རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ་ལས་ཤིང་པར་ཁག་གི་ཆོས་ཚན་ཆད་ལྷག་དང་གོ་རིམ་འཁྲུགས་པའི་སྐོར་ལ་དཔྱད་པ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-02-04 16:21:40     རྩོམ་པ་པོ།   སྙན་བཟང་པ་མཁར་བྱམས་ཐར། ཤེས་རབ་    ཀློག་ཐེངས།  

ནང་དོན་གནད་བསྡུསདཔྱད་རྩོམ་འདིའི་ནང་དུ་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་མའི་ལོ་རྒྱུས་མདོར་བསྡུས་དང་། ཆོས་ཚན་ཁག་གི་ཆད་ལྷག །མཚན་བྱང་མི་འདྲ་བ། ཆོས་ཚན་གྱི་དཀྱིལ་དང་མཇུག་ཏུ་ལྡེབ་མང་པོར་ལྷག་པ། གོ་རིམ་འཁྲུགས་པ་སོགས་ཀྱི་སྐོར་གསལ་བརྗོད་བྱས་ཡོད།

བརྡ་ཆད་གཙོ་བོརྗེ་ཡབ་སྲས། གསུང་འབུམ། དཔར་ཤིང་། ཆོས་ཚན། ཆད་ལྷག །གོ་རིམ་འཁྲུགས་པ།

དེ་ཡང་སྤྱིར་དཔེ་བསྡུར་མ་ཞེས་པ་ནི་དཔར་གཞི་མི་འདྲ་བ་ཀ་ཚོད་ཡོད་ནའང་དཔེ་བསྡུར་བྱ་སྐབས།དཔེ་བསྡུར་བྱ་སའི་མ་ཕྱི་དཔར་གཞི་གཅིག་གི་སྟེང་དུ་ལྷག་པ་དང་། ཆད་པ།བསྐྱར་བཟློས།གོ་རིམ་འཁྲུགས་པ། བྱ་ཚིག་དང་མིང་ཚིག །ཕྲད་དང་རྣམ་དབྱེ་མི་འདྲ་བ་སོགས་དཔེ་གཞི་མང་པོ་ཀློག་མི་དགོས་པར་དཔེ་བསྡུར་མའི་པར་གཞི་གཅིག་གི་སྟེང་ནས་གསལ་བོར་ཤེས་པ་དེ་ཡིན།

དང་པོ། གསུང་འབུམ་ཤིང་དཔར་མ་ཁག་གི་ལོ་རྒྱུས་མདོར་བསྡུས།

དུས་རབས་བཅུ་བཞི་པའི་ཡར་སྔོན་དུ་བོད་ཀྱི་བཀའ་བསྟན་དང་མཁས་པ་རྣམས་ཀྱི་གསུང་འབུམ་སོགས་ཚང་མ་ལག་བྲིས་མ་ཁོ་ན་ལས།ཤིང་པར་དུ་རྐོ་བའི་ལག་རྩལ་དར་རྒྱས་བྱུང་མེད་པ་དང་།དུས་རབས་བཅུ་བཞི་པའི་རྗེས་ནས་རིམ་གྱིས་བཀའ་བསྟན་དང་གསུང་འབུམ་སོགས་ཤིང་པར་དུ་རྐོ་བའི་ལག་རྩལ་དར་རྒྱས་སུ་བྱུང་བ་རེད།མཁས་དབང་དུང་དཀར་རིན་པོ་ཆེའི་དཀར་ཆག་རིག་པ་ལས། བོད་དུ་དཔར་ཤིང་རྐོ་བའི་ལག་རྩལ་ཐོག་མར་དར་ནས་ཡུན་རིང་མ་སོང་བར་རྗེ་ཙོང་ཁ་པ་སྐུ་འདས་ཤིང་། དེ་ནས་ལོ་བཅུ་བདུན་སོང་བའི་མེ་རྟ་སྤྱི་ལོ་1426ལོར་རྗེ་ཙོང་ཁ་པའི་གསུང་འབུམ་ཆ་ཚང་དཔར་སྐྲུན་བྱས་པ་རེད་[]ཅེས་གསུངས་ཡོད་མོད། ཡིན་ནའང་ལམ་རིམ་ཆེན་མོ་དང་། ལེགས་བཤད་གསེར་ཕྲེང་སོགས་པོད་རེ་གཉིས་ཙམ་མ་གཏོགས་གསུང་འབུམ་ཆ་ཚང་ཞིག་དཔར་དུ་བརྐོས་ཡོད་པ་ཞིག་ད་ལྟ་དངོས་སུ་མཐོང་རྒྱུ་མི་འདུག་པས་དཔྱོད་ལྡན་རྣམས་ཀྱིས་དཔྱད་པར་འཚལ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་ཤིང་དཔར་དུ་བརྐོས་པའི་ཐོག་མ་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་1663-1737ཀྱིས་ཐུགས་བཀོད་ལྟར་གཙང་བཀྲ་ཤིས་ལྷུན་པོར་དུས་རབས་བཅུ་བདུན་པའི་ནང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་ཤིང་པར་དུ་བརྐོས་པ་ལ་གཙང་པར་མ་ཞེས་སུ་གྲགས།

དེ་ནས་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་འཇམ་དབྱངས་བཞད་པ་སྐུ་འཕྲེང་གཉིས་པ། ཀུན་མཁྱེན་འཇིགས་མེད་དབང་པོས་སྤྱི་ལོ1761ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་པར་ཁང་དང་པར་རྐོ་ཐོག་མར་བཙུགས།དེ་སྔ་ཀུན་མཁྱེན་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་དབུས་ནས་བླ་བྲང་དུ་ཕེབས་སྐབས་པོ་ཏི་ཁྲི་ཕྲག་ལྷག་ཁྱེར་ཡོང་བའི་ཁར། སྤྱི་ལོ་1773ལོར་ཀུན་མཁྱེན་འཇིགས་མེད་དབང་པོས་རིག་གནས་སྐོར་སོགས་ཕྱག་དཔེ་འགའ་ཞིག་འཚོལ་སྒྲུབ་ཀྱི་ཆེད་དུ་མགྲོན་གཉེར་བ་ཤེས་རབ་རྒྱ་མཚོ་སྡེ་དགེའི་ཕྱོགས་སུ་ཆེད་གཏོང་གནང་། ཕྱིས་སུ། དབུས་ཕྱོགས་ཀྱི་བོད་མཁས་པ་སྔ་མ་རྣམས་ཀྱི་གསུང་རྩོམ་དཔེ་རྒྱུན་ཤིན་ཏུ་དཀོན་པོར་ཡོད་པ་མང་པོ་འཚོལ་ཞིབ་ཀྱི་ཕྱིར་དུ་གསོལ་དཔོན་ཀུན་དགའ་དང་། དཀའ་བཅུ་པ་དཀོན་མཆོག་རྒྱ་མཚོ་གཉིས་དབུས་གཙང་གི་ཕྱོགས་སུ་མངགས། དགེ་བཤེས་རྣམ་གཉིས་གར་ཕེབས་སུ་དཔེ་རྒྱུན་དཀོན་པོ་གང་ཡོད་རྩད་བཅད་དེ་ཡོན་གྱིས་བླུས་པ་དང་། དད་འབུལ་བྱུང་བ་བཅས་ཡོད། ཕལ་ཆེར་པོ་ཏི་རེ་རེར་དངུལ་སྲང་བཅོ་བརྒྱད་རེ་སོང་། སྔ་ཕྱིར་ཕྱག་དཔེ་ཁྲི་ཕྲག་ལས་བརྒལ་བ་བསྒྲིགས། དེ་ནས་མངའ་རིས་དར་ཧན་ཆོས་རྗེས་སྦྱིན་བདག་དང་། རབ་འབྱམས་པ་ཀུན་དགའ་བསྟན་འཛིན་ལ་ཆེད་གཉེར་ཀྱི་བཀའ་ཕབ་སྟེ།དགོན་པའི་གྲྭ་པ་ཁ་ཤས་ལ་པར་རྐོ་ཚུལ་སློབ་ཏུ་བཅུག་ནས། ཐོག་མར་བློ་རྟགས་གཉིས་ཀྱི་པར་བརྐོས་ཤིང་། དེ་ནས་རིམ་གྱིས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་པར་དུ་བརྐོས། འདི་ལ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་མ་ཞེས་སུ་གྲགས།

དེ་ནས་ཨ་མདོ་རྗེ་སྐུ་འབུམ་དགོན་དུ་བོད་རབ་བྱུང་བཅུ་གསུམ་པའི་མེ་ཕག་སྤྱི་ལོ་1827ལོར་སྐུ་འབུམ་དགོན་པའི་ཁྲི་ཆེན་ཞེ་དགུ་པ་ངག་དབང་ཆོས་ཀྱི་ཉི་མ་དང་། ཚོགས་ཆེན་ཞལ་ངོ་རབ་འབྱམས་པ་འཇམ་དབྱངས་རབ་བརྟན། སྐུ་འབུམ་དགོན་པའི་བླ་བྲང་ཕྱག་མཛོད་རྣམ་གཉིས། སྐུ་འབུམ་ཚོ་དྲུག་གི་གྲྭ་རྒན་བཅས་ཀྱིས་བཀའ་བགྲོས་ཞིབ་མོ་གནང་སྟེ་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་པར་དུ་བརྐོ་རྒྱུར་གྲོས་མཐུན་བྱུང་། ལོ་དེའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ནས་བཟུང་རྗེ་གསེར་ཏོག་མཁན་ཆེན་དང་། སྟག་མཚེར་མཁན་ཆེན་རྣམ་གཉིས་ཀྱིས་པར་དུ་བརྐོ་རྒྱུའི་ལས་འགན་བཞེས་ནས་པར་བསྐྲུན་གྱི་ལས་གཞིའི་མགོ་ཚུགས། ཆོས་སྡེ་ཆེན་པོ་འདིར་དཔར་ཡིག་གཟབ་མ་འདྲི་མཁན་དང་བརྐོ་མཁན་མེད་གཤིས། འདི་ཀའི་གྲྭ་པའི་ཁྲོད་ནས།གསར་སྦྱོང་བྱེད་དུ་བཅུག་པས་ལག་བྱང་བ་མང་དུ་བྱུང་བ་རྣམས་རིམ་པས་བསྣན་ཏེ། དེ་ལ་ཞུས་དག་པ་རྗེ་ཆེ་ཤེས་ཡོངས་འཛིན་ངག་དབང་འཇམ་དབྱངས་དབང་རྒྱལ། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ། དཀའ་བཅུ་པ་ཚུལ་ཁྲིམས་རབ་རྒྱས་སོགས་དང་། པར་ཤིང་གི་དབུའི་བླ་སྐུ་འབྲི་མཁན་ལྷ་བཟོ་རབ་འབྱམས་པ་བློ་བཟང་འཕྲིན་ལས། པར་ཡིག་འབྲི་མཁན་དགེ་སློང་འཇམ་དབྱངས་རིན་ཆེན་དང་། དགེ་སློང་དགེ་འདུན་དར་རྒྱས་སོགས་དང་། པར་བརྐོ་པ་དགེ་སློང་བསྟན་པ་ཡར་འཕེལ་སོགས་ཀྱིས་འབད་རྩོལ་དང་ལེན་ཁུར་དུ་བཞེས་ནས། མ་ཕྱི་དཔེ་རྒྱུན་མང་པོར་བསྡུར་ཏེ།འདྲ་མིན་བྱུང་བར་སྔོན་རྗེས་ཀྱི་འཇུག་པ་དང་།དུས་གསུམ་གྱི་སྒྲུབ་པ་ཐ་དད་པ།རྣམ་དབྱེ་ཚིག་ཕྲད་སོགས་འཇམ་དབྱངས་མི་ཡི་རྣམ་རོལ་ཐོན་མིའི་དགོངས་བཞེད་དང་བསྟུན་ཞིང་།ཆད་ངེས་པ་འགའ་ཞིག་སྲས་ཀྱི་ཐུ་བོ་རྣམས་ཀྱི་གསུང་གི་ཚིག་ཟིན་ལྟར་ཕྲན་བུའང་གསབས།འགའ་ཞིག་མ་དཔེ་རྣམས་སུ་མཐུན་པར་ཆད་འདུག་པ་རང་སོར་བཞག་སྟེ།མ་དཔེར་ཞུས་དག་ཟིན་ནས་དཔར་ཡིག་དུ་འབྲི་ཞིང་།བྲིས་རྗེས་ཞུས་དག་ལན་གཉིས་དང་།དཔར་དུ་བརྐོས་རྗེས་ཞུས་དག་བྱས་པ་བཅས།མར་ཞུས།པར་ཞུས།བསྐྱར་ཞུས།ཡང་ཞུས་བཅས་ཞུས་དག་ལན་བཞི་རེ་སོང་བས།ཆུ་འབྲུག་སྤྱི་ལོ་1832ལོར་ཡོངས་སུ་གྲུབ་པ་ཡིན། འདི་ལ་ཨ་མདོ་སྐུ་འབུམ་པར་མའི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་མ་ཞེས་སུ་གྲགས།

ལྷ་སའི་ཞོལ་པར་ཁང་ནི་སྔོན་རྒྱལ་དབང་ལྔ་པའི་སྐབས་སུ་གསར་དུ་སྐྲུན་པ་ཞིག་ཡིན།པར་ཁང་ནང་དུ་གཙོ་བོ་འདོན་ཆོས་སྤྱོད་ཀྱི་སྐོར་དང་། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་དང་གཞན་པའི་གསུང་རབ་པོད་དཀོན་པོ་འགའ་པར་དུ་བརྐོས་ཡོད་པ་ཙམ་མ་གཏོགས་རྒྱ་ཁྱོན་དེ་འདྲའི་ཆེན་པོ་མེད།ཕྱིས་སུ་རྒྱལ་དབང་བཅུ་གསུམ་པ་1876-1933མཆོག་གིས་བོད་ཀྱི་ཆོས་སྲིད་ལས་དོན་མཐའ་དག་ཡར་རྒྱས་གོང་འཕེལ་དུ་གཏོང་བའི་ལས་དོན་མང་དུ་སྤེལ་བ་དང་།ལྷག་པར་དུ་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་པའི་ཆེད་དུ། དེ་སྔ་རྒྱལ་དབང་ལྔ་པའི་སྐབས་སུ་སྐྲུན་པའི་ཞོལ་པར་ཁང་རྙིང་པ་དེ་སླར་གསོ་རྒྱ་བསྐྱེད་བཏང་སྟེ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་དང་། བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་དཔེ་རྒྱུན་དཀོན་པ་མང་པོ་དང་གསུང་འབུམ་མང་པོ་པར་དུ་བརྐོས་པ་དཔེར་ན།བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་འབུམ་ཆ་ཚང་དང་། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་། ཨ་ཁུ་ཤེས་རབ་རྒྱ་མཚོའི་གསུང་འབུམ་ཆ་ཚང་། ཀུན་མཁྱེན་མཚོ་སྣ་བའི་གསུང་འདུལ་ཌིཀ་ཉི་མའི་འོད་ཟེར། མདོ་རྩ་ཆེན་འགྲེལ། མཆིམས་འཇམ་པའི་དབྱངས་ཀྱི་གསུང་མཆིམས་མཛོད། བཀའ་གདམས་ཕ་ཆོས་བུ་ཆོས་སོགས་མདོ་དབུས་ཁམས་གསུམ་གྱི་མཁས་པ་མང་པོའི་གསུང་དང་གསུང་འབུམ་མང་པོ་པར་དུ་བརྐོས་ཡོད།ཡིན་ནའང་རྒྱལ་དབང་བཅུ་གསུམ་པའི་སྐབས་དེར་ཆིན་རྒྱལ་རབས་ཉམས་རྒུད་དུ་འགྲོ་བའི་གོ་སྐབས་དེ་དང་བསྟུན་ནས་དབྱིན་ཇུས་བོད་ལ་བཙན་འཛུལ་བྱས་སྟབས།བོད་ཀྱི་དཔལ་འབྱོར་ཐད་དཀའ་ཁག་ཆེན་པོ་བྱུང་བས།རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་པར་དུ་བརྐོས་ཟིན་ནའང་དེ་ལ་ཞུས་དག་ཞིབ་མོར་གནང་མ་ཐུབ་སྟབས། ད་ལྟ་ཞོལ་པར་མའི་བཀའ་འགྱུར་ནང་དུ་ཡིག་ནོར་མང་དུ་བྱུང་ཡོད་པ་དང་ཚིག་ཆད་འགའ་རེ་བྱུང་བའང་རྒྱུ་མཚན་དེ་འདྲའི་དབང་གིས་ཡིན་པ་གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཆོས་སྲིད་མཛད་རྣམ་སོགས་ལས་བཤད། འདི་ལ་ཞོལ་པར་མའི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་མ་ཞེས་སུ་གྲགས།

གཉིས་པ། ཤིང་པར་མི་འདྲ་བ་དག་ལས་གཙང་པར་མ་དཔེ་གཞིར་འཛིན་དགོས་པའི་རྒྱུ་མཚན།

དེ་ཡང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་ཤིང་དཔར་དུ་བརྐོས་ཟིན་པ་ལ་གཙང་པར་མ་དང་། བླ་བྲང་པར་མ། སྐུ་འབུམ་པར་མ། ཞོལ་པར་མ་བཅས་བཞི་ཡོད།ཤིང་པར་དུ་བཏབ་ཟིན་པ་ལས་གཙང་པར་མ་ནི་ཆེས་སྔ་གྲོས་ཡིན་ལ། ཕྱི་མའི་གསུང་འབུམ་དག་གི་མ་ཕྱིའི་གཞི་འཛིན་ས་གཙོ་བོའང་ཡིན། དཔེ་ཆའི་སྣའི་རིང་ཚད་དང་ཞེང་གི་མཐོ་ཚད། དབུ་ལྷའི་མཛེས་ཆ་དང་ཡི་གེའི་མཛེས་ཆ་སོགས་ཧ་ཅང་ལེགས་པ་དང་། རྫོགས་ཚིག་གི་མཐར་ཤད་ཡོད་པ་དང་མེད་པ་རིགས་གཉིས་ཡོད་དེ། དཔེར་ན། འབྲས་བུ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། ཞེས་པའི་བྱའོ་མཐར་ཆིག་ཤད་བཞག་ཡོད་པ་དང་། གསུངས་སོ་ཞེས་པའི་མཐར་ཉིས་ཤད་བཞག་ཡོད་པ་འདི་ལ་རྒྱུ་མཚན་ཆེན་པོ་འདུག་སྟེ། བྱའོ་ཞེས་པའི་སྐབས་ཀྱི་མ་འོངས་པའི་ལས་ཚིག་འདིས་ལས་ཡོངས་སུ་རྫོགས་པར་བསྟན་མ་ཟིན་པས་ཆིག་ཤད་དང་།ཞེས་གསུངས་སོ་ཞེས་པ་ལྟ་བུའི་སྐབས་ཀྱི་འདས་ཚིག་འདིས་ལས་ཡོངས་སུ་རྫོགས་པར་བསྟན་ཟིན་པས་ན་ཉིས་ཤད་བཞག་པ་ཤིན་ཏུ་མང་། ཕྲད་སྦྱོར་སྟངས་ཡང་མི་འདྲ་ལ་དཔེར་ན། གཙང་པར་དུ་ བསྟན་ཞིང་། དོན་ཏོ། ཞེས་སོགས་བྲིས་ཡོད་པ་ཅུང་མང་བ་དང་། སྐབས་འགར་སྐུང་ཡིག་ཀྱང་ཡོད་པ་དཔེར་ན། མཁའ་འགྲོ་རྣལ་འབྱོརམཁྲོའ་རྣལྱོར། ཐམས་ཅདཐཾསད། སོགས་འབྱུང་བས་ཤིང་པར་མ་གཞན་དག་ལས་དམིགས་གསལ་ཞིག་ཏུ་གྱུར་ཡོད། ཆོས་ཚན་གྱི་བསྒྲིགས་རིམ་དང་པོད་བགོད་སྟངས་དུམ་པ་རེ་རེའི་ལྡེབ་གྲངས་མང་ཉུང་སོགས་ཕྱི་མའི་གསུང་འབུམ་དག་གིས་ཀྱང་གཞི་འདིར་བཟུང་ཡོད་པར་སྣང་། ཆུ་མགོ་གངས་ཞེས་པའི་དཔེ་ལྟར། ཕྱི་མའི་ཤིང་པར་མ་དག་ལས་མ་དཔེའམ་གཞི་འཛིན་ས་ཡིན་པར་མ་ཟད། པར་བརྐོའི་ཐུགས་འགན་ཡང་པཎ་ཆེན་ལྔ་པ་བློ་བཟང་ཡེ་ཤེས་ཀྱིས་བཞེས་པ་རེད། སེ་འབྲས་དགེ་གསུམ་གཙོས་མདོ་དབུས་ཁམས་གསུམ་གྱི་མཁས་པ་མང་པོས་གཙིགས་ཆེན་ཞིག་ཏུ་གྱུར་ཡོད་པར་གྲགས། རྒྱུ་མཚན་དེ་དག་ལ་བརྟེན་ནས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མའི་སྤྱིའི་འགན་འཛིན་པ་བཞག་པ་རིན་པོ་ཆེས་གཙང་པར་མ་འདེམས་པ་ཡིན་ནོ།

གསུམ་པ། རྗེའི་གསུང་འབུམ་ལས་ཆད་ལྷག་དང་ཆོས་ཚན་གྱི་གོ་རིམ་འཁྲུགས་པའི་སྐོར།

རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མའི་པར་གཞི་གཙང་པར་མ་ཡིན་ཕྱིར། པོད་རྟགས་དང་ཆོས་ཚན་གྱི་བསྒྲིགས་རིམ། ཆད་ལྷག་སོགས་གཙང་པར་མ་གཞིར་བཟུང་ནས་བསྒྲིགས་ཡོད། དཔེར་ན། རྟགས་འདིའི་པོད་རྟགས་མཚོན་པ་དང་། ཆོས་ཚན་ཞེས་པས། ལྷག་པའི་ཆོས་ཚན་གྱི་ཨང་རིམ་མཚོན་ཡོད། 《》རྟགས་འདིའི་མཚན་བྱང་དང་པར་གཞི་སྟེ་གཙང་》《ཞོལ་》《སྐུ་》《བླ་མཚོན་ཡོད། ཆོས་ཚན་གང་ཞིག་གཙང་པར་ལ་ཆད་པའམ།ཞོལ་》《སྐུ་》《བླ་ལ་ལྷག་ཚེ། གཙང་པར་མའི་ཚབ་ཏུ་གཞུང་ཡིག་ཏུ་ཞོལ་པར་བཀོད་ནས་སྐུ་》《བླ་གཉིས་ལ་དཔེ་བསྡུར་བྱས་ཡོད། ཡང་སྐུ་》《བླ་གཉིས་ལ་ལྷག་ཚེ་གཞུང་ཡིག་ཏུ་སྐུ་པར་བཀོད་ནས་བླ་ལ་དཔེ་བསྡུར་བྱས་ཡོད། བླ་གཅིག་ལ་ལྷག་ན་གཞུང་ཡིག་ཏུ་བླ་པར་ཁོ་ན་བཀོད་ཡོད། ཡང་དཔེར་ན། ལྡེབ༡ན༡༡༠༢ན༣ཅེས་པས། ཆོས་ཚན་དེའི་ལྡེབ་དང་པོའི་ཉིན་ཕྲེང་དང་པོ་ནས་མགོ་བཟུང་སྟེ། ལྡེབ་བརྒྱ་དང་གཉིས་ཀྱི་ཉིན་འཕྲེང་གསུམ་པར་མཇུག་རྫོགས་པ་ཡིན། ན་ཡི་ཉིན་དང་བ་ཡི་སྲུབ་མཚོན་ཡོད།

1ལྷག་པའི་སྐོར།

༼ཅ༽ཆོས་ཚན་གསུམ་པ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་རྒྱུད་ཕྱི་མ་དང་བཅས་པ་བཞུགས་སོ། ཆོས་ཚན་འདི་སྐུ་》《བླ་ལ་ལྷག སྐུ་བསྡུར་གཞི་བྱས་ནས་བླ་ལ་དཔེ་བསྡུར་བྱས་ཡོད། སྐུ་འབུམ་པར་མར་༼ཅ༽པོད། ཆོས་ཚན་གསུམ་པ། ལྡེབ༡ན༡༡༠༢ན༣ དང་། བླ་བྲང་པར་མར༼ཅ༽པོད། ཆོས་ཚན་གསུམ་པ། ལྡེབ་༡ན༡༩༨ན༢བར་ན་ཡོད། སྐུ་འབུམ་པར་མའི་ཆོས་ཚན་གྱི་ཨང་རིམ་ལྟར་བསྒྲིགས་ཡོད།

༼ཅ༽ཆོས་ཚན་བཞི་པ། ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྒྱུད་བཞུགས་སོ། ཆོས་ཚན་འདི་སྐུ་》《བླ་ལ་ལྷག སྐུ་བསྡུར་གཞི་བྱས་ནས་བླ་ལ་དཔེ་བསྡུར་བྱས་ཡོད། སྐུ་འབུམ་པར་མར་༼ཅ༽པོད། ཆོས་ཚན་བཞི་པ། ལྡེབ༡ན༡༧ན༦བར་ན་ཡོད། བླ་བྲང་པར་མར༼ཅ༽པོད། ཆོས་ཚན་བཞི་པ། ལྡེབ་༡ན༡༧ན༦བར་ན་ཡོད། སྐུ་འབུམ་པར་མའི་ཆོས་ཚན་གྱི་ཨང་རིམ་ལྟར་བསྒྲིགས་ཡོད།

༼ཅ༽ཆོས་ཚན་དྲུག་པ། དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་བཞུགས་སོ། ཆོས་ཚན་འདི་སྐུ་》《བླ་ལ་ལྷག སྐུ་བསྡུར་གཞི་བྱས་ནས་བླ་ལ་དཔེ་བསྡུར་བྱས་ཡོད། སྐུ་འབུམ་པར་མར་༼བ ༽དུམ་པའི་ཆོས་ཚན་གསུམ་པའི་ལྡེབ་༡༧༤༢༠༥བ༦བར་ན་ཡོད། བླ་བྲང་པར་མར༼ཅ༽པོད། ཆོས་ཚན་བཞི་པ། ལྡེབ་༡ན༡༧བ༥བར་ན་ཡོད། སྐུ་འབུམ་པར་མའི་ཆོས་ཚན་གྱི་ཨང་རིམ་ལྟར་བསྒྲིགས་ཡོད།

༼ཉ༽ཆོས་ཚན་བཅུ་པ། དཔལ་ཁྲག་འཐུང་གི་རྒྱལ་པོ་འཁོར་ལོ་སྡོམ་པར་བརྗོད་པ་རྣལ་འབྱོར་མ་བླ་ན་མེད་པ་རྒྱུད་ཐམས་ཅད་ཀྱི་བླ་མ་བདེ་མཆོག་བསྡུས་པ་ཞེས་བྱ་བ་བཞུགས་སོ། ཆོས་ཚན་འདི་སྐུ་》《བླ་ལ་ལྷག སྐུ་བསྡུར་གཞི་བྱས་ནས་བླ་ལ་དཔེ་བསྡུར་བྱས་ཡོད། སྐུ་འབུམ་པར་མར་༼ཉ༽དུམ་པའི་ཆོས་ཚན་གསུམ་པའི་ལྡེབ་༡ན༡༤༨བ༢དང་། བླ་བྲང་པར་མར༼ཉ༽པོད། ཆོས་ཚན་བཞི་པ། ལྡེབ་༡ན༡༤༨བ༤བར་ན་ཡོད། སྐུ་འབུམ་པར་མའི་ཆོས་ཚན་གྱི་ཨང་རིམ་ལྟར་བསྒྲིགས་ཡོད། ཆོས་ཚན་ཆད་པ་དང་ལྷག་པ་གང་རུང་ཞིག་ཡིན་ན་མཚན་བྱང་གི་མཇུག་ཏུ་མཆན་བཏབ་ནས་ཆོས་ཚན་འདི་པར་གཞི་གང་ལ་ཆད་པའམ་ལྷག་ཅེས་བཀོད་ཡོད། རྗེའི་གསུང་འབུམ་དུ་ལྷག་པ་ལ། སྐུ་པར་དང་བླ་པར་གཉིས་ལ་བསྡོམས་པས་ཆོས་ཚན་བཞི་ལྷག་ཡོད།

2མཚན་བྱང་མི་འདྲ་བའི་སྐོར།

༡༼ད༽ཆོས་ཚན་ཉེར་གསུམ་པ། སངས་རྒྱས་སོ་ལྔའི་མངོན་རྟོགས་དང༌་། ལྷ་སྐུའི་ཕྱག་ཚད་བཞུགས་སོ། ཆོས་ཚན་འདི་གཙང་ཞོལ་སྐུ་གསུམ་འདྲ་ཡང་བླ་ལ་རྗེའི་ཞལ་གཟིགས་ལྟར་སངས་རྒྱས་སུམ་ཅུ་སོ་ལྔའི་སྐུ་མདོག་ཕྱག་མཚན་སོགས་ཡི་གེར་བཀོད་པ།ཞེས་བཀོད་ཡོད།ལྡེབ་༡ན༡༢བ༦བར་ན་ཡོད།

༼བ༽ཆོས་ཚན་ལྔ་པ། དབུ་མ་ལྟ་བའི་ཁྲིད་ཡིག་བཞུགས་སོ། ཆོས་ཚན་འདི་གཙང་ཞོལ་གཉིས་འདྲ་ཡང་སྐུ་》《བླ་གཉིས་ལ་སྲིད་ཞི་མཉམ་ཉིད་ཀྱི་ལྟ་བའི་ཁྲིད་བཞུགས་སོ། ཞེས་བཀོད་ཡོད།སྐུ་པར་ལ་༼བ༽དུམ་པའི་ཆོས་ཚན་ལྔ་པ། ༡ན༡༢༦ན༤བར་ན་ཡོད། བླ་པར་ལ་༼    ཆོས་ཚན་ཉི་ཤུ་པ། ལྡེབ་༡ན༡༢༤བ་༢བར་ན་ཡོད།

༼ཚ༽ཆོས་ཚན་དང་པོ།ཕར་ཕྱིན་གྱི་ཊཱིཀྐ་ལེགས་བཤད་གསེར་གྱི་འཕྲེང་བ་ལས་སྐབས་བཞི་པ་མན་གྱི་འགྲེལ་བ་བཞུགས་སོ།།ཞེས་པའི་ཆོས་ཚན་འདི་གཙང་ཞོལ་བླ་གསུམ་འདྲ་ཡང་སྐུ་ལ་མཚན་གཞན། མངོན་པར་རྟོགས་པའི་རྒྱན་འབྲེལ་བ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་འཕྲེང་བ་ལས་རྣམ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྐབས་ཀྱི་འགྲེལ་པ་བཞུགས་སོ། ཞེས་བཀོད་ཡོད། ཆོས་ཚན་དང་པོ། ལྡེབ་༡ན༡༡༣༨ན༦བར་ན་ཡོད། སྐུ་འབུམ་པར་མ་དང་བླ་བྲང་པར་མ་གཉིས་ལ་མཚན་བྱང་མི་འདྲ་བ་འགའ་རེ་ཡོད། ཞོལ་པར་དང་གཙང་པར་གཉིས་མི་འདྲ་ས་མེད་པས་འདིར་དབུས་གཙང་དང་ཨ་མདོ་གཉིས་ལས་ཡུལ་གྱི་ཁྱད་པར་ཡོད། སྐུ་པར་དང་བླ་པར་གཉིས་ལ་ཡང་མཚན་བྱང་རྒྱས་བསྡུས་མི་འདྲ་བའི་ཁྱད་པར་ཙམ་ལས་རྩ་བའི་ཆ་ནས་མི་འདྲ་ས་ཆེར་མེད་པ་གོང་གི་དཔེ་མཚོན་དག་ལས་ཤེས་པར་བྱའོ། །མཚན་བྱང་མི་འདྲ་བ་ལ། སྐུ་པར་དང་བླ་པར་གཉིས་ལ་མཚན་བྱང་མི་འདྲ་བ་གཅིག་དང་། སྐུ་པར་ལ་མི་འདྲ་བ་གཅིག་དང་། བླ་པར་ལ་མི་འདྲ་བ་གཅིག་བཅས་བསྡོམས་པས་གསུམ་ཡོད་དོ།

3.ཆོས་ཚན་གྱི་གོ་རིམ་འཁྲུགས་པ་དང་ཆད་པའི་སྐོར།

༼ཛ༽ཆོས་ཚན་བཅུ་དགུ་པ། དཔལ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་ཡན་ལག་དྲུག་གི་ཁྲིད་བསྡུས་པ་བཞུགས་སོ། ཆོས་ཚན་འདི་གཙང་པར་མར་རྗེའི་གསུང་འབུམ་དུ་ཡོད།ཞོལ་》《སྐུ་གཉིས་ལ་རྒྱལ་ཚབ༼ཀ༽དུམ་པའི་ནང་དུ་ཡོད། ཞོལ་པར་ལ་ཆོས་ཚན་བཅུ་གཅིག་པ། ལྡེབ༡ན༡༡༢བ༢བར་ན་ཡོད། སྐུ་པར་ལ་ཆོས་ཚན་བཞི་པ། ལྡེབ་༡ན༡༡༣ན༤བར་ན་ཡོད།བླ་ལ་ཆད།

ཆོས་ཚན་གྱི་གོ་རིམ་འཁྲུགས་པ་དང་ཆད་པ་ནི། དངོས་ནས་ཆོས་ཚན་ཆད་པ་ཞིག་མ་ཡིན་ལ། རྗེ་ཙོང་ཁ་པའི་གསུང་བ་རྒྱལ་ཚབ་རྗེས་ཟིན་བྲིས་སུ་བཏབ་པ་འགའ་ཞིག་རྗེའི་གསུང་འབུམ་གྱི་གྲས་སུ་བཀོད་ཡོད་པ་དང་། རྒྱལ་ཚབ་རྗེའི་གསུང་འབུམ་གྱི་གྲས་སུ་ཡང་བཀོད་ཡོད། ཡང་འགའ་རེར་རྗེའི་གསུང་འབུམ་གྱི་གྲས་སུ་བཀོད་མེད་པ་དང་། རྒྱལ་ཚབ་ཀྱི་གསུང་འབུམ་གྱི་གྲས་སུ་བཀོད་ཡོད་པ་སོགས་ལས་ཆད་ལྷག་དང་གོ་རིམ་འཁྲུགས་པ་རྣམས་བྱུང་བ་ཞིག་རེད། ཆོས་ཚན་གྱི་གོ་རིམ་འཁྲུགས་པ་དང་ཆད་པ་ལ། ཞོལ་པར་དང་སྐུ་པར་ལ་ཆོས་ཚན་གོ་རིམ་འཁྲུགས་པ་གཅིག་དང་། བླ་པར་ལ་ཆོས་ཚན་གཅིག་ཆད་དོ།

བཞི་པ། རྒྱལ་ཚབ་རྗེའི་གསུང་འབུམ་ལས་ཆད་ལྷག་དང་ཆོས་ཚན་གོ་རིམ་འཁྲུགས་པའི་སྐོར།

1ལྷག་པའི་སྐོར།

༼ཀ༽ཆོས་ཚན་བཅུ་གཅིག་པ།ལྟུང་བཤགས་ཀྱི་ཊིཀྐ་མདོར་བསྡུས་པ་བཞུགས་སོ། ཆོས་ཚན་འདི་སྐུ་》《བླ་ལ་ལྷགསྐུ་ལ་ལྡེབ་༡ན༡༦ན༤བར་ན་ཡོད། བླ་ལ་ལྡེབ་༡ན༡༦ན༦བར་ན་ཡོད། སྐུ་བསྡུར་གཞི་བྱས་ནས་བླ་ལ་དཔེ་བསྡུར་བྱས་ཡོད།

༼ང༽ཆོས་ཚན་བཞི་པ། ཚད་མ་རིགས་པའི་གཏེར་གྱི་རྣམ་བཤད་ལེགས་པར་བཤད་པའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། ཆོས་ཚན་འདི་བླ་ལ་ལྷག །བླ་པར་གྱི་ཆོས་ཚན་ཨང་རིམ་ལྟར་གཞུང་ཡིག་ཏུ་བཅུག་ཡོད། ལྡེབ་༡ན༡༡༥༡བ༤བར་ན་ཡོད།

༼ཅ༽ཆོས་ཚན་བཅུ་གཅིག་པ། དབུ་མ་ལ་འཇུག་པའི་བསྡུས་དོན་བཞུགས་སོ། ཆོས་ཚན་འདི་ཞོལ་》《སྐུ་》《བླ་ལ་ལྷག ཞོལ་བསྡུར་གཞི་བྱས་ནས་སྐུ་》《བླ་གཉིས་ལ་དཔེ་བསྡུར་བྱས་ཡོད། ཞོལ་ལ་ཆོས་ཚན་བཅུ་གཅིག །ལྡེབ་༡ན༡༥༣བ༦བར་ན་ཡོད། སྐུ་ལ་ཆོས་ཚན་བཅུ་གཅིག །ལྡེབ་༡ན༡༦༠ན༣བར་ན་ཡོད། བླ་ རྗེའི་༼མ༽དུམ་ཆོས་ཚན་ལྔ་པ། ལྡེབ་༡ན༡༦༠ན༣བར་ན་ཡོད།

༼ཅ༽ཆོས་ཚན་བཅུ་གཉིས་པ། སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པའི་བདེན་གཉིས་ཀྱི་རྣམ་བཤད་སྙིང་པོ་གསལ་བྱེད་ཅེས་བྱ་བ་བཞུགས་སོ། ཆོས་ཚན་འདི་བླ་ལ་ལྷག །བླ་པར་གྱི་ཆོས་ཚན་ཨང་རིམ་ལྟར་གཞུང་ཡིག་ཏུ་བཅུག་ཡོད།༼ཅ༽དུམ་པའི་ཆོས་ཚན་བཅུ་གསུམ་པ། ལྡེབ་༡ན༡༤༡ན༦བར་ན་ཡོད།

༼ཇ༽ཆོས་ཚན་གསུམ་པ། རྡོ་རྗེ་ཐེག་པའི་རྩ་ལྟུང་གི་རྣམ་བཤད་བཞུགས་སོ། ཆོས་ཚན་འདིཞོལ་ལ་ལྷག།ལྡེབ་༡ན༡༥བ༤བར་ན་ཡོད།

རྒྱལ་ཚབ་རྗེའི་གསུང་འབུམ་ལས་༼ཅ༽དུམ་པའི་ཆོས་ཚན་བཅུ་གཅིག་པ དབུ་མ་ལ་འཇུག་པའི་བསྡུས་དོན་བཞུགས་སོ། འདིར་ཞོལ་པར་དང་སྐུ་པར་བླ་པར་གསུམ་ལ་ལྷག་ཡོད་པར་མ་ཟད། པར་ཤིང་རེ་རེར་མཇུག་གི་མཚན་བྱང་མི་འདྲ་བ་རེ་བཀོད་ཡོད་པ་གཤམ་གསལ་ལྟར།

བླ་བྲང་པར་མའི་མཇུག་བྱང་དུདེ་ལྟར་ཡང་རྒྱལ་ཚབ་རྗེས་མཛད་པའི་དབུ་མ་འཇུག་པའི་སྦྱོར་ཊཱིཀྐའདི་ནི་དགའ་ལྡན་ཁྲི་རིན་པོ་ཆེ་ངག་དབང་སྙན་གྲགས་པའི་ཞལ་སྔ་ནས་ཀྱིས་ཀྱང་འདིའི་དཔེ་རྒྱུན་བོད་ཕྱོགས་སུ་མི་འདུག།ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཕྱག་དཔེར་ཡོད་འགྲོ་བས་རྙེད་བྱུང་ན་པར་དུ་བཀོད་ཚེ་བསྟན་རྒྱུན་ལ་ཕན་ཚུན་གྱི་གསུང་ནན་མཛད་པ་བཞིན་བཀྲ་ཤིས་འཁྱིལ་གྱི་ཁྲི་ཟུར་དབལ་མང་ཚང་ནས་རྩོལ་བ་གནང་ཏེ་ཁྱ་དགེ་དཔོན་སློབ་བློ་གྲོས་རྒྱ་མཚོའི་ཕྱག་དཔེ་འཁྲུལ་མེད་ཅིག་རྙེད་འདུག་པ་འདི་ནི་གོ་བདེ་ལ་འདུས་ཆེ་བ་བློ་གསལ་རྣམས་ལ་ཕན་ཆེ་བར་མཐོང་སྟེ། ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་པར་དུ་བསྒྲུབ་པའོ།།[]ཞེས་དང་།

སྐུ་འབུམ་པར་མའི་མཇུག་བྱང་དུདེ་ཡང་རྒྱལ་ཚབ་ཐམས་ཅད་མཁྱེན་པས་མཛད་པའི་དབུ་མ་ལ་འཇུག་པའི་སྦྱོར་ཊཱིཀྐ་འདི་ཉིད་བཀྲ་ཤིས་འཁྱིལ་དུ་པར་དུ་བཀོད་འདུག་རུང་། ཆད་ལྷག་གིས་སྐྱོན་མང་ཙམ་མཆིས་པར། འདི་གར་༧སྐྱབས་མགོན་དམ་པ་མི་ཉག་རིན་པོ་ཆེའི་ཕྱག་དཔེ་ཁུངས་ཐུབ་ཞིག་ཡོད་པ་མ་ཕྱིས་བྱས་ཏེ་པར་དུ་བསྒྲུབས་པའོ།། []ཞེས་དང་།

ཞོལ་པར་མའི་མཇུག་བྱང་དུདེ་ལྟར་༧རྒྱལ་ཚབ་ཐམས་ཅད་མཁྱེན་པ་དར་མ་རིན་ཆེན་གྱིས་མཛད་པའི་དབུ་མ་ལ་འཇུག་པའི་སྦྱོར་ཊཱིཀྐ་སྔ་སོར་དབུས་གཙང་དུ་པར་ལ་མ་འཁོད་པ་འདི་ནི་བློ་གསལ་བ་རྣམས་ལ་ཤིན་ཏུ་ཕན་ཆེ་བར་མཐོང་སྟེ། ཁྱ་དགེ་དཔོན་སློབ་བློ་གྲོས་རྒྱ་མཚོའི་ཕྱག་དཔེ་ལ་གཞིར་མཛད་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་པར་མ་དང་། མཁས་གྲུབ་མི་ཉག་པའི་ཕྱག་དཔེར་གཞིར་མཛད་པའི་སྐུ་འབུམ་བྱམས་པ་གླིང་གི་པར་མ་གཉིས་གོ་བསྡུར་གྱིས་ཞུས་དག་པར་བགྱིས་པའི་མ་ཕྱི་ལས་ལྕགས་རྟ་ལོར་༧རྒྱལ་ཚབ་ཐམས་ཅད་མཁྱེན་པའི་གསུང་འབུམ་ཡོངས་རྫོགས་ཀྱི་པར་གསར་བསྐྲུན་སྐབས་འདི་ཉིད་ཀྱང་པར་དུ་བསྒྲུབས་པའོ།།[]ཞེས་སོགས་འཁོད་ཡོད། རྒྱལ་ཚབ་རྗེའི་གསུང་འབུམ་དུ་བླ་པར་ལ་བཞི་ལྷག་པ་དང་། ཞོལ་པར་དང་སྐུ་པར་ལ་གཉིས་ལྷག །མཇུག་བྱང་འདི་ལས་བླ་བྲང་པར་མའི་རྗེས་སུ་སྐུ་འབུམ་པར་མ་ཡིན་པ་དང་དེའི་རྗེས་སུ་ཞོལ་པར་མ་ཡིན་པ་གསལ་བོར་ར་སྤྲོད་བྱས་ཡོད།

2མཚན་བྱང་མི་འདྲ་བའི་སྐོར།

༼ཀ༽ཆོས་ཚན་དྲུག་པ། དབུ་མའི་རྩ་བའི་དཀའ་གནས་ཆེན་པོ་བརྒྱད་ཀྱི་བརྗེད་བྱང་བཞུགས་སོ། ཆོས་ཚན་འདི་གཙང་ཞོལ་བླ་གསུམ་འདྲ་ཡང་སྐུ་ལ་མཚན་གཞན། དཀའ་གནད་བརྒྱད་ཀྱི་ཟིན་བྲིས་རྗེའི་གསུང་བཞིན་བརྗེད་བྱང་དུ་བཀོད་པ་བཞུགས་སོ། ཞེས་བཀོད་ཡོད། སྐུ་པར་ལ་རྗེ་༼བ༽ དུམ་པའི་ཆོས་ཚན་གཉིས་པ། ལྡེབ་༡ན༡༡༨ན༦བར་ན་ཡོད། རྒྱལ་ཚབ་ཀྱི་གསུང་འབུམ་དུ་བཀོད་མེད།

༼ཅ༽ཆོས་ཚན་དང་པོ། མངོན་པར་རྟོགས་པའི་རིམ་པ་ཉམས་སུ་ལེན་ཚུལ་ཐེག་མཆོག་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། ཆོས་ཚན་འདི་གཙང་ཞོལ་སྐུ་གསུམ་འདྲ་ཡང་ བླ་ལ་མཚན་གཞན་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་བསྒྲིགས།རྒྱལ་ཚབ་རིན་པོ་ཆེས་མཛད་པ་ཐེག་ཆེན་སྒོ་འབྱེད་བཞུགས་སོ། ཞེས་བཀོད་ཡོད། བླ་པར་ལ་༼ཅ༽དུམ་པའི་ཆོས་ཚན་དང་པོ། ལྡེབ་༡ན༡༧༡བ༣བར་ན་ཡོད།

༼ཀ༽ཆོས་ཚན་དྲུག་པ། དབུ་མའི་རྩ་བའི་དཀའ་གནས་ཆེན་པོ་བརྒྱད་ཀྱི་བརྗེད་བྱང་བཞུགས་སོ། ཆོས་ཚན་འདི་གཙང་ཞོལ་བླ་གསུམ་འདྲ་ཡང་། སྐུ་ལ་དཀའ་གནད་བརྒྱད་ཀྱི་ཟིན་བྲིས་རྗེའི་གསུང་བཞིན་བརྗེད་བྱང་དུ་བཀོད་པ་བཞུགས་སོ། ཞེས་བཀོད་ཡོད། སྐུ་པར་ལ་རྗེའི་ ༼བ༽དུམ་པ་ཆོས་ཚན་གཉིས་པ། ལྡེབ༡ན༡༡༨ན༦བར་ན་ཡོད། རྒྱལ་ཚབ་རྗེའི་གསུང་འབུམ་དུ་བཀོད་མེད་པས་ང་ཚོའི་སྐུ་འབུམ་པར་མའི་རྗེའི་༼བ༽དུམ་པའི་ཆོས་ཚན་གཉིས་པར་དཔེ་བསྡུར་བྱས་ཡོད།རྒྱལ་ཚབ་རྗེའི་གསུང་འབུམ་དུ་མཚན་བྱང་མི་འདྲ་བ་སྐུ་པར་ལ་གཅིག་དང་། བླ་པར་ལ་མི་འདྲ་བ་གཅིག །སྐུ་པར་གྱི་མི་འདྲ་བ་དེ་རྗེའི་༼བ༽དུམ་པར་བཀོད་ཡོད་དོ།།

3.ཆོས་ཚན་གྱི་གོ་རིམ་འཁྲུགས་པ་དང་ཆད་པའི་སྐོར།

༼ཀ༽ཆོས་ཚན་བཞི་པ། རྗེའི་གསུང་བཞིན་དུ་སྒྲུབ་ཐབས་ཀུན་ཏུ་བཟང་པོའི་ཚིག་གི་དོན་ཅུང་ཟད་བཀོད་པ་རྒྱལ་ཚབ་ཆོས་རྗེས་བརྗེད་བྱང་དུ་མཛད་པ་བཞུགས་སོ། ཆོས་ཚན་འདི་རྗེའི་གསུང་ཇི་བཞིན་རྒྱལ་ཚབ་རྗེས་ཟིན་བྲིས་སུ་བཏབ་པ་ཡིན་ལ། གཙང་ཞོལ་གཉིས་སུ་རྗེའི་གསུང་འབུམ་དང་རྒྱལ་ཚབ་གསུང་འབུམ་གཉིས་སུ་བཀོད་ཡོད།སྐུ་》《བླ་གཉིས་ལ་འདིར་རྒྱལ་ཚབ་ཀྱི་གསུང་འབུམ་དུ་བཀོད་མེད། སྐུ་པར་ལ་རྗེའི༼ན༽དུམ་པའི་ཆོས་ཚན་བརྒྱད་པ། ལྡེབ༡ན༡༣༢ན༣བར་དང་། བླ་པར་ལ་རྗེའི༼ན༽དུམ་པའི་ཆོས་ཚན་བརྒྱད་པ། ལྡེབ༡ན༡༣༤བ༥བར་ན་ཡོད།

༼ཀ༽ཆོས་ཚན་དགུ་པ། སངས་རྒྱས་སུམ་ཅུ་སོ་ལྔའི་མཚན་གྱི་ཕན་ཡོན་བཞུགས་སོ། ཆོས་ཚན་འདི་སྐུ་ལ་ཆད།

༼ང༽ཆོས་ཚན་གསུམ་པ། རྒྱལ་ཚབ་ཆོས་རྗེས་རྗེའི་དྲུང་དུ་གསན་པའི་ཚད་མའི་བརྗེད་བྱང་ཆེན་མོ་བཞུགས་སོ། ཆོས་ཚན་འདི་གོང་གི་དང་པོ་དང་འདྲ་ལ།སྐུ་》《བླ་གཉིས་ལ་འདིར་རྒྱལ་ཚབ་ཀྱི་གསུང་འབུམ་དུ་བཀོད་མེད། སྐུ་པར་ལ་རྗེའི་༼ཕ༽དུམ་པའི་ཆོས་ཚན་བརྒྱད་པ། ལྡེབ༡ན༡༤༧ན༦བར་དང་། བླ་པར་ལ་ལྡེབ༡ན༡༤༨ན༤བར་ན་ཡོད།

༼ཅ༽ཆོས་ཚན་དྲུག་པ། རིགས་པ་དྲུག་ཅུ་པའི་ཟིན་བྲིས་རྗེའི་གསུང་བཞིན་རྒྱལ་ཚབ་ཆོས་རྗེས་བཀོད་པ་བཞུགས་སོ། ཆོས་ཚན་འདི་ཡང་གོང་དང་འདྲ་ལསྐུ་》《བླ་གཉིས་ལ་རྗེའི ༼བ༽དུམ་པའི་ཆོས་ཚན་གཉིས་པ། སྐུ་པར་ལ་ལྡེབ༡ན༡༡༨ན༦བར་དང་། བླ་པར་ལ་ལྡེབ༡ན༡༡༨བ༡བར་ན་ཡོད། འདིར་རྒྱལ་ཚབ་ཀྱི་གསུང་འབུམ་དུ་བཀོད་མེད།

༼ཅ༽ཆོས་ཚན་བཅུ་པ། རྒྱལ་ཚབ་ཆོས་རྗེས་རྗེའི་དྲུང་དུ་གསན་པའི་མངོན་སུམ་ལེའུའི་བརྗེད་བྱང་བཞུགས་སོ། 》(ཆོས་ཚན་འདི་གོང་དང་འདྲ།སྐུ་》《བླ་གཉིས་ལ་རྗེའི༼བ༽དུམ་པའི་ཆོས་ཚན་བཞི་པ། སྐུ་པར་ལ་ལྡེབ༡ན༡༥༦ན༣བར་དང་། བླ་པར་ལ་ལྡེབ༡ན༡༥༥ན༦བར་ན་ཡོད། འདིར་རྒྱལ་ཚབ་ཀྱི་གསུང་འབུམ་དུ་བཀོད་མེད། རྒྱལ་ཚབ་རྗེའི་གསུང་འབུམ་གྱི་ནང་དུ་སྐུ་འབུམ་པར་མར་ཆོས་ཚན་གཅིག་ཆད་པ་དང་། དེ་མིན་གཞན་ཚང་མ་རྗེའི་གསུང་བ་ཇི་བཞིན་རྒྱལ་ཚབ་རྗེས་ཟིན་བྲིས་སུ་བཏབ་པ་རྣམས་རྒྱལ་ཚབ་ཀྱི་གསུང་གི་གྲས་སུ་བཀོད་ཡོད་མེད་ཀྱི་ཁྱད་པར་མ་གཏོགས་དོན་དངོས་སུ་ཆད་པ་མ་ཡིན། ཆོས་ཚན་གྱི་གོ་རིམ་འཁྲུགས་པ་དང་ཆད་པ་ལ། སྐུ་པར་ལ་ཆོས་ཚན་གཅིག་ཆད་པ་དང་། སྐུ་པར་དང་བླ་པར་གཉིས་ལ་གོ་རིམ་འཁྲུགས་པ་ཆོས་ཚན་བཞི་ཡོད་དོ།

རྒྱལ༼ཅ༽ མངོན་པར་རྟོགས་པའི་རིམ་པ་ཉམས་སུ་ལེན་ཚུལ་ཐེག་མཆོག་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། ཆོས་ཚན་འདིའི་ནང་དུ་བླ་བྲང་པར་མའི་ལྡེབ་ཉི་ཤུའི་ཉིན་སྲིབ་གཉིས་ཀ་གཙང་ཞོལ་སྐུ་གསུམ་དང་མི་འདྲ་ལ། དཔེར་ན་གཙང་ཞོལ་སྐུ་སོགས་ལ་ཤེས་རབ་ཀྱིས་རྩིས་ཟིན་པའི་སྒོ་ནས་བསྒོམ་པ་དང་། དགེ་བ་དེ་ཡང:རྫོགས་པའི་བྱང་ཆུབ་ཏུ་བསྔོ་བས་ཟིན་པར་བསྒོམ་པར་བྱའོ། །དེ་ལྟར་གོམས་པས་འཕགས་པ་ཉན་ཐོས་ལམ་ལ་ནི། ཞེས་པའི་སྐབས་ནས་བསྟན་པའི་ཉན་ཐོས་ཀྱི་ལམ་ཤེས་པའི་སྦྱོར་ལམ་སྐྱེ་ཞིང་། དེ་ལ་བརྟེན་ནས་ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། ཞེས་སོགས་ཀྱིས་བསྟན་པ་ལྟར་མི་རྟག་སོགས་མངོན་སུམ་དུ་ཤེས་པའི་བྱང་སེམས་ཀྱི་མཐོང་ལམ་སྐྱེ་ཞིང་། དེ་ལ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་དངོས་ཀྱི་ཐ་སྙད་འཐོབ་པ་ཡིན་ནོ། །ཉན་ཐོས་ཀྱི་ལམ་གྱི་དམིགས་པ་ལ་མྱོང་སྟབས་ཀྱིས་སྒྲོ་འདོགས་ལེགས་པར་ཆོད་པས་དམིགས་པ་དེ་དམིགས་པ་ལ་ཡང་མྱོང་སྟོབས་ཀྱིས་སྒྲོ་འདགས་ཆོད་པ་ཡིན་ཏེ། གཞན་དུ་ན་རྣམ་ངེས་ལས། དམིགས་པ་མངོན་སུམ་མ་ཡིན་ན། །དོན་མཐོང་རབ་ཏུ་འགྲུབ་མི་འགྱུར། །ཞེས་པའི་རིག་པས་གནོད་པས་སོ། །མི་རྟག་སོགས་མངོན་སུམ་དུ་རྟོགས་པའི་ཞི་ཤེས་དེ་ཉིད་ཁྱད་ཆོས་གསུམ་གྱིས་དངོས་སུ་ཟིན་པའི་སྒོ་ནས་ལམ་ཤེས་ཀྱི་ཐ་སྙད་འཐོབ་པ་ཡིན་གྱི་ཉན་ཐོས་ཀྱི་ལམ་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པ་ལ་མི་བྱ་སྟེ། དེ་ནི་མངོན་སུམ་དུ་བྱ་བའི་མངོན་རྟོགས་ཡིན་གྱི་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱེད་པའི་མངོན་རྟོགས་མིན་པའི་ཕྱིར་རོ། །གཉིས་པ་ནི་སྔར་བཤད་པའི་ལམ་ཤེས་བསྒོམ་པ་པོ་དེ་ཉིད་ཀྱིས་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་སྔོན་དུ་བཏང་ནས་ཞི་ཤེས་སྒོམ་པའི་རྗེས་ལ་ཉི་ཤུ་པ་ལས། དྲུག་གིས་ཅིག་ཅར་སྦྱར་བ་ན། །ཞེས་སོགས་དང་། དབུ་མ་རྒྱན་ལས། སྦྱར་བ་དང་ནི་བསྐོར་བའམ། །བར་མེད་རྣམ་པར་གནས་ཀྱང་རུང་། །ཞེས་སོགས་ཀྱི་རིག་པས། རྡུལ་ཕྲན་ཆ་མེད་དང་། དེ་བསགས་པའི་རགས་པ་དང་ཕྱི་རོལ་གྱི་དོན་ཙམ་མེད་པར་ངེས་པར་བྱ་ཞིང་ལྷན་ཅིག་དམིགས་ངེས་ལ་བརྟེན་ནས་གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་པར་རྟོགས་ཏེ། ཤེས་པ་ལ་ཕྱི་རོལ་གྱི་དོན་དུ་སྣང་བ་ནི་བློ་འཁྲུལ་བའི་སྣང་བ་ཙམ་དུ་ཟད་ཀྱི་ཕྱི་རོལ་གྱི་དོན་ནི་མེད་དོ་སྙམ་དུ་ཡང་དང་ཡང་དུ་དཔྱད་ཅིང་ཡིད་ལ་བྱའོ། །ཡང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས་སྐྱེ་བའི་རྒ་ཤིའི་བར་དང་། རྒ་ཤི་སྐྱེ་བ་ལས་བྱུང་བ་སོགས་ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་ལུགས་འབྱུང་དང་ལུགས་ལྡོག་བསྒོམས་ནས། སྐྱེ་བ་དང་རྒ་ཤི་ནི་མ་རིག་པའི་འཁྲུལ་སྣང་ཙམ་དུ་ཟད་ཀྱི་གཟུང་འཛིན་རྫས་ཐ་དད་པ་ཅུང་ཟད་ཀྱང་མེད་དོ་སྙམ་དུ་ཡིད་ལ་བྱའོ། །དེ་ཡང་སྦྱོར་བ་སེམས་བསྐྱེད་དང་། དངོས་གཞིའི་སྐབས་སུ་གཟུགས་ལ་སོགས་པའི་འབྲས་བུ་བསྐྱེད་ཀྱང་བརྡར་བཏགས་པ་ཙམ་དུ་མི་འགལ་བ་དང་། དོན་དམ་པར་འཕེལ་འགྲིབ་མེད་པ་དང་། དོན་དམ་པར་གཟུང་བྱར་མེད་པ་དང་། དོན་དམ་པར་སྐྱེ་འགག་དང་བྲལ་བར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་བསྒོམ་པར་བྱ་ཞིང་། དགེ་བ་དེ་ཡང་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བས་རྒྱས་བཏབ་པར་བྱའོ། །དེ་ལྟར་བསྒོམས་པས卍①བཏགས་པའི་ཆོས་ཉིད་ཀྱི།བླ་བྲང་པར་མར་དཔེར་ན་ཤེས་རབ་ཀྱིས་རྩིས་ཟིན་པའི་སྒོ་ནས་བསྒོམ་པ་དང་། དགེ་བ་དེ་ཡང:བསགས་ན་གཅིག་མ་གཏོགས་རྫོགས་བྱེད་ཡིན་པའི་ཕྱིར། མཛོད་ལས། ལྷག་པའི་གནོད་པ་ལྷག་པར་འགྱུར། །ཞེས་གསུངས་པའི་ཕྱིར་ཟེར་ན། དེ་བྱེ་སྨྲའི་ལུགས་ཡིན་ཞིང་། དེའི་དབང་དུ་བྱས་ཀྱང་མི་གནོད་དེ། དབེན་གྱི་མཚམས་མེད་ལྕི་ཤོས་ཡིན་པའི་ཕྱིར། །གོང་མ་ལྟར་ན་ཤིན་ཏུ་མི་འཐད་པར་ཐལ། མྱོང་འགྱུར་གསུམ་ཚོ་དེ་དང་དེ་ལ་མགོ་བརྩམས་པས་ཆོག་གི རྣམ་སྨིན་རྫོགས་མི་དགོས་པས་མཚམས་མེད་གཞན་རྣམས་ཀྱང་འཕེན་བྱེད་དུ་བཞག་ཆོག་པའི་ཕྱིར། དེ་ལྟ་མ་ཡིན་ན། གང་དག་འགོག་བྱམས་ཉོན་མོངས་མེད། །མཐོང་དང་དགྲ་བཅོམ་འབྲས་ལངས་པ། །དེ་ལ་ཕན་གནོད་བྱས་པ་ཡིས། །འབྲས་བུ་འཕྲལ་དུ་མྱོང་བར་འགྱུར། །ཞེས་སོགས་ཀྱིས་བཤད་པའི་ལས་སྟོབས་ཅན་དུ་མ་ལ་སྐུར་བ་བཏབ་པར་འགྱུར་ཏེ། མིའི་སྡུག་བསྔལ་ཐམས་ཅད་བསྡོམས་ཀྱང་དམྱལ་བའི་སྡུག་བསྔལ་གྱི་ཆར་མི་འགྲོ་བའི་ཕྱིར། མངོན་འགྲེལ་ལས་སོ། །བྱེ་སྨྲ་ལྟར་ན་ཚེ་དེ་དང་དེར་རྫོགས་དགོས་པས་ལས་གཅིག་གིས་ལུས་དུ་མ་འཕེན་པ་མེད་དེ། སྐྱེས་ནས་མྱོང་འགྱུར་སོགས་འཆོལ་བར་འགྱུར་བའི་ཕྱིར། མཛོད་ལས། གཅིག་གིས་སྐྱེ་བ་གཅིག་འཕེན་བྱེད། །ཡོངས་རྫོགས་བྱེད་པ་དུ་མ་ཡིན། །ཞེས་གསུངས་པས་སོ། །དེས་ན་མཐོང་ཆོས་མྱོང་འགྱུར་ལ་འཕེན་བྱེད་ལས་མེད་དེ། མཛོད་ལས། གསུམ་གྱི་རིས་ནི་འཕེན་པར་བྱེད་ཅེས་མྱོང་འགྱུར་ཕྱི་མ་གཉིས །མ་ངེས་བའི་ལས་དང་གསུམ་དམིགས་ཀྱིས་བསལ་བའི་ཕྱིར། སྐྱེས་ནས་མྱོང་འགྱུར་འཇོག་ཚུལ་ཡང་བསགས་པའི་ཚེ་ལ་ལྟོས་ནས་འཇོག་པ་མི་འཐད་དེ། འབྲས་བུ་རིམ་གྱིས་བའི་ཕྱིར་མི་འོང་སྐྱེས་འདའ་བ་དེས་ཕྱིར་མི་འོང་མ་ཐོབ་གོང་དུ་དངོས་གཞི་མ་ཐོབ་པའི་ཕྱིར་གསུངས། དོན་གསང་ལས། བར་ཆད་མེད་ལམ་ཁོ་ནའི་བོད་དུ་ཡང་སྐྱེ་བ། ཞེས་གསུངས་པ་མཆིམས་ཊི་ཀ་ཏུ་རང་ལུགས་མཛད་ཅིང་། ནོར་བཟང་བ་སོགས་ཀྱང་དེ་ལ་འཕེན་བྱེད་བཞག་ནས་རྫོགས་བྱེད་དངོས་གཞི་ལ་ལྟོས་བར་བཤད་པ་ལྟར་ན་མ་ངེས་ཀྱང་། ཀུན་མཁྱེན་བླ་མའི་གསུང་དང་བསྟུན་ན་དེ་ལ་འཕེན་བྱེད་མེད་དམ་སྙམ་སྟེ་དཔྱད། རང་ལུགས་ལ། རང་དང་མཚུངས་ལྡན་གྱི་སེམས་ཡུལ་ལ་གཡོ་ཞིང་བསྐུལ་བར་བྱེད་པའི་སེམས་པས་རབ་ཏུ་ཕྱེ་བ་དེ། ལས་ཀྱི་མཚན་ཉིད། ལས་ལ་བག་ཆགས་ཡོད་དེ། བཅུ་བ་སྲིད་པ་བག་ཆགས་ཡིན་པའི་ཕྱིར། རྟེན་འབྲེལ་མདོ་འགྲེལ་ལས། བག་ཆགས་ཀྱི་གནས་སྐབས་ལ་སྲིད་པའི་མིང་ཐོབ་པ་ཡིན་ནོ། །ཞེས་གསུངས་ཤིང་། འདི་ཙམ་དབུ་སེམས་ཀུན་མཐུན་པར་དབུ་མའི་མཐའ་དཔྱོད་དུ་གསུངས་བའི་ཕྱིར་དང་། སོ་ཐར་གྱི་སྡོམ་པ་ལ་སྤོང་བའི་སེམས་པ་ས་བོན་དང་བཅས་པ་བཞག་པའི་ཕྱིར་རོ། །རང་གི་རྒྱུའི་ཀུན་སློང་ཐོག་མའི་མ་རིག་པས་ཀུན་ནས་བསླངས་ཤིང་སྲིད་པར་འཕེན་བྱེད་ཀྱི་སེམས་པའི་རིགས་སུ་གནས་པ་དེ། གཉིས་པ་འདུ་བྱེད་ཀྱི་ལས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། སྒོ་གསུམ་གྱི་གསུམ་དང་། ངོ་བོའི་སྒོས་དཀར་བའི་ལས་སོགས་གསུམ། རྣམ་སྨིན་གྱི་སྒོས་འདོད་པའི་བདེ་འགྲོ་དང་། ངན་འགྲོ་དང་། ཁམས་གོང་མར་འཕེན་བྱེད་ཀྱི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་གསུམ་བཤད་ཀྱང་། བསོད་ནམས་མ་ཡིན་པ་ལ་འབྲས་卍①བཏགས་པའི་ཆོས་ཉིད་ཀྱི། སོགས་ལྡེབ་ངོས་གཉིས་མི་འདྲ་བར་འདུག །འདིར་ལྡེབ་གོང་འོག་ནོར་བ་ཞིག་གཏན་ནས་མ་ཡིན་ལ་དཔར་ཡིག་བྲིས་ནོར་ཨེ་ཡིན་སྙམ་པའི་དོགས་པ་ཡོད་པས་གཟུར་གནས་དག་གིས་དཔྱད་པར་འཚལ།

ལྔ་པ།མཁས་གྲུབ་རྗེའི་གསུང་འབུམ་ལས་ཆད་ལྷག་དང་ཆོས་ཚན་གོ་རིམ་འཁྲུགས་པའི་སྐོར།

1ལྷག་པའི་སྐོར།

༼ཆ༽ཆོས་ཚན་བརྒྱད་པ། རྒྱུད་ཀྱི་རྒྱལ་པོ་དཔལ་བརྟག་པ་གཉིས་བཞུགས་སོ། ཆོས་ཚན་འདི་སྐུ་》《བླ་ལ་ལྷགསྐུ་བསྡུར་གཞི་བྱས་ནས་བླ་ལ་དཔེ་བསྡུར་བྱས་ཡོད། སྐུ་འབུམ་པར་མར་༼ཆ༽པོད། ཆོས་ཚན་གསུམ་པ། ལྡེབ༡ན༡༤༡ན༦བར་ན་ལྷག །བླ་བྲང་པར་མ༼ཆ༽པོད། ཆོས་ཚན་གསུམ་པ། ལྡེབ་༡ན༡༣༩ན༤བར་ན་ལྷག །སྐུ་འབུམ་པར་མའི་ཆོས་ཚན་གྱི་ཨང་རིམ་ལྟར་བསྒྲིགས་ཡོད།

༼ཇ༽ཆོས་ཚན་གཉིས་པ། རྡོ་རྗེ་ཐེག་པའི་ལམ་གྱི་ཡན་ལག་མི་འབྲལ་བ་དང་བསྟེན་པར་བྱ་བའི་དམ་ཚིག་གི་རྫས་མེད་དུ་མི་རུང་བ་དག་གི་མཚན་ཉིད་དང་། ཇི་ལྟར་བཅང་བའི་ཚུལ་ལ་སོགས་པ་རྣམ་པར་བཤད་པ་རྣལ་འབྱོར་རོལ་བའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། ཆོས་ཚན་འདི་སྐུ་》《བླ་ལ་ལྷགསྐུ་བསྡུར་གཞི་བྱས་ནས་བླ་ལ་དཔེ་བསྡུར་བྱས་ཡོད། སྐུ་འབུམ་པར་མར་༼བ༽པོད། ཆོས་ཚན་གཉིས་པ། ལྡེབ་༡ན༡༧༠ན༦བར་ན་ལྷག །བླ་བྲང་པར་མར་༼ཇ༽པོད། ཆོས་ཚན་བཅུ་གཉིས། ལྡེབ་༡ན༡༧༢ན༣བར་ན་ལྷག །སྐུ་འབུམ་པར་མའི་ཨང་རིམ་ལྟར་བསྒྲིགས་ཡོད།

༼ཉ༽ཆོས་ཚན་གཉིས་པ། རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གི་བསླབ་བྱ་མདོར་བསྡུས་བཞུགས་སོ། ཆོས་ཚན་འདི་སྐུ་ལ་ལྷག སྐུ་ལ་ ༼བ༽པོད། ཆོས་ཚན་བཞི་པ། ལྡེབ་༡ན༡༡༦ན༣བར་ན་ལྷག །སྐུ་འབུམ་པར་མའི་ཨང་རིམ་ལྟར་བསྒྲིགས་ཡོད།

༼ཉ༽ཆོས་ཚན་གསུམ་པ། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བསྔགས་བརྗོད་དད་པའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། ཆོས་ཚན་འདི་བླ་ལ་ལྷག བླ་ལ་༼ཉ༽པོད། ཆོས་ཚན་གསུམ་པ། ལྡེབ་༡ན༡༤ན༣བར་ན་ལྷག །བླ་བྲང་པར་མའི་ཨང་རིམ་ལྟར་བསྒྲིགས་ཡོད། སྐུ་པར་དང་བླ་པར་གཉིས་ལ་ཆོས་ཚན་གཉིས་ལྷག་པ་དང་། ཡང་སྐུ་པར་ལ་གཅིག་ལྷག་པ། བླ་པར་ལ་ལྷག་པ་གཅིག་བཅས་བསྡོམས་པས་བཞི་ལྷག་པའོ།

2མཚན་བྱང་མི་འདྲ་བའི་སྐོར།

༼ཇ༽ཆོས་ཚན་བཞི་པ། སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཀྱི་དཀའ་བའི་གནས་རྣམ་པར་འབྱེད་པ་བརྗེད་བྱང་གི་ཡི་གེ་མཁས་གྲུབ་རྗེས་རྗེ་ལ་གསན་དུས་མཛད་པ་བཞུགས་སོ། ཆོས་ཚན་འདི་གཙང་ཞོལ་གཉིས་མཐུན་ཡང་སྐུ་》《བླ་ལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མེད་འོད་ཀྱི་དཀའ་གནས་ཀྱི་ཟིན་བྲིས་༧རྒྱལ་བ་ཙོང་ཁ་པའི་གསུང་བཞིན་མཁས་གྲུབ་རིན་པོ་ཆེས་བརྗེད་བྱང་དུ་མཛད་པ་ཤིན་ཏུ་རྙེད་དཀའ་བ་བཞུགས་སོ།།ཞེས་བཀོད་ཡོད། སྐུ་༼ན༽པོད། ཆོས་ཚན་དྲུག་པ། ལྡེབ་༡ན༡༡༠༦ན༢བར་ན་ཡོད། བླ་པར་ལ་༼ང༽པོད། ཆོས་ཚན་བཞི་པ། ལྡེབ་༡ན༡༡༠༤ན༡བར་ན་ཡོད།

༼ཅ༽ཆོས་ཚན་བཅུ་པ། སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ས་ལམ་གྱི་བགྲོད་ཚུལ་གསལ་སྒྲོན་དང་སྦྱར་བ་བཞུགས་སོ། ཆོས་ཚན་འདི་གཙང་ཞོལ་བླ་གསུམ་འདྲ་ཡང་། སྐུ་ལ་རྗེའི་ཞལ་གྱི་གདམས་པ་འགའ་ཞིག་གསལ་སྒྲོན་དང་ཁྲིད་གཉིས་དང་སྦྱར་ཏེ་བཤད་པ་བཞུགས་སོ།།ཞེས་བཀོད་ཡོད། སྐུ་པར་ལ་༼པ༽པོད། ཆོས་ཚན་བཞི་པ། ལྡེབ་༡ན༡༡༤ན༦བར་ན་ཡོད།

༼ཐ༽ཆོས་ཚན་བཅོ་ལྔ་པ། རྟོག་པ་གསུམ་པའི་རྣམ་བཤད་དཔལ་གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་གྱི་ཆོ་ག་རྒྱ་ཆེར་བཤད་པ་ཁམས་གསུམ་རྣམ་པར་རྒྱལ་བའི་ཉི་འོད་དོ།།ཆོས་ཚན་འདི་གཙང་སྐུ་བླ་གསུམ་མཐུན་ཡང་།ཞོལ་ལ་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཕྲུལ་འཁོར་གྱི་ཆོ་ག་རྟོག་པ་གསུམ་པའི་རྒྱ་ཆེར་བཤད་པ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཉི་འོད་ཅེས་བྱ་བ་བཞུགས་སོ། ཞེས་བཀོད་ཡོད། ཞོལ་པར་ལ་༼མ༽ཆོས་ཚན་བཅུ་གཉིས་པ། ལྡེབ༡ན༡༥༩ན༦བར་ན་ཡོད། ཞོལ་པར་མའི་ཨང་རིམ་ལྟར་བསྒྲིགས་ཡོད། མཚན་བྱང་མི་འདྲ་བ་ལ། ཞོལ་པར་ལ་ཆོས་ཚན་མི་འདྲ་བ་གཅིག་དང་། སྐུ་པར་དང་བླ་པར་གཉིས་ལ་མི་འདྲ་བ་གཅིག །སྐུ་པར་ལ་མི་འདྲ་བ་གཅིག་བཅས་བསྡོམས་པས་མི་འདྲ་བ་གསུམ་ཡོད་དོ།

3.ཆོས་ཚན་གྱི་གོ་རིམ་འཁྲུགས་པ་དང་ཆད་པའི་སྐོར།

༼ཀ༽ཆོས་ཚན་གསུམ་པ། མཁས་གྲུབ་དགེ་ལེགས་དཔལ་བཟང་པོའི་གསུང་ཐོར་བུའི་གྲས་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བཞུགས་སོ། ཆོས་ཚན་འདི་གཙང་ཞོལ་གཉིས་མཐུན་ཡང་། བླ་ལ་༼ཀ༽དུམ་པའི་ཆོས་ཚན་ལྔ་པ་ཡིན། ལྡེབ༡ན༡༣༣ན༣བར་ན་ཡོད།སྐུ་ལ༼བ ༽དུམ་པའི་ཆོས་ཚན་གསུམ་པ། ༡༧༤༢༠༥བ༦ བར་ན་ཡོད།

༼ཐ༽ཆོས་ཚན་གསུམ་པ། དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ཟབ་ལམ་དབུ་མའི་ལྟ་ཁྲིད་ཅེས་བྱ་བ་བཞུགས་པའི་བེའུ་བུམ་མོ།།ཆོས་ཚན་འདི་སྐུ་པར་ལ་ཆད།

༼ཐ༽ཆོས་ཚན་བཞི་པ།མངོན་སུམ་ལེའུའི་ཊཱིཀྐ་རྗེའི་གསུང་བཞིན་མཁས་གྲུབ་ཆོས་རྗེས་མཛད་པ་བཞུགས་སོ། ཆོས་ཚན་འདི་སྐུ་ལ་ཆད། ཆོས་ཚན་གྱི་གོ་རིམ་འཁྲུགས་པ་དང་ཆད་པ་ལ། སྐུ་པར་དང་བླ་པར་གཉིས་ལ་ཆོས་ཚན་གོ་རིམ་འཁྲུགས་པ་གཅིག་དང་། སྐུ་པར་ལ་ཆོས་ཚན་གཉིས་ཆད་པ་བཅས་བསྡོམས་པས་ཆོས་ཚན་གསུམ་མོ།

4.ཆོས་ཚན་གཅིག་ལ་མཚན་བྱང་གཉིས་སུ་ཕྱེས་པའི་སྐོར།

མཁས་གྲུབ་རྗེའི་གསུང་འབུམ། ༼ག༽ཆོས་ཚན་བཞི་པ། དུས་འཁོར་ཊཱིཀ་ཆེན་ལས་ཡེ་ཤེས་ལེའུའི་ཊཱིཀྐ་ཞང་ཞུང་པ་ཆོས་དབང་གྲགས་པས་མཛད་པར་བཞུགས་སོ། ཆོས་ཚན་འདི་གཙང་ཞོལ་བླ་གསུམ་འདྲ་ཡང་། སྐུ་པར་ལ་ཆོས་ཚན་འདིའི་སྟོད་༼ཏ༽དུམ་པའི་ཆོས་ཚན་བཞི་པ་དུས་འཁོར་ཊཱིཀ་ཆེན་ལས་ཡེ་ཤེས་ལེའུའི་ཊཱིཀྐ་ཞང་ཞུང་པ་ཆོས་དབང་གྲགས་པས་མཛད་པར་བཞུགས་སོ། གོང་དང་འདྲ། ལྡེབ་༡ན༡༡༣༦ན༥བར་ན་ཡོད། སྨད་༼ཐ༽དུམ་པའི་ཆོས་ཚན་དང་པོ། དུས་འཁོར་ཊཱིཀ་ཆེན་ལས་ཡེ་ཤེས་ལེའུའི་ཊཱིཀྐ་ཞང་ཞུང་པ་ཆོས་དབང་གྲགས་པས་མཛད་པ་མདོར་བསྡུས་གསུམ་པ་མན་ཆད་བཞུགས་སོ།། ལྡེབ༡ན༡༡༩༣བ༤བར་ན་ཡོད།

༼ཅ༽ཆོས་ཚན་བཅུ་གཅིག་པ།འགྲེལ་ཆེན་དྲི་མ་མེད་པའི་འོད་ཅེས་བྱ་བའི་ནང་གི་ལེའུའི་དཀའ་གནས་རྣམས་ཀྱི་ཟིན་བྲིས་རགས་པ་ཞིག་བཞུགས་སོ། ཆོས་ཚན་འདི་གཙང་ཞོལ་སྐུ་གསུམ་འདྲ་ཡང་། བླ་པར་ལ་ཆོས་ཚན་འདིའི་སྟོད་རྗེ་༼ད ༽དུམ་པའི་ཆོས་ཚན་ལྔ་པ། དུས་ཀྱི་འཁོར་ལོའི་ནང་ལེའི་རྣམ་པར་དག་པ་མཁས་གྲུབ་རྗེས་ཟིན་བྲིས་སུ་བཏབ་པ་འཕྲོ་ཅན་བཞུགས་སོ། ལྡེབ་༡ན༡༦༤ན༦བར་ན་ཡོད། སྨད་མཁས༼ཅ༽དུམ་པའི་ཆོས་ཚན་དགུ་པ། འགྲེལ་ཆེན་དྲི་མ་མེད་པའི་འོད་ཅེས་བྱ་བའི་ནང་གི་ལེའུའི་དཀའ་གནས་རྣམས་ཀྱི་ཟིན་བྲིས་རགས་ཙམ་གྱི་མཇུག་བཞུགས་སོ། ལྡེབ་༡ན༡༩ན༦བར་ན་ཡོད།

༼ཐ༽ཆོས་ཚན་བཅུ་གཉིས་པ། མཁས་གྲུབ་ཐམས་ཅད་མཁྱེན་པའི་གསང་བའི་རྣམ་ཐར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པ་བཞུགས་སོ། ཆོས་ཚན་འདི་གཙང་ཞོལ་བླ་གསུམ་འདྲ་ཡང་། སྐུ་པར་ལ་མཚན་བྱང་གཉིས་སུ་ཕྱེས་ཡོད། སྟོད་༼ཀ༽ཆོས་ཚན་དང་པོ། མཁས་གྲུབ་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང་པོའི་རྣམ་ཐར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་བསྒྲིགས་པ་དད་པའི་རོལ་མཚོ་ཞེས་བྱ་བ། ལྡེབ་༡ན༡༣༩ན༤བར་ན་ཡོད། སྨད་༼ཀ༽ཆོས་ཚན་གསུམ་པ། མཁས་གྲུབ་ཐམས་ཅད་མཁྱེན་པའི་རྣམ་ཐར་བསྡུས་པ་བཞུགས་སོ། ལྡེབ་༡ན༡༡༣ན༥བར་ན་ཡོད། ཆོས་ཚན་གཅིག་ལ་མཚན་བྱང་གཉིས་སུ་ཕྱེས་པའི་སྐོར་ལ། སྐུ་པར་ལ་སྟོད་སྨད་གཉིས་སུ་ཕྱེ་བ་ཆོས་ཚན་གཉིས་ཡོད་པ་དང་། བླ་པར་ལ་སྟོད་སྨད་གཉིས་སུ་ཕྱེ་བ་ཆོས་ཚན་གཅིག་བཅས་བསྡོམས་པས་ཆོས་ཚན་གསུམ་ཡོད།

ཡང་སྐུ་པར་གྱི་རྗེའི་གསུང་འབུམ་­ པ་ ༽དུམ་པ་དང་། རྒྱལ་ཚབ་ཀྱི་༼ ཁ་ ༽དུམ་པ། མཁས་གྲུབ་ཀྱི་༼ མ་ ༽དུམ་པ་རྣམས་ཀྱི་མཇུག་བྱང་དུ་གསུང་འབུམ་དཔར་དུ་བརྐོ་བའི་ལོ་ཚིགས་དང་ །ཡོངས་སྒོ། འགྲོ་སོང་། ལས་ཞུགས་མི་སྣ་སོགས་ཞིབ་འབྲི་བྱས་ཡོད་པས་སྐུ་འབུམ་དཔར་མའི་ལོ་རྒྱུས་ཞིབ་ཏུ་ཤེས་འདོད་པ་རྣམས་ཀྱིས་དེར་གཟིགས་དང་དེ་ལས་རྒྱས་པ་ཞིག་གཞན་ན་མེད་པར་འདོད།

5. ཆོས་ཚན་གྱི་མགོ་དང་བར་ཏུ་ལྷག་པའི་སྐོར།

མཁས་གྲུབ་རྗེའི་གསུང་འབུམ། ༼ཇ༽ཆོས་ཚན་གསུམ་པ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྐྱེད་རིམ་གྱི་རྣམ་གཞག་གསལ་བའི་གཙུག་རྒྱན་བཞུགས་སོ། ཆོས་ཚན་འདིའི་ནང་གི་གཡུང་དྲུང་རྟགས་བར་གྱི་ཡི་གེ་རྣམས་སྐུ་ལ་༼ཕ༽པོད། ཆོས་ཚན་བདུན་པའི་༼རིམ་གསལ༽ལྡེབ༡༣༣-ན༡༡༦༧བ༣བར་ལྷག་པ་དང་། བླ་པར་ལ་༼ཇ༽པོད། ཆོས་ཚན་བཞི་པའི་༼རྫོགས་རིམ༽ལྡེབ་༡ན༡༣༨བ༥བར་ལྷག སྐུ་བསྡུར་གཞི་བྱས་ནས་བླ་ལ་དཔེ་བསྡུར་བྱས་ཡོད། སྐུ་འབུམ་པར་མའི་ཨང་རིམ་ལྟར་བསྒྲིགས་ཡོད།

༼ཇ༽ཆོས་ཚན་བཞི་པ། སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཀྱི་དཀའ་བའི་གནས་རྣམ་པར་འབྱེད་པ་བརྗེད་བྱང་གི་ཡི་གེ་མཁས་གྲུབ་ཆོས་རྗེས་རྗེ་ལ་གསན་དུས་མཛད་པ་བཞུགས་སོ། ཆོས་ཚན་འདིའི་ནང་གི་གཡུང་དྲུང་རྟགས་བར་གྱི་ཡི་གེ་རྣམས་སྐུ་པར་ལ་༼ན༽པོད། ཆོས་ཚན་དྲུག་པའི་༼བརྗེད་བྱང་༽ལྡེབ༡༠༣-བ༥༡༠༦ན༡བར་ལྷག་པ་དང་བླ་ལ་༼ང༽པོད། ཆོས་ཚན་བཞི་པའི་༼བརྗེད་བྱང་༽ལྡེབ་༡༠༡བ༡༡༠༣བ༦བར་ལྷག སྐུ་བསྡུར་གཞི་བྱས་ནས་བླ་ལ་དཔེ་བསྡུར་བྱས་ཡོད། སྐུ་འབུམ་པར་མའི་ཨང་རིམ་ལྟར་བསྒྲིགས་ཡོད། སྐུ་པར་ལ་དཀྱིལ་དུ་ལྡེབ་སོ་བཞི་ལྷག་པ་དང་། བླ་པར་ལ་མགོར་ལྡེབ་སོ་བརྒྱད་ལྷག་པ། སྐུ་པར་དང་བླ་པར་གཉིས་ལ་བར་དུ་ལྡེབ་གསུམ་ལྷག་པ་སོགས་ཆོས་ཚན་གཉིས་ལྷག་གོ།

6. ཆོས་ཚན་གྱི་དཀྱིལ་དུ་ཆད་པའི་སྐོར།

ཆོས་ཚན་གྱི་མགོ་མཇུག་བར་གསུམ་གང་རུང་དུ་ཕྲེང་དང་ལྡེབ་མང་པོ་ཆད་པའམ་མི་འདྲ་བ་ཡིན་ན་དམིགས་གསལ་གྱི :卐་་་་་་་卍①གཡུང་དྲུང་རྟགས་འདི་བཀོད་ཡོད། གོང་གི་ཚག་ཐིག་གོང་འོག་གཉིས་འཚམས་རྟགས་དང་དེའི་རྗེས་གཡུང་དྲུང་གཡས་འཁོར་ཡོད། བར་དུ་ཆད་པའམ་མི་འདྲ་བའི་ཡི་གེ་རྣམས་བཀོད་ཡོད་ལ། རྗེས་སུ་ཡང་གཡུང་དྲུང་གཡོན་འཁོར་དང་མཆན་རྟགས་ཡོད། མཆན་རྟགས་ཀྱིས་གཡུང་དྲུང་རྟགས་བར་གྱི་ཡི་གེ་རྣམས་དཔེ་ཁག་གང་ལ་ཆད་པ་རྣམས་གསལ་བཤད་བྱས་ཡོད།

མཁས་གྲུབ་རྗེའི་གསུང་འབུམ། ༼ཉ༽ཆོས་ཚན་དང་པོ། མཁས་གྲུབ་རིན་པོ་ཆེའི་གསུང་འབུམ་ཐོར་བུ་ལས རྗེ་བློ་བཟང་གྲགས་པའི་གསང་བའི་རྣམ་ཐར ལྡེབ༣༥ན༦༥༧ན༥ བར་གྱི་གཡུང་དྲུང་རྟགས་བར་གྱི་ཡི་གེ་རྣམས་:卐རྗེ་བཙུན་བླ་མ……དར་ཞིང་རྒྱས་གྱུར་ཅིག卍①《སྐུ་ལ་ཆད།

༢༼ཉ༽ཆོས་ཚན་དང་པོ། མཁས་གྲུབ་རིན་པོ་ཆེའི་གསུང་འབུམ་ཐོར་བུ་ལས་༢༩༦བ༡༣༩༢བ༧བར་གྱི་གཡུང་དྲུང་རྟགས:卐རྡོ་རྗེ་ཐེག་པའི་ལམ་གྱི་ཡན་ལག……སརྦ་ཛ་ག་ཏཾ། 卍① ཞེས་པའི་ཡི་གེ་རྣམས་སྐུ་》《བླ་ལ་ཆད་དོ། །འདིར་སྐུ་པར་ལ་ཆད་པ་གཅིག་དང་། སྐུ་པར་དང་བླ་པར་ལ་ཆད་པ་གཅིག་བཅས་གཉིས་ཆད་དོ།།

མཁས་གྲུབ་རྗེའི་གསུང་འབུམ་ཤིང་པར་མ་སོ་སོར་པོད་རྟགས་ཀྱི་བསྒྲིགས་སྟངས་དང་པོད་རྟགས་སོགས་ལ་མི་འདྲ་ལ། གཙང་པར་མ་ལ་༼ཀ༽༼ཐ༽བར་དུམ་པ་བཅུ་ཡོད། བླ་བྲང་པར་མ་ལ་༼ཀ༽༼ཐ༽བར་དུམ་གྲངས་གཙང་དང་འདྲ། ཞོལ་པར་མ་ལ་༼ཀ༽༼ད༽བར་དང་༼ཨ༽གཅིག་བཅས་དུམ་པ་བཅུ་ཡོད། སྐུ་འབུམ་པར་མ་ལ་༼ཀ༽༼མ༽བར་དུམ་པ་བཅུ་དྲུག་ཡོད།

དྲུག་པ། མཇུག་གི་སྡོམ།

རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་ཤིང་པར་མ་དག་ལས་ཆེས་སྔ་ཤོས་གཙང་པར་མ་ཡིན་ནའང་དེའི་ནང་དུ་མ་འདུས་པའི་ཆོས་ཚན་འགའ་རེར་ཡོད་པ་རེད།ཚུལ་དེ་ནི་གཙང་པར་མའི་གསུང་འབུམ་འཚོལ་སྡུད་བྱེད་སྐབས་སློབ་བུ་སྒེར་ལ་གསུང་བ་དང་། རི་ཁྲོད་ཀྱི་དགོན་པར་གསུང་བ་དག་ལ་འགྲོ་འོང་དང་བརྡ་འཕྲིན་སོགས་སྟབས་མི་བདེ་བའི་རྐྱེན་གྱིས་ལུས་སོང་བར་སྙམ།ཕྱིས་སུ་བླ་བྲང་པར་མའི་གསུང་འབུམ་ཤིང་པར་དུ་བཀོད་སྐབས་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་དབུས་ནས་བླ་བྲང་དུ་ཕེབས་ཁར་གསུང་པོ་ཏི་ཁྲི་ལྷག་ཁྱེར་ཡོང་བ་དང་། དེ་རྗེས་སུ་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོས་སྤྱི་ལོ1773ལོར་ཁོང་གི་རིག་གནས་སྐོར་སོགས་ཕྱག་དཔེ་འགའ་ཞིག་འཚོལ་བའི་ཆེད་དུ་མགྲོན་གཉེར་བ་ཤེས་རབ་རྒྱ་མཚོ་སྡེ་དགེའི་ཕྱོགས་སུ་ཆེད་གཏོང་གནང་། ཕྱིས་སུ། དབུས་ཕྱོགས་ཀྱི་བོད་མཁས་པ་སྔ་མ་རྣམས་ཀྱི་གསུང་རྩོམ་དཔེ་རྒྱུན་ཤིན་ཏུ་དཀོན་པོར་ཡོད་པ་མང་པོ་འཚོལ་ཞིབ་བྱེད་ཆེད་གསོལ་དཔོན་ཀུན་དགའ་དང་། དཀའ་བཅུ་པ་དཀོན་མཆོག་རྒྱ་མཚོ་གཉིས་དབུས་གཙང་གི་ཕྱོགས་སུ་མངགས། དགེ་བཤེས་རྣམ་གཉིས་གར་ཕེབས་སུ་དཔེ་རྒྱུན་དཀོན་པོ་གང་ཡོད་རྩད་བཅད་དེ་ཡོན་གྱིས་བླུས། ཀུན་མཁྱེན་གཉིས་པ་ཁོང་གི་སྐུ་རིང་ལ་བླ་བྲང་པར་ཁང་བཙུགས་ནས་བོད་ཀྱི་རིག་གཞུང་བརྩམས་ཆོས་མང་པོ་པར་སྐྲུན་བྱས་པའི་ཁྲོད། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྔར་ཡོད་གཙང་པར་མའི་གྲས་སུ་མ་འདུས་པ་རྣམས་ཁ་སྐོང་བྱས་ནས་ད་ལྟའི་བླ་བྲང་པར་མ་འདི་བྱུང་བ་རེད། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་བ་ལ་ཀུན་མཁྱེན་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་དང་། གཉིས་པ་ཀུན་མཁྱེན་འཇིགས་མེད་དབང་པོ་རྣམ་གཉིས་ཀྱིས་བོད་ཁམས་ཡོངས་ནས་གསུང་རྩོམ་འཚོལ་སྡུད་བྱས་པ་ལས་གྲུབ་པའི་བླ་མེད་ཀྱི་མཛད་རྗེས་ཆེན་པོ་ཞིག་ཡིན་པ་གོར་མ་ཆག

དུང་དཀར་རིན་པོ་ཆེའི་དཀར་ཆག་རིག་པ་ལས།དུས་རབས་བཅོ་བརྒྱད་པའི་དཀྱིལ་དུ་འཇམ་དབྱངས་བཞད་པ་འཇིགས་མེད་དབང་པོས་སྐུ་འབུམ་དགོན་པའི་མཁན་པོ་སྣང་བ་ནས་བཟུང་རྗེ་ཙོང་ཁ་པ་དང་། རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་དགེ་ལུགས་ཀྱི་བླ་མ་དགེ་བཤེས་མང་པོའི་གསུང་འབུམ་པར་སྐྲུན་བྱས་ཡོད།[]ཅེས་གསུངས་སོ། །རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བླ་བྲང་པར་མ་དང་སྐུ་འབུམ་པར་མ་གཉིས་ཀུན་མཁྱེན་འཇིགས་མེད་དབང་པོའི་སྐུ་རིང་ལ་ཤིང་པར་དུ་བརྐོས་པ་ཞིག་ཡིན།བླ་བྲང་པར་མའི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་པར་དུ་བརྐོས་པའི་ལོ་ཚིགས་གསལ་བོར་མི་འདུག་མོད། འོན་ཀྱང་། མཇུག་བྱང་འདི་དག་ལས་བླ་བྲང་པར་མ་དང་སྐུ་འབུམ་པར་མ། ཞོལ་པར་མ་སོགས་ཀྱི་སྔ་རྗེས་གསལ་བོར་ཤེས་ཐུབ་བོ། །ཞོལ་པར་མ་ནི་རྒྱལ་དབང་བཅུ་གསུམ་པའི་རིང་ལ་པར་དུ་བརྐོས་ལ་བླ་བྲང་པར་མ་དང་སྐུ་འབུམ་པར་མར་ཟུར་བལྟ་བྱས་ཡོད་མོད། ཕལ་ཆེར་གཙང་པར་དང་འདྲ་བའི་ཡུལ་གྱི་ཁྱད་པར་ཅུང་ཟད་སྣང་།

ལྷག་པ་ལ་མཚོན་ན། རྗེའི་གསུང་བཞིན་དུ་སྒྲུབ་ཐབས་ཀུན་ཏུ་བཟང་པོའི་ཚིག་གི་དོན་ཅུང་ཟད་བཀོད་པ་རྒྱལ་ཚབ་ཆོས་རྗེས་བརྗེད་བྱང་དུ་མཛད་པ་བཞུགས་སོ། ཞེས་པའི་ཆོས་ཚན་འདི་རྗེའི་གསུང་བ་རྒྱལ་ཚབ་ཀྱིས་ཟིན་བྲིས་སུ་བཀོད་པ་ཡིན་པས་གཙང་》《ཞོལ་ལ་རྗེའི་གསུང་འབུམ་དང་རྒྱལ་ཚབ་ཀྱི་གསུང་འབུམ་གཉིས་ཀྱི་གྲས་སུ་བཀོད་འདུག །འདི་ལྟ་བུ་གསུང་བ་པོ་དང་ཟིན་བྲིས་སུ་འདེབས་པ་པོ་གཉིས་ཀྱི་གསུང་འབུམ་གྲས་སུ་བཀོད་ཡོད་པ་དང་།ཡང་དབུ་མ་ལ་འཇུག་པའི་བསྡུས་དོན། གཙང་པར་མ་ལ་ཆད། སྐུ་འབུམ་པར་མའི་མཇུག་བྱང་གོང་དུ་བཀོད་ཡོད་པ་ལས་ཤེས་པར་བྱའོ།

ལྷག་པ་ཕལ་ཆེར་སྐུ་འབུམ་པར་མ་དང་བླ་བྲང་པར་མ་གཉིས་ཡིན་ལ། འདི་གཉིས་ཀྱི་སྔ་གཞུག་གི་དུས་ཚོད་མི་གསལ་ཀྱང་། བླ་བྲང་པར་མ་སྔ་བ་ནི་གོང་གི་སྐུ་འབུམ་པར་མའིདབུ་མ་ལ་འཇུག་པའི་བསྡུས་དོནགྱི་མཇུག་བྱང་ལས་གསལ་བོར་ཤེས་ཐུབ་པས་འདིར་བསྐྱར་བཟློས་སུ་བཀོད་མེད། མདོར་ན་རྗེ་ཡབ་སྲས་གསུམ་གྱིས་སློབ་བུ་སྒེར་ལ་གནང་བའི་གསུང་ཐོར་བུ་འགའ་སློབ་བུ་རང་གིས་ཉར་ཚགས་བྱས་ཡོད་པས་གསུང་འབུམ་ཆ་ཚང་གཙང་པར་མ་དཔར་བརྐོ་བའི་དུས་སུ་བརྡ་འཕྲིན་དང་འགྲོ་འོང་སོགས་ཀྱི་སྟབས་མི་བདེ་བའི་རྐྱེན་ལ་བརྟེན་ནས་གསུང་འབུམ་གྱི་གྲས་སུ་མ་ཚུད་པར་སྣང་།

མཚན་བྱང་མི་འདྲ་བ་ལ། གཙང་པར་མ་དང་ཞོལ་པར་མ་གཉིས་མཚན་བྱང་གཅིག་མཚུངས་ཡིན་པ་དང་། ཆད་ལྷག་ཀྱང་ཕལ་ཆེར་འདྲ། སྐུ་འབུམ་པར་མ་དང་བླ་བྲང་པར་མ་གཉིས་ལ་མཚན་བྱང་མི་འདྲ་བ་འགའ་རེ་ཡོད་པ་དང་མི་མཐུན་པ་ཆེར་མེད་པས་མཚན་བྱང་མི་འདྲ་བ་ལ་ཡང་ཡུལ་གྱི་ཁྱད་པར་ཡོད་དོ།

ཆོས་ཚན་གྱི་གོ་རིམ་འཁྲུགས་པ་དང་ཆད་པ་ལ། རྗེའི་གསུང་བ་རྒྱལ་ཚབ་རྗེས་ཟིན་བྲིས་སུ་བཏབ་པ་རྗེའི་གསུང་འབུམ་དུ་བཀོད་ཡོད་པ་དང་། རྒྱལ་ཚབ་རྗེའི་གསུང་འབུམ་དུ་བཀོད་ཡོད་མེད་སོགས་གོང་གི་གསུང་འབུམ་ཆད་ལྷག་ལས་ཤེས་པར་བྱའོ།

ཕྲད་དང་རྣམ་དབྱེ་སོགས་ལ་སྐུ་འབུམ་པར་མར་བརྡ་སྤྲོད་གཞུང་དང་མཐུན་པའི་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་དེ་ནི་སྐབས་དེའི་བརྡ་སྤྲོད་མཁས་པ་ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་བམ། དབྱངས་ཅན་དགའ་བའི་བློ་གྲོས་དང་། རྗེ་ཆེ་ཤེས་ཡོངས་འཛིན་ངག་དབང་འཇམ་དབྱངས་དབང་རྒྱལ། དཀའ་བཅུ་པ་ཚུལ་ཁྲིམས་རབ་རྒྱས་སོགས་ཀྱིས་ཞུས་དག་མཛད་པའི་སྐུ་འབུམ་པར་མ་ནི་ད་ལྟའི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཁྲོད་དུ་ཚད་གཞི་འཛིན་སའི་ཡིག་ཆ་ཞིག་ཏུ་གྱུར་ཡོད་དོ།

རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གྱི་དུམ་གྲངས་དང་ཆོས་ཚན་གྱི་གྲངས་ཀ་ནི།

1.རྗེའི་གསུང་འབུམ་གྱི་དུམ་གྲངས་དང་ཆོས་ཚན་གྱི་སྤྱིའི་བསྡོམས་གྲངས་ནི། གཙང་པར་མར་དུམ་པ་19དང་ཆོས་ཚན་166ཡོད། ཞོལ་པར་མར་དུམ་པ་18དང་ཆོས་ཚན་166ཡོད། སྐུ་འབུམ་པར་མར་དུམ་པ་19དང་ཆོས་ཚན་171ཡོད། བླ་བྲང་པར་མར་དུམ་པ་19དང་ཆོས་ཚན་169ཡོད། དཔེ་སྡུར་མར་དུམ་པ་19དང་ཆོས་ཚན་172ཡོད།

2.རྒྱལ་ཚབ་རྗེའི་གསུང་འབུམ་གྱི་དུམ་གྲངས་དང་ཆོས་ཚན་གྱི་སྤྱིའི་བསྡོམས་གྲངས་ནི། གཙང་པར་མར་དུམ་པ་8དང་ཆོས་ཚན་30ཡོད། ཞོལ་པར་མར་དུམ་པ་8དང་ཆོས་ཚན་32ཡོད། སྐུ་འབུམ་པར་མར་དུམ་པ་8དང་ཆོས་ཚན་27ཡོད། བླ་བྲང་པར་མར་དུམ་པ་8དང་ཆོས་ཚན་32ཡོད། དཔེ་སྡུར་མར་དུམ་པ་8དང་ཆོས་ཚན་34ཡོད།

 3. མཁས་གྲུབ་རྗེའི་གསུང་འབུམ་གྱི་དུམ་གྲངས་དང་ཆོས་ཚན་གྱི་སྤྱིའི་བསྡོམས་གྲངས་ནི། གཙང་པར་མར་དུམ་པ་10དང་ཆོས་ཚན་76ཡོད། ཞོལ་པར་མར་དུམ་པ་10དང་ཆོས་ཚན་76ཡོད། སྐུ་འབུམ་པར་མར་དུམ་པ་16དང་ཆོས་ཚན་77ཡོད། བླ་བྲང་པར་མར་དུམ་པ་10དང་ཆོས་ཚན་78ཡོད། དཔེ་སྡུར་མར་དུམ་པ་10དང་ཆོས་ཚན་80བཅས་ཡོད་དོ། །ཅེས་པ་འདི་ནི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་མ་མི་འདྲ་བ་དག་ལ་ཞིབ་འཇུག་བྱེད་པའི་དཔྱོད་ལྡན་རྣམས་ལ་ཅུང་ཙམ་ཕན་པར་སྙམ་ནས་ང་ཚོས་ལོ་ངོ་ལྔ་ལྷག་ལ་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་སྡུར་གྱི་ལས་ཞོར་དུ་བྲིས་པ་དགེའོ། །བཀྲ་ཤིས།

མཁར་བྱམས་ཐར་དང་ཤེས་རབ་རྒྱ་མཚོ་གཉིས། ད་ལྟ་མཚོ་སྔོན་ཟི་ལིང་གི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མའི་ཕྱག་ལས་གནང་བཞིན་མཆིས།

[] བོད་ཀྱི་དཀར་ཆག་རིག་པ་མཁས་དབང་དུང་དཀར་རིན་པོ་ཆེའི་གསུང་འབུམ་ཁ་བའི་ཤོག་ངོས་88པར་གསལ། མི་རིགས་དཔེ་སྐྲུན་ཁང་།2004.3

[]རྗེའི་གསུང་འབུམ། «བླ་བྲང་ཤིང་པར་མ» དུམ་པའི་དབུ་མ་ལ་འཇུག་པའི་བསྡུས་དོན། ཤོག་ངོས་59-60པར་གསལ།

[རྒྱལ་ཚབ་རྗེའི་གསུང་འབུམ།» སྐུ་འབུམ་ཤིང་པར་མ་ དུམ་པའི་དབུ་མ་ལ་འཇུག་པའི་བསྡུས་དོན། ཤོག་ངོས་61པར་གསལ།

[]རྒྱལ་ཚབ་རྗེའི་གསུང་འབུམ། «ཞོལ་ཤིང་པར་མ» དུམ་པའི་དབུ་མ་ལ་འཇུག་པའི་བསྡུས་དོན། ཤོག་ངོས་53པར་གསལ།

[] བོད་ཀྱི་དཀར་ཆག་རིག་པ་མཁས་དབང་དུང་དཀར་རིན་པོ་ཆེའི་གསུང་འབུམ་ཁ་བའི་ཤོག་ངོས་142པར་གསལ། མི་རིགས་དཔེ་སྐྲུན་ཁང་།2004.3.


བརྒྱུད་འགོད།