གནས་བློ་གསལ་དགའ་སྟོན། སེར་བྱེས་དགེ་བཤེས་རྟ་མགྲིན་རབ་བརྟན། ༢༢ དྲང་ངེས་རྣམ་འབྱེད་ཀྱི་ཟིན་བྲིས། འཇམ་དབྱངས་བཞད་པའི་རྡོ་རྗེ་ངག་དབང་བརྩོན་བགྲུས། ༢༣ དྲང་ངེས་རྣམ་འབྱེད་ཀྱི་ཟིན་བྲིས་ཟབ་དོན་གསལ་བའི་སྒྲོན་མེ། སེར་ཤུལ་དགེ་བཤེས་བློ་བཟང་ཕུན་ཚོགས། ༢༤ དྲང་ངེས་རྣམ་འབྱེད་ཀྱི་ཟིན་བྲིས་བླ་མའི་ཐུགས་རྗེ་འོད་ཟེར་གྱིས་ཕྱེ་བའི་ལེགས་བཤད་པདྨ་དཀར་པོ། སྡེ་ཁྲི་འཇིགས་མེད་ཐུབ་བསྟན་ཉི་མ། ༢༥ དྲང་ངེས་རྣམ་འབྱེད་ཀྱི་ཟིན་བྲིས་ཡབ་རྗེའི་གསུང་བདུད་རྩིའི་ཟེགས་མ། རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ། ༢༦ དྲང་ངེས་རྣམ་འབྱེད་ཀྱི་བཤད་པ། སེར་བྱེས་ལྷ་རམས་པ་བློ་བཟང་རྒྱལ་མཚན། ༢༧ དྲང་ངེས་རྣམ་འབྱེད་ཀྱི་བར་སྐབས་ཚིགས་བཅད་ཀྱི་འགྲེལ་པ་ཀུན་འཁྱེན་བླ་མའི་དགོངས་རྒྱན། ངག་དབང་ཡེ་ཤེས་ཐུབ་བསྟན་རབ་འབྱམས། ༢༨ དྲང་ངེས་རྣམ་འབྱེད་ཀྱི་མཐའ་དཔྱོད་མདོར་བསྡུས་པ་བློ་གསལ་མགྲིན་རྒྱན། བཀའ་འགྱུར་པ་བློ་བཟང་ཚུལ་ཁྲིམས། ༢༩ དྲང་ངེས་རྣམ་འབྱེད་ཀྱི་མཐའ་དཔྱོད་མདོར་བསྡུས་བློ་གསལ་མགྲིན་རྒྱན། འཇམ་དབྱངས་བཞད་པའི་རྡོ་རྗེ་ངག་དབང་བརྩོན་བགྲུས། ༣༠ དྲང་ངེས་རྣམ་འབྱེད་ས་བཅད་གཞུང་དོན་གསལ་བྱེད། ལྷ་བཙུན་མཐུ་སྟོབས་ཉི་མ། ༣༡ དྲང་ངེས་རྣམ་འབྱེད་ཀྱི་སྤྱི་དོན་ལེགས་བཤད་་སྙིང་པོ་པདྨ་དཀར་པོའི་ཕྲེང་བ། མཁས་གྲུབ་དགེ་འདུན་བསྟན་པ་དར་རྒྱས།། ༣༢ དྲང་ངེས་རྣམ་འབྱེད་ཀྱི་ཐལ་འཕྲེང་ཕས་རྒོལ་འཇོམས་པའི་གནམ་ལྕགས་མཁས་པའི་བློ་མཚོ་འཕེལ་བའི་ལེགས་བཤད་ཀྱི་ཆུ་རྒྱུན། ཁྱུང་ཕྲུག་བྱམས་པ་བཀྲ་ཤིས། ༣༣དྲང་ངེས་རྣམ་འབྱེད་ཀྱི་དཀའ་གནད་གསལ་བར་བྱེད་པ་བསྡུས་དོན་ལེགས་བཤད་གསལ་བའི་མེ་ལོང་། དགའ་བྱང་སྦྱིན་པ་དར་རྒྱས། ༣༤ དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་རྩོམ་འཕྲོ་ལེགས་བཤད་སྙིང་པོའི་ཡང་སྙིང་། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ ༣༥ དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་ལེགས་བཤད་སྙིང་པོའི་དགོངས་རྒྱན། པྲ་ཏི་རིན་ཆེན་དོན་གྲུབ ༣༦ དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་དགོངས་པའི་དོན་རབ་ཏུ་གསལ་བར་བྱེད་པའི་སྒྲོན་མེ། རྒྱལ་བ་དགེ་འདུན་རྒྱ་མཚོ། ༣༧ དྲང་ངེས་ལེགས་བཤད་སྙིང་པོའི་བརྒལ་ལན་གྱི་རྣམ་པར་འབྱེད་པ་ཨུཏྤལའི་འཕྲེང་བ། པན་ཆེན་བསོད་ནམས་གྲགས་པ། ༣༨ དྲང་ངེས་ལེགས་བཤད་སྙིང་པོའི་སྤྱི་དོན་ལེགས་པ་དྲང་ངེས་རྣམ་འབྱེད་ཀྱི་དཀའ་གནད་ཅུང་ཟད་བཏུས་པ། ༣༩ དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནས་ལས་བརྩམས་པའི་ཟིན་བྲིས་བཅོམ་ལྡན་ཡིད་ཀྱི་མུན་སེལ། རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ། ༤༠ དྲང་ངེས་ཀྱི་དོན་རྣམ་པར་འབྱེད་པའི་རྣམ་བཤད། ཤཱནྟི་པ་བློ་གྲོས་རྒྱལ་མཚན། ༤༡ དྲང་ངེས་དཀའ་གནད་གསལ་བྱེད་སྐལ་བཟང་མགུལ་རྒྱན། རྗེ་དྲུང་ཤེས་རབ་དབང་བོ། ༤༢ དམ་ཆོས་དཔལ་བའི་གསུང་རྒྱུན་དྲང་ངེས་རྣམ་འབྱེད་འདྲ་མིན་གཉིས། ༤༣ ཟུར་བཀོལ་བཞིའི་སྐོར་ལས་དྲང་ངེས་མཐའ་དཔྱོད་ཀྱི་ཟིན་བྲིས། བསེ་ངག་དབང་བཀྲ་ཤིས། ༤༤ ལེགས་པར་བཤད་པ་སྙིང་པོའི་ཟིན་བྲིས་བློ་གསལ་སྒྲོན་མེ། སེར་བྱེས་ཏྲེ་ཧོར་མཁན་ཟུར་བློ་བཟང་དབང་ཕྱུག ༤༥ ལེགས་བཤད་སྙིང་པོ་ལས་བརྩམས་པའི་དྲིས་ལན། ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱན་མཚན། ༤༦ ལེགས་བཤད་སྙིང་པོ་ལས་གསུངས་པའི་རང་རྒྱུད་འགོག་པའི་ཚུལ་གསུངས་པའི་ལུང་ཚིག་གི་ས་བཅད། ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན། ༤༧ ལེགས་བཤད་སྙིང་བོའི་མཐའ་དཔྱོད་མཁས་པའི་དབང་པོ་འཇམ་དབྱངས་ཆོས་དཔལ་གྱི་གསུང་རྒྱུན། ༤༨ ལེགས་བཤད་སྙིང་པོའི་མཐའ་དཔྱོད་སྐལ་བཟང་རྣ་རྒྱན། བློ་གླིང་འཇམ་དབྱངས་དགའ་བློ། ༤༩ ལེགས་བཤད་སྙིང་པོའི་ཡང་འགྲེལ། སེར་སྨད་མཁན་པོ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ ། ༥༠ ལེགས་བཤད་སྙིང་པོའི་འགྲེལ་པ་བློ་གསལ་དགའ་སྐྱེད། དམ་ཆོས་དཔལ་པ། ༥༡ ལེགས་བཤད་སྙིང་པོའི་དོན་བསྡུས་བློ་གསལ་གཞོན་ནུའི་མགུལ་རྒྱན། བློ་བཟང་འཕྲིན་ལས་ཡེ་ཤེས། ༥༢ ལེགས་བཤད་སྙིང་པོའི་དཀའ་འགྲེལ། བློ་གླིང་ཚུལ་ཁང་མཁན་ཆེན་ལེགས་པ་དོན་གྲུབ ། ༥༣ སེ་ར་རྗེ་བཙུན་པའི་དྲང་ངེས་གསུང་རྒྱུན་དྲི་མེད་ཟིན་བྲིས་སུ་བཀོད་པ། བཙུན་པ་ཡེ་ཤེས་དཔལ་ལྡན། ༥༤ ཨེ་པ་དཀའ་ཆེན་ཤེས་རབ་རྒྱལ་པོའི་དྲང་ངེས་རྣམ་འབྱེད།ཨེ་པ་དཀའ་ཆེན་ཤེས་རབ་རྒྱལ་པོ། ༥༥ ལེགས་བཤད་སྙིང་བོའི་གསུང་བཤད་ཟིན་བྲིས་སུ་བཀོད་པ་ཀུན་མཁྱེན་གསུང་གི་ཆུ་རྒྱུན་དག་བྱེད་མཆོད་ཡོན། དབལ་མང་པཎྜིཏ་དཀོན་མཆོག་རྒྱལ་མཚན། ༥༦ དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བ་གསལ་བར་བྱེད་པ་ལེགས་བཤད་སྙིང་པོའི་དོན་མཐའ་དག་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་འཇུག་ངོགས་སྟོད་ཆ། འཇིགས་མེད་དམ་ཆོས་རྒྱ་མཚོ། ༥༧ དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བ་གསལ་བར་བྱེད་པ་ལེགས་བཤད་སྙིང་པོའི་དོན་མཐའ་དག་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་འཇུག་ངོགས་སྨད་ཆ། ༥༨ དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པ་བསྟན་བཅོས་ལེགས་བཤད་སྙིང་པོའི་བསྡུས་དོན་དྲང་ངེས་ལྟ་བའི་མིག་འབྱེད། འཇིགས་མེད་དམ་ཆོས་རྒྱ་མཚོ་ཞབས་བཅས་མཚོན་པ་ཙམ་མོ།

དེའི་ཚུལ་ཡང་མཁས་དབང་ཟམ་གདོང་རིན་པོ་ཆེས། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ཤིང་། གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བའི་སྒོ་ནས་སྐལ་བ་དང་ལྡན་པའི་གང་ཟག་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྣམས་འཁྲིགས་ཆགས་སུ་ཉམས་སུ་བླངས་ཏེ། དལ་བ་དོན་ལྡན་དུ་བྱས་པའི་འཇུག་སྒོ་གཉིས་པ་མེད་པ་ནི་རྒྱལ་བའི་གསུང་རབ་ལ་དྲང་ངེས་ཚུལ་བཞིན་དུ་འབྱེད་པའི་བློ་ཡི་ནུས་པ་སྨིན་མིན་ལ་རག་ལས་པ་དེ་ལྟ་ནའང་། གངས་ཅན་གྱི་ལྗོངས་སུ་ལྟ་ཞོག འཕགས་པའི་ཡུལ་དུའང་ཤིང་རྟ་ཆེན་པོ་རྗེས་འབྲངས་དང་བཅས་པ་རྣམས་ཀྱི་གཞུང་ལུགས་རྣམས་སུ། སྤྱིར་ཟབ་རྒྱས་ཀྱི་ཆོས་ཚུལ་གཏན་ལ་འབེབས་པའི་ཞོར་དུ་རྒྱལ་བའི་གསུང་རབ་ལ་དྲང་ངེས་འབྱེད་ཚུལ་ཞིབ་ཅིང་རྒྱས་པ་བྱུང་དུ་བས་མོད། གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གཞན་དྲིང་མི་འཇོག་པར་ཐོས་བསམ་གྱིས་འཇུག་པའི་བློ་ཡི་ནུས་པ་མ་སྨིན་པའི་ལས་དང་བོ་བ་རྣམས་ལ། འཇུག་བདེ་ཞིང་རྟོགས་སླ་བའི་ཤིང་རྟ་ཆེན་པོ་གཉིས་ཀྱིས་རྒྱལ་བའི་གསུང་རབ་ལ་དྲང་ངེས་འབྱེད་ཚུལ་གྱི་རྣམ་བཞག་ཕྲ་ཞིང་ཞིབ་པ། ཟུར་བཀོལ་གྱི་ཚུལ་དུ་གླེགས་བམ་གཅིག་ཏུ་ཡོད་པ་ཞིག་གཏན་ནས་མ་བྱུང་བར་བརྟེན། ཕལ་བ་རྣམས་ལྟ་ཅི། ཆེན་པོའི་ཆེན་པོར་གྱུར་བ་དག་གིས་ཀྱང་ཇི་བཞིན་གཟིགས་ཤིང་བཀྲལ་བར་མ་ནུས་པའི་གནས་འདི། ཆེས་བརྩེ་བ་ཆེན་པོས་བདག་ཅག་ཕྱི་རབས་ཀྱི་གདུལ་བྱ་བློ་ཡི་ནུས་པ་དམན་པ་རྣམས་ཀྱི་ཆེད། ཚིག་ཉུང་དོན་འདྲིལ་དབང་བོ་རབ་འབྲིང་ཐ་མ་ཡོངས་ཀྱི་འཇུག་བདེ་བར་མཛད་པ་འདི་ནི། ལྟ་བའི་རྣམ་བཞག་སྟོན་པའི་བསྟན་བཅོས་གཞན་ལྟར་རྩ་གཞུང་གཞན་གྱི་འགྲེལ་བའམ་ལམ་གྱི་རིམ་པའི་ཆ་ཤས་ཤིག་ཏུ་མ་ཡིན་པར། རང་རྐང་དུ་བརྩམས་པའི་ཆེས་བླ་ན་མེད་པའི་བསྟན་བཅོས་ཁྱད་པར་བ་ཞིག་ཡིན་སྟབས། ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱིས་ཀྱང་ཤིན་ཏུ་གཅེས་པར་བཟུང་ནས་རང་བློས་གང་ལྕོགས་ཀྱིས་ཐོས་བསམ་དང་། ཐ་ན་བློ་འཛིན་དང་སྐྱོར་སྦྱངས་ཡན་གྱིས་དལ་བ་དོན་ལྡན་དུ་བྱས་པའི་འབད་བརྩོན་བྱེད་མཁན་གྲངས་ལས་འདས་པ་ཞིག་བྱུང་བ་མ་ཟད། འགྲེལ་བ་དང་རྣམ་བཤད། བསྡུས་དོན་དང་མཆན་འགྲེལ། མཐའ་དཔྱོད་ལྷན་ཐབས་སོགས་ཧ་ཅང་མང་བོ་ལུང་རིགས་སྨྲ་བའི་དབང་བོ་རྣམས་ཀྱིས་མཛད། ཅེས་དང་།

རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་ཞབས་ནས་ཀྱང་། གང་ལྟར་འཇམ་མགོན་བླ་མས་བསྟན་བཅོས་འདི་མཛད་ནས་གཟབ་བཤད་སྔ་ཕྱིར་གནང་བ་རྒྱལ་ཚབ་མཁས་གྲུབ་འཇམ་དབྱངས་ཆོས་རྗེ་གསུམ་ག་ལས་བརྒྱུད་ཚུལ་བྱུང་ཞིང༌། དགེ་ལྡན་པའི་མཁས་གྲུབ་རིམ་བྱོན་དག་གིས་ཚུལ་འདི་ལ་འཆད་རྩོད་རྩོམ་པའི་བྱ་བ་རྒྱ་ཆེར་མཛད་དོ། ཞེས་གསུངས་པས།།

ད་ལྟའི་ཆ་ལའང་རྗེ་བླ་མའི་ལྕགས་མདའ་ལྕགས་གཞུ་ཞེས་གཞིས་བྱེས་གཉིས་ཀྱི་ཆོས་རྒྱུད་རིས་མེད་ཀྱི་སློབ་གཉེར་བ་ཡོངས་དང་། ཁྱད་པར་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་བཞི་རྣམས་དང་། གྲྭ་ས་དང་བཤད་གྲྭ་ཆེན་པོ་བརྒྱ་ཕྲག་དུ་མ་ཡོངས་ཀྱི་བསླབ་གཞི་དང་། འཛིན་སྐྱོར་སྦྱང་གི་རྐང་དུ་བཟུང་ཞིང་། བྱིན་རླབས་དང་མཁས་ངོམ་གྱི་གཞི་རུ་འཛིན་པ་ཞིག་ཏུ་འདུག་གོ།

ད་དུང་དུས་རབས་འདིའི་འགོ་མ་ཟིན་ཙམ་ལ་རྒྱ་གར་མཁས་པ་ཨ་ཙ་ར་རཱ་མ། ཤངྐརཿ ཏྲི་པཱ་ཋཱི་ཡིས། ཝ་ན་དབུས་བོད་ཀྱི་མཐོ་སློབ་གཙུག་ལག་ཁང་གི་རྒྱ་གཞུང་སློབ་དཔོན། དགེ་བཤེས་ཡེ་ཤེས་ཐབས་མཁས་ལགས་ཀྱིས་ཕྱག་རོགས་འོག་(སངས་རྒྱས་འདས་ལོ 2542 ཕྱི་ལོ་1998)ཧིནྡིའི་སྐད་ལ་བསྒྱུར་ཏེ། རྒྱ་གར་འཕགས་ཡུལ་ཏུ་རྒྱལ་བསྟན་བསྐྱར་དར་གྱི་འཕྲིན་ལས་ལ་རམ་འདེགས་ཚུགས་པ་དང་། རྒྱ་གར་མཁས་པ་དེ་ཉིད་ཀྱིས་ལེགས་སྙིང་ལ་ཉམས་ཞིབ་ཞིབ་ཚགས་རྗེས་འབྲེལ། རྗེ་རིན་པོ་ཆེ་ནི་སྔོན་གྱི་དཔལ་ན་ལེན་དྲའི་པཎ་ཆེན་རྣམས་དང་གདན་ཐོབ་མཉམ་པ་ཙམ་དུ་མ་ཟད། དེ་དག་ལས་ཀྱང་རྩེ་མོར་སོན་པའི་གདེངས་འཇོག་དང་། དེའི་ལུགས་༧སྐྱབས་མགོན་རིན་པོ་ཆེར་ཞུས་པའི་ལོ་རྒྱུས་སྐྱབས་མགོན་ཉིད་ཀྱིས་རྟག་པར་གསུང་བཞིན་པ་དང་། ཡང་དུས་རབས་སྔ་མའི་ནང་རྒྱ་ནག་ལོ་ཙཱ་བ་སློབ་དཔོན་ཆོས་འཕགས་ཞུ་བས་རྒྱ་ནག་སྐད་དུ་བསྒྱུར་ཅིང་རྒྱ་ནག་དང་། ཉི་ཧོང་། ལྷོ་གོ་རུ་ཡ་དང་སོག་པོ་བཅས་ནང་ཆོས་ཀྱི་རྒྱལ་ཁབ་ཆེན་པོ་རྣམས་སུའང་ཐོས་བསམ་གྱི་འཕྲིན་ལས་སྔ་མོ་ནས་ཡོད་ཡོད་པ་དང་།

ནུབ་ཕྱོགས་སུ་ཨ་རིའི་ཁོ་ལམ་རྦི་ཡ་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཐར་མཱན་གྱིས་དབྱིན་ཡིག་ཏུ་བསྒྱུར་ཏེ། དཔར་བསྐྲུན་དང་པོ་ཕྱི་ལོ1984ལོར་ཐོན་པ་དང་། ཡང་ཁོང་དང་བླ་མ་གཅིག་པའི་ཨ་རིའི་ཝར་ཇི་ནི་ཡའི་སློབ་གྲྭ་ཆེན་མོའི་སློབ་དཔོན་ཟུར་བ། ཇེ་ཧྥ་རི་ཧོབ་ཀིནྶ་མཆོག་གིས་དབྱིན་བསྒྱུར་དཔར་བསྐྲུན་དང་པོ་ཕྱི་ལོ་1999ལོར་ཐོན་པ་དང་། འདིས་སེམས་ཙམ་སྐོར་ལ་དཔྱད་ཞིབ་ཀྱི་དེབ་གཉིས་བཏོན་པ་སོགས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་བོའི་སློབ་གྲྭ་ཆེན་མོ་ཁག་དང་། རིག་གཞུང་ཞིབ་འཇུག་གི་ལྟེ་གནས་མང་བོར་ཐོས་བསམ་དང་། ཞིབ་འཇུག་ཕབ་སྒྱུར་གྱི་ལས་ཀ་འགྲོ་དང་འགྲོ་མུ་ཡིན་པ་སྟེ།

དེ་དག་ནི་ཤེར་ཕྱིན་ཡོངས་གཏད་ཀྱི་ལེའུར། ཀུན་དགའ་བོ་ཁྱོད་ཀྱིས་ངའི་ཆོས་ཀྱི་རྣམ་གྲངས་གཞན་ཐམས་ཅད་ཆུད་གཟན་པར་གྱུར་ཀྱང་བླའི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐ་ན་ཡིག་འབྲི་གཅིག་ཀྱང་ཉམས་པར་མི་འགྱུར་བར་ཟུངས་ཤིག དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཇིག་རྟེན་ན་ཇི་སྲིད་དུ་སྤྱོད་པ་དེ་སྲིད་དུ་དེ་བཞིན་གཤེགས་པ་འཇིག་རྟེན་ན་བཞུགས་པར་རིག་པར་བྱའོ། དེ་སྲིད་དུ་དེ་བཞིན་གཤེགས་པས་འཇིག་རྟེན་ན་ཆོས་སྟོན་པར་རིག་པར་བྱའོ། །ཞེས་བསྔགས་པ་རྒྱ་ཆེར་མཛད་པའི་བདེན་སྟོབས་ཀྱི་ཟིལ་ཤུགས་ངོམ་པའི་ལྷའི་ཕོ་ཉའི་ཚུལ་དང་།

ཡང་མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོག་མར་རྒྱ་གར་ལྷོ་ཕྱོགས་སུ་དར་བར་འགྱུར་བ་དང་། དེ་ནས་ཡུལ་བར་ཏ་ནིར་དར་བ་དང་། དེ་ནས་ཀྱང་བྱང་ནས་བྱང་གི་ཕྱོགས་སུ་དར་བར་འགྱུར་རོ། ཞེས་ཡུམ་གྱི་ལུང་བསྟན་ལ་ཤེར་ཕྱིན་བྱང་ནས་བྱང་གཉིས་པ་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་དར་བར་འགྱུར་བར་ལུང་བསྟན་པའི་འཕྲིན་ལས་ཀྱི་སྒོ་གླེགས་དུ་མ། ཡོངས་སུ་འབྱེད་པའི་འཕྲུལ་གྱི་ལྡེའུ་མིག་གི་ཚུལ་དང་གཉིས་སུ་མེད་པའི་འཛམ་གླིང་རང་བཞིན་གྱི་འཕྲིན་ལས་ཀྱི་ཆེ་བ་སྟེ།།

ཁྱད་པར་བསྟན་བཅོས་འདིར་ཐོག་དང་པོར་ཐལ་འགྱུར་བའི་ཟབ་གཏེར་བརྒྱད་བཏོན་པ་ཡིན་ལ། དེས་བོད་ཙམ་མ་ཟད་མིའི་རིགས་ཀྱི་མཚན་ཉིད་རིག་པ་ལ་བཀྲག་མདངས་གསར་བ་ཞིག་བསྩལ་གནང་ཡོད་པ་དང་། དེང་གི་རྩོད་སྒྲུབ་དངོས་གཙོ་སྨྲ་བ་དང་། མཚན་ཉིད་རྩོད་སྒྲུབ་སྨྲ་བ། ཚད་རྡུལ་རིག་པ་དང་། ལྟོས་གྲུབ་རིག་པ། སེམས་གཙོ་སྨྲ་བ་དང་། སེམས་ཁམས་རིག་པ་དང་། མཛེས་རྟོག་རིག་པ་ལ་སོགས་པ་དེང་གི་དུས་ལ་རིགས་ལམ་ཤིན་ཏུ་རྣོ་བར་རློམ་པ་དང་། རྒྱུག་ཆེ་བར་བསམ་པ་དག་དང་འགྲན་བཙུགས་ཡོད་པ་དང་།  རིག་པ་དེ་དག་ཆ་ཚང་བར་གཞུང་གཅིག་ལ་སྦྱར་བཏུབ་པ་བསྟན་བཅོས་འདི་ལས་གཞན་མ་བྱུང་བ་སོགས་ཤེས་ན་ངོ་མཚར་བའི་ལྟད་མོ་ལ་འཛད་པ་མེད་དོ།།

ད་དུང་ཐལ་འགྱུར་བའི་ཐུན་མིན་གྱི་ཆོས་བརྒྱད་དེ་ལས་འཕྲོས་ཏེ། དེའི་ཕྱིས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཆོས་བཅུ་དྲུག་དང་། ཀློང་བརྡོལ་བླ་མའི་ཉི་ཤུ་རྩ་བཅས་སུ་རྒྱ་བསྐྱེད་པའི་རིགས་པའི་སྒོ་མང་བོ་དབྱེར་ཡོད་པ་སོགས་ངོ་མཚར་སྐྱེད་པའི་འཕྲིན་ལས་ཀྱི་དབྱེ་སྒོ་དུ་མ་ཡོད་པ་སོགས་ལ་བསམ་ནའང་། འཇིག་རྟེན་ན་ཇི་སྲིད་ཉི་ཟླའི་སྣང་བ་དེ་སྲིད་དུ། སྤྱིར་ཡང་དག་པའི་རིགས་པའི་འགྲོ་རྒྱུག་ལ་ནུབ་པ་མེད་ཅིང་། བྱེ་བྲག་བསྟན་བཅོས་འདིའི་འཕྲིན་ལས་ཀྱི་མཐའ་སྡུད་མི་སྲིད་པ་ཉིད་ཀྱི་ལྟད་མོ་དང་།

ཡང་ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ་ཞེས་མགོ་ལྕོག་ལྕོག་གི་དེང་གི་གཡམ་རྒྱུག་མཁན་པོ་རྣམས་དང་། ཞིག་པ་དངོས་པོར་བཞེད་པ་ལ་གཞན་སྐྱེ་ཐལ་ཞེན་གྱི་རྟོག་གེ་མགོ་མཁྲེགས་རྣམས་དང་། ཐ་སྙད་ཚད་གྲུབ་རྟག་མཐར་དགོངས་ཤིང་ཐམས་ཅད་འཁྲུལ་སྣང་འབའ་ཞིག་ཏུ་སྨྲ་བའི་བོད་ཀྱི་སྒྱུ་མ་མཁན་པོ་རྣམས་དང་བཅས་ལ། འདིར་རྟོག་པ་སྔོན་སོང་གིས་དབྱུག་པ་ལེབ་རྡུང་ཕོག་པ་སོགས་ཤེས་ན་ལྟད་མོ་དེ་བས་ཆེ་བ་མེད་དེ། དེ་མཚོན་ཙམ་གཞན་དུ་འགོད་པར་འགྱུར།

དེ་དང་དེ་འདྲའི་ཤུགས་དང་བྱིན་རླབས་དང་། བསྟན་བཅོས་འདི་ཉིད་ཀྱི་ཐུན་མིན་གྱི་དཔྱད་སྟོབས་དང་བླ་མེད་ཀྱི་རིགས་ལམ་གཉིས་ཆ་ནས། བོད་ཕྱི་ནང་གི་གཟུར་གནས་ཀྱི་སྐྱེས་བུ་མང་བོའི་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོགས་པ་ལ་བརྟེན། ད་ལྟའི་ཆར་མཆོག་དམན་ཀུན་གྱི་རིགས་ལམ་དཔྱོད་པའི་བདག་རྐྱེན་དང་། བླང་དོར་འབྱེད་པའི་མིག་ཏུ་གྱུར་དང་འགྱུར་བཞིན་པའི་བསྟན་བཅོས་འདིའི་འཕྲིན་ལས་ཀྱི་འོད་སྣང་དང་བདེན་པ། ཉིན་རེ་ལས་ཉིན་རེར་འཕེལ་ཞིང་རྒྱས་པའི་ལྟད་མོ་སོགས་ལྟད་མོ་མང་པོ་ཡོད་དོ།

དེ་ཡང་གངས་ཅན་དུ་ཆེས་ཆུང་བ་དག་ཟེར་འོས་བདག་ཅག་ལ་མེད་ཀྱང་། རང་རེ་ལས་ཆེས་ཆེ་བར་གྱུར་བར་བ་དང་། རྗེ་བླ་མ་ཙོང་ཁ་བ་ཆེན་པོ་ལས་ཆེས་ཆུང་བ་སྔ་རབས་པ་པཎ་ཆེན་ཤཀྱཱ་མཆོག་ལྡན་དང་། རོང་ཊིག་པ་ཤེས་བྱ་ཀུན་གཟིགས། ཀུན་མཁྱེན་གོ་བོ་རམས་འབྱམས་པ། ཕྱིས་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་དང་། ཉག་རོང་བ་ཟླ་བ་བཟང་བོ་ཞབས། ཁྱད་པར་དུ་དགེ་ཆོས་ཀྱི་ལོ་རྒྱུས་ཀྱི་གནས་བསྐོར་ཚོ་ཞིག་དང་། ཡུལ་བསྐོར་གྱི་ཟིན་ཐོའི་དེབ་ཅིག་གི་བློ་སྐྱེད་ཙམ་རྒྱུ་མཚན་དུ་གྱིས་ནས། འཛམ་གླིང་མཁས་པའི་གཙུག་རྒྱན་ཏུ་རློམ་སྟེ། ཁྱི་རྒན་ཀུ་ཅོ་འདོན་པ་ན་གཞན་དག་རྒྱུ་མཚན་མེད་པར་རྒྱུག་པའི་དཔེས། ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ་ཞེས་མགོ་ལྕོག་ལྕོག་གིས། དགེ་ཆོས་ཀྱིས་ཇི་མཛད་ལེགས་པར་མཐོང་བའི་དེང་གི་ཕྱི་རབས་པ་རྣམས་ལ་ནི། སྔོན་ནས་བསྟན་བཅོས་འདིའི་འཕྲིན་ལས་གྲུབ་ཟིན་པ་ཡིན་ཡང་། ད་དུང་ཤངས་རུལ་བ་སྣས་མ་ཚོར་བའི་ལྷག་མ་སྐོར་ཚོ་གཅིག་དང་། ཡང་ན་ཕྱོགས་རེའི་མིག་ཅན་གྱིས་སྒྲིབ་བསྡད་པ་ཅི་རིགས་པ་མཆིས་པ་དག་ནི་ཇི་འདྲའི་སྐལ་བ་དང་མ་ལྡན་པ་ཞིག་རེད་ཨང་། དེ་དག་ལའང་བསྟན་བཅོས་འདིའི་འཕྲིན་ལས་ཀྱི་འཇུག་པའི་ཆེ་བ། དེང་གི་ཆེས་རྒྱུག་ཆེ་བའི་ལྟ་གྲུབ་དག་ལ་རྒྱུས་མངའ་ལྡན་ཞིང་། མཚུངས་སྦྱོར་ཤེས་ན་དུས་ལས་གཡོལ་བ་མེད་པ་ཉིད་དོ་ཞེས་སྨྲའོ། འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་ཟེར་མཁན་དག་ལ་ནི་ཅི་ཆ།

མདོར་ན་དེང་སང་དངོས་གཙོ་སྨྲ་བར་ཁས་འཆེས་བཞིན་དུ་ཐ་སྙད་ཚད་གྲུབ་དང་། ཞིག་པ་དངོས་པོར་འཐད་མིན་གྱི་ས་ལྡིང་གནམ་ལྡིང་མཁན་དག་གི་བློ་ཡུལ་ཙམ་ལའང་མེད་པ་ནི། དབུ་མ་ཐལ་འགྱུར་བའི་ཐུན་མིན་གྱི་ཆོས་བརྒྱད་དེ་ཉིད་དཔལ་ལྡན་ཟླ་བ་གྲགས་པས་གཏེར་བཞིན་གཉེར་བསྡད་པ། གངས་ཅན་དུ་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་མ་འབྱོན་བར་དུ་སུ་གང་གིས་ཀྱང་ཐུགས་ཡུལ་ན་མེད་པ་དེ་ཉིད། བླ་མ་འདིས་གཏེར་ས་ནས་བཏོན་པ་ནང་བཞིན་ཕྱུང་བ་ནི། མིའི་རིགས་ཀྱི་མཚན་ཉིད་རིག་པའི་ལྡིངས་ཆ་ལ་ལྟད་མོ་ངོ་མཚར་འབུམ་ལྡན་ཏུ་བསྩལ་གནང་ཡོད་པ་སོགས་ཤེས་ན། བསྟན་བཅོས་འདི་ཉིད་ལས་ངོ་མཚར་ལྡན་པ་རྟའི་རྨིག་ལྕགས་ཀྱིས་གཡོགས་ཏེ། འཇིག་རྟེན་མཐའ་དབུས་བསྐོར་ཡང་རྙེད་རེ་སྐན་པའི་ལྟད་མོ་སོགས་ལྟད་མོ་ལ་འཛད་པ་མེད་དོ།།

བཞི་བ། མཇུག་གི་དོན།

དེ་ལྟར་རྗེ་བླ་མ་ཙོང་ཁ་བ་ཆེན་པོས་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་ལེགས་བཤད་སྙིང་བོའི་རྩོམ་པ་གྲུབ་པ་ཡིན་ལ། དེ་ཡང་དེ་དུས་ཀྱི་བོད་ཀྱི་ཆོས་རིག་ཉམ་ཉེས་གནས་སྟངས་ཀྱིས་གཏུགས་ཏེ་ཡོང་བ་དང་། ཡང་ཕྱོགས་ཀྱི་གཟུར་གནས་བློ་ལྡན་གྱི་སྐྱེས་བུ་ཆེན་པོ་དུ་མས་ཀྱང་དྲི་རྨེད་དང་སྦྲགས་པའི་ཐུགས་བསྐུལ་ཡང་ཡང་གནང་ཡོད་ངེས་པ། ཁྱད་པར་དུ་ལྷག་པའི་ལྷ་དང་མི་དང་མི་ལབ་པ་ནང་བཞིན་གྱི་ཐུན་མིན་རྣམ་ཐར་དང་། བཀའ་བགྲོ་བའི་གསུང་ཟིན་དགུང་ལོ་སོ་བདུན་དུས་ནས་བཞུགས་བཞུགས་པ་ལ། འདི་དུས་ཀྱང་རྗེ་བཙུན་དང་བགྲོ་བ་ལ་ཞུགས་ཤིང་དངོས་སུ་རྩོམ་པ་ལ་བསྐུལ་ཞིང་གནང་བ་དང་། གནང་ནས་དྲང་ངེས་འབྱེད་པའི་སྲོལ་ལ་ངེས་པ་ཅན་དུ་བརྟེན་དགོས་པ་དང་། དེ་ལ་བརྟེན་ཐབས་ཀྱི་རིགས་པའི་གསང་ཚིག་རྣམས་བཏོན་ཞིང་བཏོན་པ་ལ་བརྟེན་ཏེ། དབུ་སེམས་ཀྱི་ཁྱད་པར་སྤུ་རིས་སོ་སོར་ཕྱེ་ཞིང་དྲང་ངེས་ཀྱི་ཤིང་རྟའི་སྲོལ་ལ་གཉིས་དང་། དེའི་སྲོལ་འབྱེད་མཁན་པོ་ལ་ཡང་གཉིས་སུ་ངེས་པ་བསྟན་པ་དང་། ཁྱད་པར་དུ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་པར་བརྒྱད་བཏོན་ནས་ཐལ་རང་གཉིས་ཁ་དང་ཁ་སྤུ་སོ་སོར་ཕྱེ་ཏེ། ཐལ་འགྱུར་བ་རང་རེའི་བསྟན་པ་འདིའི་ལྟ་བའི་ཡང་རྩེར་བསྔགས་ཤིང་། ལྟ་བ་དེ་ལ་བརྟེན་ནས་ཟབ་རྒྱས་གཉིས་ལ་ཇི་ལྟར་འཇུག་ཚུལ་དང་། ཞུགས་ནས་ས་ལམ་གྱི་བགྲོད་པ་རིམ་གྱིས་གྲོལ་ཏེ་མཐར་ཐུག་གི་གནས་ལ་ཇི་ལྟར་རེག་པའི་ཚུལ་རྣམས་ཞིབ་ཅིང་རྒྱས་པའི་ལུགས་སུ་བཀྲལ་བ་ཉིད་ལགས་སོ།།

སྨྲས་པ། དུས་ངན་སྙིགས་མའི་ཡང་སྙིགས་ཉིང་སྙིགས་ལ།།

ལེགས་བཤད་གཏམ་གྱི་རྒྱུ་བ་ཤིན་ཏུ་ཕྲ།།

རང་བཟོས་ངན་རྟོག་འགྱུ་བ་རྒོད་པ་ལ།།

ར་གན་གསེར་གྱི་ངོ་སོ་ཨ་རེ་ཆད།།

གྲུབ་མཐའ་ཆོས་བརྒྱུད་མ་འདྲེས་སོ་སོ་ལ།།

འགྲོ་བའི་འདུལ་སྒོ་མ་འདྲ་ཁྱད་ཡོན་རེ།།

མཁས་པའི་རྣམ་དཔྱོད་རྩལ་ལ་ཁྱད་ཞུགས་ན།།

འཇིག་རྟེན་དགེ་བའི་ལྟད་མོ་འཛད་པ་མེད།།

ཞེས་དྲང་ངེས་ལེགས་བཤད་སྙིང་བོ་མཛད་པའི་རྒྱབ་ལྗོངས་དང་། དེའི་ཤུགས་རྐྱེན་དང་འཕྲིན་ལས་གངས་ཀྱི་འོད་སྣང་ཞེས་པ་འདི་ནི། རྗེ་བླ་མ་བློ་བཟང་གྲགས་པས་ཐོས་བསམ་སློབ་གཉེར་གྱི་དབུ་གང་ནས་ཚུགས་པས་བྱིན་རླབས་ཤིན་ཏུ་ཆེ་ཞིང་། ལོ་རྒྱུས་ཀྱི་འགང་ཆེ་བ་དང་ལྡན་པ། ཆེན་པ་གང་གིས་གནས་གང་དུ་གངས་ཅན་མཁས་པའི་གཙུག་རྒྱན་བླ་མ་ཙོང་ཁ་བ་ཆེན་པོ་སྨན་གྱི་མྱུ་གུ་བཞིན་བསྐྱངས་པའི་ལེགས་མཛད་ཀྱི་རི་མོ། ད་ལྟའང་མ་ཉམས་པར་བསྐལ་བར་བསྲིངས་ཏེ་ཡོད་པས། ཕྱི་རབས་བོད་ལ་ཤིན་ཏུ་ནས་ཀྱང་སྐུ་དྲིན་ཆེ་བ། ཆོས་ཀྱི་རྗེ་ ༧དོན་གྲུབ་རིན་ཆེན་པའི་སྒྲུབ་གནས་ཆུ་དཀར་རི་ཁྲོད་དུ། རྗེ་བླ་མའི་ལེགས་བཤད་རྣམས་ལ་གསེར་མཇལ་གྱི་སྐལ་བཟང་མངོན་དུ་བགྱིད་པའི་དཔེ་ལྟའི་བཅད་རྒྱ་ལ་གནས་སྐབས། དྲང་ངེས་རྣམ་འབྱེད་ཆེན་མོ་ལེགས་བཤད་སྙིང་བོར་གསེར་མཇལ་ཞུ་བའི་བར་གསེང་དུ་ཨ་ཚོགས་བློ་བཟང་མཁས་བཙུན་དུ་འབོད་པས་རང་དང་སྐལ་བ་མཉམ་པ་རྣམས་ལ་དཔྱོད་པའི་སྒོ་ཙམ་དུ་སྤེལ་བ་དགེའོ།

ཕྱི་ལོ 2017ལོའི་ཧོར་ཟླ 11ཚེས 5 ཉིན

དཔྱད་གཞིའི་ཡིག་ཆ།

1 རྗེ་བླ་མའི<དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པ་ལེགས་པར་བཤད་པའི་སྙིང་བོ>

2 རྗེའི<འཇུག་ཊིག་དགོངས་པ་རབ་གསལ>

3 དཔལ་ལྡན་ཟླ་བའི་<དབུ་མ་འཇུག་པའི་རང་འགྲེལ>

4 རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི<དྲང་ངེས་མཐའ་དཔྱོད་ལེགས་བཤད་སྙིང་བོའི་འཇུག་ངོགས>

5 ཝ་ན་མཐོ་སློབ་གྱི་རྒྱ་གཞུང་སློབ་དཔོན་ཡེ་ཤེས་ཐབས་མཁས་ཀྱི<ལེགས་བཤད་སྙིང་བོའི་ཞུ་སྒྲིག་དཔེ་བསྡུར>ཆེད་བརྗོད། མཁས་དབང་ཟམ་གདོང་རིན་པོ་ཆེ།

6 ཝ་ན་མཐོ་སློབ་གྱི་རྒྱ་གཞུང་སློབ་དཔོན་ཡེ་ཤེས་ཐབས་མཁས་ཀྱི<ལེགས་བཤད་སྙིང་བོའི་ཞུ་སྒྲིག་དཔེ་བསྡུར>གླེང་བརྗོད།

7 རྗེ་མཁས་གྲུབ་པའི<རྗེའི་རྣམ་ཐར་དད་པའི་འཇུག་ངོགས>>

8 རྗེ་རྟོགས་ལྡན་འཇམ་དཔལ་བའི<<རྗེའི་རྣམ་ཐར་ཟུར་འདེབས་ལེགས་བཤད་ཀུན་འདུས>>

9 མཁས་གྲུབ་ལེགས་བཟང་བའི་རྗེའི་གསང་རྣམ<རྨད་བྱུང་གཏམ་གྱི་དགའ་སྟོན>

10 མཁན་ཟང་ཟང་ནེ་རིང་བ་འཆི་མེད་རབ་རྒྱས་ཀྱི་རྗེའི་རྣམ་ཐར<ནོར་བུའི་བང་མཛོད>

11 དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི<<དུང་དཀར་ཚིག་མཛོད་ཆེན་མོ>>


བརྒྱུད་འགོད།