རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གིས་ཆོས་བརྒྱུད་རིས་མེད་ཀྱི་གནའ་དཔེ་མྱུར་སྐྱོབ་མཛད་པའི་སྐོར་མདོར་ཙམ་གླེང་བ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-10-14 16:25:42     རྩོམ་པ་པོ།   འཇད་པ་དཔལ་ལྡན་ཚེ་རིང་།    ཀློག་ཐེངས།  

  བོད་དུ་བསྟན་པ་སྔ་དར་གྱི་དུས་ནས་བན་བོན་དང་སྔགས་གསར་རྙིང་སོགས་སྐབས་རེ་མི་མཐུན་པ་བྱུང་ཡོད།ལྷག་པར་བསྟན་པ་ཕྱི་དར་སྐབས་ནས་བཟུང་བར་སྐབས་ཤིག་ལ་ཆོས་བརྒྱུད་ནང་ཁུལ་འཐེན་འཁྱེར་གྱི་བག་ཆགས་ངན་པ་དེ་ཇེ་ཆེར་སོང་བས་རྩ་ཆེའི་གནའ་དཔེ་དང་ཆོས་རྒྱུན་མང་པོ་ཞིག་སྟོང་འགྲོ་བའི་སྐབས་དེར་རྒྱལ་དབང༧ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གིས་ཐུགས་དཀྱེལ་ཡངས་པོས་འབྲས་སྤུངས་དགོན་དང་དགའ་ལྡན་ཕུན་ཚོགས་གླིང་།ཕོ་བྲང་པོ་ཏ་ལ་བཅས་ཀྱི་དཔེ་མཛོད་ཁང་དུ་རིས་སུ་མེད་པའི་གནའ་དཔེ་སྟོང་ཕྲག་མང་པོ་བསྡུ་རུབ་དང་དཀར་ཆག་བསྒྲིགས་ནས་མྱུར་སྐྱོབ་མཛད་པའི་སྐོར་ཅུང་ཟད་གླེང་བར་བྱ་བ་ལ།

དང་པོ།  གླེང་གཞི།

     འཛམ་གླིང་གི་ཡང་རྩེར་གྲགས་པའི་གནས་འདིར་རང་རིགས་ཁ་བ་ཅན་གྱི་རིགས་བརྒྱུད་འཕེལ་བ་ནས་དུས་ད་ལྟའི་བར་ལོ་ངོ་ཁྲི་སྟོང་གི་འཕེལ་རིམ་ཁྲོད་།རང་རེའི་མེས་པོ་ཚོས་ཕྱི་ནང་སྣོད་བཅུད་ཀྱི་འགྱུར་བའི་འགྲོས་བཞིན་ངལ་རྩོལ་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ཁྲོད་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་།བསམ་བློའི་དགེ་མཚན། ཡུལ་སྲོལ་གོམས་གཤིས་སོགས་འཛམ་བུའི་གླིང་ན་ངོམ་པར་མཆོག་པའི་རིག་གནས་ཤུལ་བཞག་མང་པོ་ཡོད།  དེར་མ་ཟད་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་འདི་དར་བ་ནས་བཟུང་རིག་གནས་ཆེ་ཆུང་བཅུ་ལ་སོགས་པ་དར་འཕེལ་ཇེ་ཆེར་སོང་བ་དང་།  ལྷག་པར་ནང་ཆོས་ལས་མཐར་ཐུག་གི་ལྟ་བར་ལྷ་ལ་སོགས་པ་གང་ཡང་མི་འདོད་ཅིང་ཐ་སྙད་ལ་ནི་ཆོས་ཐམས་ཅད་རྟེན་འབྲེལ་ཙམ་དུ་འདོད་པ་དེས།  དེང་དུས་ཀྱང་ཚན་རིག་པ་རྣམས་འགྲམ་ཆུ་ཐོན་བཞིན་ནང་པའི་ཆོས་ལུགས་འདི་རིག་པའི་ཆོས་ལུགས་རེད་ཅེས་མགྲིན་གཅིག་ཏུ་བསྔགས་བརྗོད་བྱེད་བཞིན་ཡོད།

     ཡིན་ན་ཡང་བོད་ཀྱི་ལོ་རྒྱུས་ཐོག་བཙན་པོའི་དུས་སྐབས་ནས་བཟུང་བན་བོན་གྱི་རྩོད་པ་དང་།གསང་སྔགས་གསར་རྙིང་གི་འགལ་བ།དེ་བཞིན་བསྟན་པ་ཕྱི་དར་དུས་བོད་ཀྱི་ཆོས་ལུགས་གྲུབ་བརྒྱུད་ཁག་རིམ་པར་བྱུང་བ་དང་བསྟུན་ནས་ཁག་ཅིག་ཆབ་སྲིད་ཀྱི་བདག་དབང་ཐོབ་སྟེ་སྲིད་དོན་ཤུགས་ཆེ་རུ་གྱུར་པ་དང་།ཆོས་བརྒྱུད་ཁེ་ཕན་གྱི་དབང་གིས་སྐབས་རེར་མཐུན་ཞིང་སྐབས་རེར་སྲིད་དབང་འཕྲོག་རྩོད་ཀྱི་རྣམ་པ་བྱུང་བས་ཕན་ཚུན་མཐུན་སྒྲིལ་མ་བྱུང་བའི་རྐྱེན་གྱིས་གོད་ཆག་ཆེན་པོ་བྱུང་བ་འདས་པའི་ལོ་རྒྱུས་ནས་གསལ་པོར་རྟོགས་ངེས།     དེར་བརྟེན་ལོ་ངོ་སུམ་བརྒྱ་ལྷག་ཙམ་གྱི་སྔོན་ནས་རྒྱལ་དབང༧ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གིས་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབས་དང་།ལྷག་པར་བོད་ཀྱི་ཡུལ་གྲུ་ཁག་སྲིད་དབང་གི་འཐབ་འཁྲུག་བྱེད་པའི་ཉག་ཕྲ་བའི་དུས་སྐབས་སུ་རིག་གཞུང་དུ་མའི་རྒྱུན་ཆད་ལ་ཉེ་བའི་སྐབས་སུ།ཆོས་སྲིད་ཀྱི་གཟིགས་རྒྱང་རིང་ཞིང་བོད་གངས་ཅན་ཡུལ་གྱི་ཆོས་བརྒྱུད་མི་འདྲ་བ་ཁག་ལ་རིས་སུ་མེད་པར་ཉམས་ལེན་དང་མ་མཐར་ཡང་བརྩི་འཇོག་གནང་སྟེ་རིན་ཐང་ཆེས་ཆེ་བའི་གྲུབ་བརྒྱུད་དང་།དཔེ་རྒྱུན་དཀོན་པའི་རིགས་མང་པོ་ཞིག་སྲུང་སྐྱོབ་དང་གསང་སྔགས་གསར་རྙིང་དང་གྲུབ་བརྒྱུད་ཕན་ཚུན་གྱི་འགལ་བ་ཞི་ཐབས་མཛད་ཅིང་ཐ་ན་བོན་ཆོས་སོགས་བོད་རང་ཉིད་ཀྱི་ཆོས་དང་རིག་གནས་མང་པོ་ཞིག་ལའང་མཐོང་ཆེན་གནང་ཡོད།

ཕོ་བྲང་པོ་ལར་བཞུགས་པའི་བཀའ་བསྟན་ཀྱི་ཀུན་དགའ་ར་་བ།

གཉིས་པ།   ལོ་རྒྱུས་ཀྱི་རྒྱབ་ལྗོངས།

     སྤྱིར་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་ནས་བཟུང་ཕྱི་ནང་གི་རིག་གཞུང་སོགས་དར་སྤེལ་བྱུང་ཡོད་ཀྱང་ཕྱིས་སུ་གྲུབ་བརྒྱུད་མི་འདྲ་བའི་བར་ཕན་ཚུན་ནང་འཁྲུག་དང་འཐབ་རྩོད་ལ་སོགས་ཀྱིས་དུས་འདའ་ཞིང་།  ལྷག་པར་བསྟན་པ་ཕྱི་དར་གྱི་སྐབས་རང་རང་གྲུབ་བརྒྱུད་ཀྱི་ལྟ་བ་མཁྲེགས་བཟུང་དང་ཆོས་སྲིད་གཉིས་ཀྱི་ཁེ་ཕན་གྱི་དབང་གིས་ལོ་རྒྱུས་ཐོག་ཕན་ཚུན་མཐུན་སྒྲིལ་མ་བྱུང་བར་ནང་ཁུལ་གྱི་མཐུན་སྒྲིལ་ལ་གཏོར་བཤིག་ཆེན་པོ་ཐེབས་ཏེ་སྐབས་དེའི་སྤྱི་ཚོགས་ཀྱི་དབང་སྒྱུར་གྲལ་རིམ་དང་།   ཕྱི་ནང་གི་དགྲ་བོས་གོ་སྐབས་དེ་བཟུང་ནས་དམག་འཁྲུག་དང་ནང་འཁྲུག་བསླངས་ཏེ་རང་རིགས་ཀྱི་ཁེ་དབང་ལ་དམ་སྲུང་བྱེད་མ་ཐུབ་པའི་དཔེ་མཚོན་མང་པོ་ཡོད་པ་དུང་དཀར་རིན་པོ་ཆེས་ཀྱང་རིས་སུ་མེད་པའི་བསྟན་པ་[1]ཞེས་པའི་ནང་ནན་བཤད་གནང་ཡོད།  དེ་ཡང་བོད་ཀྱི་བཙན་པོ་ཁྲི་ལྡེ་གཙུག་བརྟན་གཤེགས་རྗེས་ཞང་བློན་མ་ཞང་གྲོམ་པ་སྐྱེས་ནས་གཙོས་ཚེ་འདིའི་རྐྱེན་ཟློག་བོན་གྱིས་བྱེད་ཟེར་ནས་བོན་ཆོས་དར་སྤེལ་བཏང་ཞིང་ནང་པའི་ཆོས་ལུགས་ལ་གཏོར་ཕམ་ཚབས་ཆེན་བཟོས།དེ་ནས་ཁྲི་སྲོང་ལྡེ་བཙན་སྐུ་ནར་སོན་རྗེས་རྒྱ་གར་ནས་སློབ་དཔོན་ཞི་བ་ཚོ་དང་སློབ་དཔོན་པདྨ་འབྱུང་གནས་གདན་དྲངས།ནང་པ་སངས་རྒྱས་བོད་དུ་རྒྱ་ཆེ་བར་དར་འགོ་ཚུགས། བོད་ཀྱི་ལོ་རྒྱུས་པདྨ་རཱ་གའི་ལྡེ་མིག་ལས་རྒྱལ་པོས་བོན་གྱི་ལོ་རྒྱུས་དང་བཅས་པ་མེད་པ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ཞིག་ཏུ་བཟུང་ནས་བོན་གྱི་བསྟན་པ་དང་རིག་གཞུང་དཔེ་རྙིང་མང་པོ་ཞིག་མེ་ལ་བསྲེགས་པ་དང་ཆུ་ལ་གཏོར་བ།གཞན་ཡང་བསམ་ཡས་མཆོད་རྟེན་ཆེན་པོ་བཞེངས་པའི་སྐབས་སུ་ཞབས་མནན་དུ་བརྫངས་པ་བཅས་མེད་པར་བྱས་[2]ཞེས་བཀོད་ཡོད།  མདོར་ན་སྐབས་དེར་བན་བོན་གཉིས་ལ་ཉམས་ཆག་ཚབས་ཆེན་ཕོག་ཡོད།བན་བོན་འཁྲུག་གཞི་ལྷིང་འཇགས་རྗེས་སླར་ཡང་རྒྱ་གར་གྱི་ནང་ཆོས་དང་རྒྱ་ནག་ཏུ་དར་བའི་ནང་ཆོས་བར་སྟོན་ཙེན་རྩོད་པ་[3]ཞེས་ཀ་མ་ལ་ཤཱིས་ཚབ་བྱས་པའི་ཙེན་མིན་པ་དང་རྒྱ་ནག་ཧཱ་ཤང་གི་མཚོན་པའི་སྟོན་མིན་པ་གཉིས་བསམ་ཡས་སུ་ལོ་མཐུད་པའི་རྩོད་པ་བྱུང་ནས་མཐར་སློབ་དཔོན་ཀ་མ་ལ་ཤཱི་ལ་རྒྱལ་བས་ཧ་ཤང་རྒྱ་ནག་ཏུ་བརྫངས་པ་གྲགས།སྐབས་དེར་རྒྱལ་ཁ་ཇི་ལྟར་དབྱེ་མིན་དང་མཐའ་མཇུག་སུར་རྒྱལ་ཁ་ཐོབ་མིན་སོགས་ལ་བཤད་སྲོལ་མང་པོ་ཡོད། གང་ལྟར་སྟོན་མིན་པར་ཕོག་བརྡུང་ཚབས་ཆེན་བཟོས་པའི་རྐྱེན་གྱིས་བོད་ཀྱི་གྲུབ་བརྒྱུད་ནང་དུ་ཡང་རིམ་པས་སློབ་གཉེར་ལ་བསྟན་པའི་ལམ་ལུགས་ལ་གདེང་འཇོག་དང་རིག་གཞུང་སློབ་གཉེར་ཆེར་མི་འཛིན་པར་ཐད་ཀར་སྒོམ་སྒྲུབ་ཀྱི་ལམ་ལ་ཞུགས་མཁན་རྣམས་ལ་ཤུགས་རྐྱེན་ཐེབས་ཡོད།   དེ་བཞིན་གླང་དར་མས་བསྟན་པ་བསྣུབས་པ་ནས་བཟུང་དུས་ཡུན་རིང་པོའི་ནང་བཙན་པོའི་རྒྱལ་ཁབ་ཁ་ཐོར་དུ་སོང་བའི་སྐབས་དཔེ་ཆ་མང་པོ་ཞིག་ཀྱང་ཐོར་བཤིག་ཏུ་སོང་ཡོད། །མདོར་ན་བསམ་པ་བྱང་ཆུབ་སེམས་བསྐྱེད་ནས།  །རྣམ་དག་སྡོམ་གསུམ་དམ་ཚིག་ལ་གནས་ཏེ།  །མ་གྱུར་འགྲོ་ལ་ཅི་ཕན་བྱེད་པ་ནི།།ཉམས་ལེན་སྙིང་པོ་ཡིན་ཏེ་བྱེད་པ་ཉུང་། །རང་གི་སྡེ་དང་གྲུབ་མཐའི་ཕྱོགས་བཟུང་ནས། ཕུན་ཚུན་བསྟན་དང་བསྟན་འཛིན་སྐྱེས་བུ་ལ།  །གཞི་མེད་སྐུར་འདེབས་བྱེད་པ་ཉེས་པ་ཡི། །འབྱུང་ཁུངས་ཡིན་ཀྱང་དེ་ཉིད་བྱེད་མཁན་མང་།

ཕོ་བྲང་པ་པོ་ཏ་ལའི་དཔེ་མཛོད་ཁང་དང་པོར་བཞུགས་པའི་དཔེ་ཐུང་སྣ་ཚོགས།

གསུམ་པ།   རྒྱལ་དབང༧ལྔ་པས་ས་དགེ་རྙིང་བོན་སོགས་ཀྱི་བླ་མ་བསྟེན་ཚུལ།

     རྒྱལ་དབང་༧ལྔ་པ་བློ་བཟང་རྒྱ་མཚོས་བོད་དུ་གཅིག་གྱུར་གྱི་སྲིད་དབང་དགའ་ལྡན་ཕོ་བྲང་བཙུགས་པ་མ་ཟད་།ཁོང་ནི་བོད་ཀྱི་དེང་རབས་ལོ་རྒྱུས་ཐོག་ཏུ་གྲགས་ཅན་གྱི་ནང་དོན་རིག་པ་མཁས་ཅན་དང་།  ཆབ་སྲིད་མཁས་ཅན།  ལོ་རྒྱུས་སྨྲ་བ་མཁས་ཅན་ཞིག་ཡིན་པ་མགྲིན་པ་གཟེངས་སུ་བསྟོད་དེ་བརྗོད་ཆོག ལྷག་པར་དམ་པ་ཉིད་ཀྱི་སྐུ་ཚེ་ཧྲིལ་པོའི་རིང་བོད་ཀྱི་དགོན་པའི་དོ་དམ་ལམ་ལུགས་དང་།སློབ་གཉེར་སྒྲིག་གཞི།  ཁྲིམས་ལུགས་ཞལ་ལྕེ་སོགས་འཐུས་ཚང་གཏན་ཁེལ་གནང་རྗེས།ཕོ་བྲང་པོ་ཏ་ལ་རྒྱ་བསྐྱེད།  སྨན་རྩིས་དར་སྤེལ་སོགས་ཐུགས་ཡངས་ཆེན་པོས་རིས་མེད་ཀྱི་སློབ་དཔོན་མང་དུ་བསྟེན་གནང་བྱས་ཡོད།  ཁོང་གིས་ས་དགེ་རྙིང་གསུམ་དང་བོན་སོགས་ཀྱི་བླ་མ་མང་དག་ཅིག་བསྟེན་ནས་བཟོ་དང་གསོ་བ་རིག་པ།ནང་རིག་པ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལུང་རྒྱུན་ཆད་ལ་ཉེ་བ་སྣ་ཚོགས་ཅི་ནུས་ཀྱིས་གསན་བཞེས་གནང་།   རྗེ་ཉིད་ཀྱི་གསུང་འབུམ་[4]དམ་པའི་ཆོས་ཀྱི་ཐོབ་ཡིག་གངྒའི་ཆུ་རྒྱུན་ནང་འཁོད་པ་ལྟར་རང་གི་གྲུབ་བརྒྱུད་དགེ་ལྡན་པ་ཙམ་མ་ཟད་ས་སྐྱ་པའི་སློབ་དཔོན་ཚར་ཆེན་བློ་གསལ་རྒྱ་མཚོ་སོགས་ནས་ས་སྐྱ་པའི་ཟབ་ཆོས་ཁག་གི་རྗེས་གནང་དང་སྒྲུབ་ཐབས།ལུང་རྒྱུན་སྐོར་སོགས་ཇི་སྙེད་པ་ཞིག་དང་ངོར་ལུགས་ཀྱི་ལུང་བརྒྱུད། རྫོང་ལུགས་རྗེས་གནང་གི་ལུང་རྒྱུན་སོགས་གསན། རྙིང་མ་པའི་ཕྱོགས་ནས་ཡར་རྗེ་ཨོ་རྒྱན་གླིང་པ་དང་གཏེར་སྟོན་རྡོ་རྗེ་གླིང་པ་དང་པདྨ་ཀུན་སྐྱོང་གླིང་པ་སོགས་ཀྱིས་བཞེས་པའི་གཏེར་ཆོས་བཀའ་ཐང་སྡེ་ལྔ་སོགས་ཞུས།སྐུ་ཚེ་སྨད་དུ་རྙིང་མ་པའི་ལུགས་ལ་དེ་བས་ཉམས་བཞེས་མཛད།  གཡུང་དྲུང་བོན་ལ་མཚོན་ན་ཡང་རང་རྣམ་དུ་བོན་པོ་དར་སྡིངས་[5]པས་གཏོར་ཟློག་དང་དགྲ་མནན་ཞེས་ལན་གསུམ་གསུངས་པ་བོན་གྱི་ཞིབ་འཇུག་པ་ཆེན་པོ་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་མཛད་པའི་རྒྱལ་དབང་ལྔ་པ་ཆེན་པོས་བོན་གྱི་ལྷ་སྡེར་གཟིགས་ཕྱོགས་གནང་ཚུལ་[6]ཞེས་པའི་ནང་དུ་ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་སྲིད་ཞི་ཕུན་ཚོགས་ཀྱི་ནང་རྒྱལ་དབང་མཆོག་གི་སྐུ་མདུན་དུ་བོད་ཀྱི་བླ་མ་ཆེ་ཁག་དང་སྡེ་དཔོན་དང་རྫོང་དཔོན་རྣམས་ཚོགས་འདུར་བཅར་སྐབས་མི་རེར་གདན་ཡིག་ལྟར་རང་གི་གནས་བབས་ལ་ལྟོས་པའི་གདན་ཐོག་ཏུ་སྡོད་དགོས་པའི་བཅའ་ཁྲིམས་བཟོས་ཡོད་པའི་ནང་བོན་པོའི་གདུང་བརྒྱུད་ཆེ་ཁག་བཞི་ལ་བན་དེའི་བླ་མའམ་སྡེ་དཔོན་གོ་ས་མཐོན་པོ་དང་འདྲ་བར་གདན་ཐོབ་ཀྱི་རྟགས་གནང་ཡོད་པ་གསུངས། རྒྱལ་དབང་ལྔ་པའི་རང་རྣམ་དུ་ཡང་། ཞང་སྟོན། དར་སྡིངས། རི་ཞིང་། གྲུ་ཚང་པའི་[7]མི་ངོའི་རིགས་སོགས་ལ་མགོ་སྟ་རིགས་གསུམ།མཇུག་བསྒྲིགས་རིགས་གསུམ སྟག་གདན་རིགས་གསུམ་[8]ཞེས་གསུངས།      དེར་བརྟེན་བོན་གྱི་བླ་མར་གདན་ཁྲིར་བཞུགས་པའི་ཐོབ་ཐང་ཡོད་འདུག་པ་གསལ་པོ་གསུངས།      ད་ལྟ་ཡང་ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་ཀྱི་ལྡེབས་བྲིས་སུ་རྒྱལ་དབང་ལྔ་པས་ཁྱུང་པོའི་བོན་གྱི་དགོན་པ་ཉམས་བཟོ་མཛད་པའི་སྐོར་ཡང་གསལ་པོ་འདུག མདོར་ན་དེ་སྔ་བོད་དུ་གྲུབ་མཐའ་མང་པོ་ཡོད་པ་དེ་དག་ཚང་མ་རང་ཉིད་ཀྱི་ཕྱོགས་བཟུང་ནས་གཞན་ལ་དམའ་འབེབས་དང་མཐོང་ཆུང་བཀའ་འགོག་སོགས་བྱས་ཏེ་རང་རང་གི་ལྟ་སྤྱོད་གཙང་མ་སྐྱོང་མ་ཐུབ་པ།   ཆོས་ལ་སྐུར་བ་བཏབ་པའི་ཉེས་དམིགས་ཙམ་མ་ཟད་སྐབས་དེའི་སྤྱི་ཚོགས་ཡོངས་ལ་བརྡབ་གསིག་ཚབས་ཆེན་ཕོག་པ་དང་།     གལ་ཆེའི་དཔེ་ཆ་དང་ལུང་རྒྱུན་མང་པོ་ཞིག་ཆད་འགྲོ་བ་སོགས་ཆེས་ཉག་ཕྲ་བའི་དུས་སྐབས་སུ༧ལྔ་པ་ཆེན་པོས་ས་དགེ་རྙིང་གསུམ་དང་ཞི་བྱེད་སོགས་གྲུབ་མཐའི་དབྱེ་བ་མེད་པར་དགོངས་དཀྱེལ་ཡངས་པོས་རིས་སུ་མ་ཆད་པའི་བླ་མ་བསྟེན་གནང་མཛད་དེ་ཆོས་སྲིད་ཀྱི་གོང་བུ་གཅིག་ཏུ་སྒྲིལ་ཐབས་གནང་ཡོད་འདུག

བཞི་པ། རྒྱལ་དབང༧ལྔ་པའི་རིས་མེད་དགོངས་པས་དཔེ་རྙིང་ཁྱབ་སྤེལ་སྐོར།  

     དཔེ་ཆ་ནི་མི་རིགས་ཤིག་གི་ལོ་རྒྱུས་རིང་མོའི་ཁྲོད་དུ་རང་གི་ངལ་རྩོལ་དང་ཐོན་སྐྱེད། དེ་བཞིན་རང་བྱུང་ཁམས་ནང་འཚོ་གནས་བྱེད་པའི་བརྒྱུད་རིམ་ཁྲོད་དུ་བློ་གྲོས་དང་ཉམས་མྱོང་སོགས་གོང་འཕེལ་བྱུང་བའི་དཔང་རྟགས་དང་ཡིག་ཐོག་གི་ཤུལ་བཞག་ཉག་གཅིག་ཡིན། རང་བོད་མི་རིགས་ལ་མཚོན་ན་ཡང་སྔོན་བྱོན་མཁས་དབང་དུ་མས་ཕྱི་ནང་གི་རིག་གནས་ཀུན་ལ་སྦྱང་པ་དང་ཉམས་ལེན་གནང་བའི་གསུང་འབུམ་ནི་རི་བོའི་གཏོས་དང་མཉམ་པ་ཡོད་ཀྱང་དུས་འགྱུར་དང་རང་བྱུང་གི་གནོད་འཚེ།  ལྷག་པར་དེ་སྔ་བོད་དུ་དགོན་སྡེ་ཧ་ཅང་མང་ཡང་རང་རང་གི་གྲུབ་བརྒྱུད་དང་ཐ་ན་དགོན་སྡེ་སོ་སོའི་བླ་བརྒྱུད་ཀྱི་དཔེ་ཆ་ཁ་ཤས་ཙམ་ལས་ཉར་ཚགས་དང་ཉམས་ལེན་བྱེད་མི་ཐུབ་པའི་རྐྱེན་གྱིས་གནའ་དཔེ་མང་པོ་ཞིག་ཐལ་བའི་རྡུལ་དུ་བརླག་འགྲོ་བའི་སྐབས་སུ།  རྒྱལ་དབང་ལྔ་པ་མཆོག་གིས་གཅིག་ནས་ཁོང་རང་ཉིད་ལ་རིས་མེད་ཀྱི་བླ་མ་དག་ནས་ལུང་རྒྱུན་ཐོབ་པ་དང་རིས་མེད་ཀྱི་དཔེ་ཆ་གཟིགས་གནང་མཛད་པའི་གསན་ཡིག་གངྒའི་ཆུ་རྒྱུན་པོད་བཞི་བྲིས་གནང་མཛད་ཡོད།དུང་དཀར་རིན་པོ་ཆེས་གསན་ཡིག་ནི་དཀར་ཆག་གི་གོ་ཆོད་པའི་དཔེ་ཐོ་ཞིག་ཡིན་ཞེས་གསུངས།[9] པའི་རྒྱུ་མཚན་ནི་གྲུབ་མཐའ་རིས་མེད་ཀྱི་བླ་མ་ཚོའི་གསན་ཡིག་ནང་བཀའ་བསྟན་འགྱུར་དང་གསུང་འབུམ་ནང་མ་འཁོད་པའི་དཔེ་ཐོ་ཡོད་ལ།  བྲིས་མ་དང་པར་མ་གང་ཡིན་མིན།  ཐ་ན་མ་དཔེ་དེ་དག་གང་དུ་ཡོད་མེད་། དཔེ་རྒྱུན་དཀོན་པོ་མང་པོ་ཞིག་གང་དུ་ཡོད་མེད་སོགས་ཀྱང་ཐོ་བཀོད་ཡོད་པར་གསུངས།    གཉིས་ནས་ཐུགས་དཀྱེལ་ཡངས་པོས་རིས་སུ་མེད་པའི་བོད་ཀྱི་མཁས་དབང་རྣམས་ཀྱི་གསུང་འབུམ་ཁྲི་ཕྲག་ལ་ཚད་ལྡན་གྱི་དཀར་ཆག་བསྒྲིགས་སྟེ་འབྲས་སྤུངས་དགོན་དང་།དགའ་ལྡན་ཕུན་ཚོགས་གླིང་།ཕོ་བྲང་པོ་ཏ་ལ་བཅས་སུ་པར་ཁང་བཙུགས་སྟེ་དཔེ་དཀོན་རྣམས་མྱུར་སྐྱོབ་དང་དར་སྤེལ་མཛད་ཡོད།

༡ འབྲས་སྤུངས་གནས་བཅུ་ལྷ་ཁང་དུ་དཀར་ཆག་བསྒྲིགས་པ།

     དུས་རབ་བརྒྱད་པའི་སྐབས་བཙན་པོ་ཁྲི་རལ་པ་ཅན་གྱི་སྐབས་ནས་བོད་ཀྱི་དཀར་ཆག་གི་ཐོག་མ་དཀར་ཆག་ལྡན་དཀར་མ་བསྒྲིགས་པ་ནས་བཟུང་ད་བར་དུས་ཡུན་རིང་པོའི་ནང་བོད་ཀྱི་གསུང་རབ་རྣམས་ལ་དཔེ་ཐོ་དཀར་ཆག་བསྒྲིགས་པའི་ཐད་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཡོད། ལྷག་པར་དུ་དུང་དཀར་རིན་པོ་ཆེས་མཛད་པའི་བོད་ཀྱི་དཀར་ཆག་རིག་པ་ཞེས་པའི་ནང་དུ་ཡང་དཀར་ཆག་ནི་གཞི་ཁྱོན་ཆེ་ཞིང་རྣམ་གྲངས་མང་བའི་དཔེ་ཆ་ལྟ་བ་ལ་མེད་དུ་མི་རུང་བའི་གསལ་བྱེད་མེ་ལོང་ལྟ་བུ་དང་།  གལ་ཆེའི་དཔེ་དེབ་བདག་གཉེར་སྲུང་སྐྱོབ་བྱེད་རྒྱུར་མཁོ་བའི་ནུས་ལྡན་མཚོན་ཆ་ལྟ་བུ་ཞིག་ཡིན་[10]ཞེས་གསུངས་ཡོད་ལ།དེ་ཡང་དགའ་ལྡན་ཕོ་བྲང་གི་སྐབས་སུ༧ལྔ་པ་ཆེན་པོས་འབྲས་སྤུངས་སུ་དཀར་ཆག་བསྒྲིགས་པའི་སྐོར་འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་དཀར་ཆག་[11]ཅེས་པའི་ནང་གསལ་བ་ལྟར་ན་འབྲས་སྤུངས་དགོན་གྱི་གནས་བཅུ་ལྷ་ཁང་གི་དཔེ་མཛོད་ནི་རྒྱལ་དབང་ལྔ་པས་བོད་དུ་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་རྗེས་འབྲས་སྤུངས་ཀུན་དགའ་རྭ་བ་དང་གནས་བཅུ་ལྷ་ཁང་།མི་དབང་ལྷ་ཁང་བཅས་ནང་བསྡུ་ཉར་མཛད་པ་ཞིག་ཡིན་ལ་དེ་དག་ནི་བོད་ཀྱི་ས་ཁོངས་ཁག་གི་དགོན་སྡེ་དང་དཔེ་མཛོད་ཁག་ཏུ་བཞུགས་པའི་ཕྱག་དཔེ་རྩ་ཆེན་རྣམས་བསྡུ་རུབ་གནང་ཞིང་དེའི་ཁྲོད་བོད་ཀྱི་དཔེ་མཛོད་ཁང་ཆེ་ཤོས་སུ་བརྩི་བའི་སྡེ་སྲིད་ཕག་མོ་གྲུ་པའི་དཔེ་མཛོད་དང་།སྡེ་པ་གཙང་པའི་སྐབས་ཀྱི་བསམ་གྲུབ་རྩེའི་དཔེ་མཛོད།    དུས་རབས་བཅུ་བདུན་པའི་གོང་ཀརྨ་པ་རིམ་བྱོན་གྱིས་ཉར་ཚགས་མཛད་པའི་རྩེ་ལ་སྒང་དཔེ་མཛོད་སོགས་ཚུད་ཡོད།    ད་ལྟའི་གནས་བཅུ་ལྷ་ཁང་གི་དཔེ་མཛོད་ཁང་དེ་ནི་རྒྱལ་བ་ལྔ་པ་སྐུ་སྒེར་གྱི་དཔེ་མཛོད་ཁང་ཡིན་ལ་དུས་ཡུན་རིང་པོའི་ནང་བཀའ་རྒྱ་མར་སོང་བར་གྲགས། དཔེ་མཛོད་ཁང་དེར་ལོ་བཅུའི་དུས་འགྱུར་ཁྲོད་གཏོར་སྐྱོན་དང་ཁ་འཐོར་བྱུང་ཡང་ད་དུང་རིས་སུ་མེད་པའི་མཁས་པ་སྟོང་ཕྲག་གི་གསུང་རྩོམ་དང་ཆོས་ཚན་ཁྲི་གཉིས་ཙམ་གྱི་དཔེ་རྙིང་བཞུགས་ཡོད་ཅེས་འཁོད་འདུག་ལ། དེའི་ནང་དཔེ་རྒྱུན་སྟོང་པར་གྲགས་པ་དུ་མ་དང་ལྷག་པར་ཀརྨ་མི་བསྐྱོད་རྡོ་རྗེ་དང་ཇོ་ནང་ཏཱ་ར་ན་ཐཱ་སོགས་ཀྱི་དཔེ་ཆ་དང་བོད་དུ་དར་བའི་ཆོས་ལུགས་ཁག་གི་གཞུང་དང་ཡིག་ཆ།  ཇོ་ནང་སོགས་ཀྱི་ཡིག་ཆ་དུ་མ་བཞུགས་ཡོད་འདུག ཕྱིས་སུ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་དཔེ་ཆ་ཁག་ཅིག་ཕོ་བྲང་པོ་ཏ་ལར་འབྱོར།  ངག་རྒྱུན་དུ་ལྔ་པ་ཆེན་པོས་གཞན་སྟོང་གི་ལྟ་བ་འཛིན་པའི་ཇོ་ནང་པ་དང་གཙང་པ་རྒྱལ་པོའི་མངའ་ཁོངས་སུ་གཏོགས་པའི་དགའ་ལྡན་ཕོ་བྲང་ལ་མི་འདོད་པའི་བཀའ་བརྒྱུད་བཅས་ལ་བཀའ་རྒྱ་དམ་བསྒྲགས་གནང་ཞེས་པར་མི་མང་པོ་ཞིག་གིས་དོན་དུ་ལྔ་པ་ཆེན་པོས་དགོངས་དཀྱེལ་ཡངས་པོས་རིས་སུ་མ་ཆད་པའི་ཕྱག་དཔེ་དེ་དག་ཉར་ཚགས་སྲུང་སྐྱོབ་མཛད་པའི་དམིགས་ཡུལ་ཡིན་པ་ཤེས་མེད།དཀར་ཆག་དེའི་ནང་དུ་དུས་འཁོར་ལྟ་བུར་མཚོན་ན་རྗེ་ཙོང་ཁ་པ་ཡབ་སྲས་ཀྱི་གསུང་དང་ཀརྨ་པ་རིམ་བྱོན་དང་ཇོ་ནང་གི་བླ་མ་དག་གིས་མཛད་པའི་གསུང་ལྷན་དུ་འཇོག་གནང་བྱས་ཡོད།  དེར་མ་ཟད་དཀར་ཆག་བསྒྲིགས་སྟངས་སྐོར་ལ་ཡང་དུས་འཁོར་ནས་དབུ་བཙུགས་ཏེ་རིམ་པར་གཞུང་ཆེན་ཁག་དང་རིག་གནས་ཆེ་ཆུང་ཁག་བཅས་ལ་ཀ་ཐོ་དང་ཨང་རྟགས་བཀོད་པ་ལས་གྲུབ་བརྒྱུད་དང་བླ་མ་ཆེ་ཆུང་ནས་དབྱེ་བ་བཏང་གནང་མེད་པ་དཀར་ཆག་གི་ནང་ནས་ཤེས་ཐུབ།

ཕོ་བྲང་པོ་ཏ་ལར་བཞུགས་པའི་སྨན་གཞུང་སྐོར་གྱི་གནའ་དཔེ་བྲིས་མ།

༢ དགའ་ལྡན་ཕུན་ཚོགས་གླིང་དུ་པར་ཁང་བཙུགས་པ།

     དགའ་ལྡན་ཕོ་བྲང་གི་སྲིད་དབང་ཐོག་མར་བཙུགས་པའི་སྐབས་སུ་བོད་སོག་མཉམ་འབྲེལ་གྱིས་སྔོན་གཙང་པ་རྒྱལ་པོའི་ཕྱོགས་རྟོགས་ཇོ་ནང་པ་དང་བཀའ་བརྒྱུད་པའི་དགོན་སྡེར་གནོད་སྐྱོན་ཚབས་ཆེན་ཕོག་ཡོད་པ། ཇོ་ནང་ཏཱ་ར་ནཱ་ཐའི་དགོན་པ་རྟག་བརྟན་མི་འགྱུར་ཕུན་ཚོགས་གླིང་དགེ་ལུགས་པར་བསྒྱུར་རྗེས་དགོན་པའི་མིང་ཡང་དགའ་ལྡན་ཕུན་ཚོགས་གླིང་ཞེས་བཅོས་ཡོད།འོན་ཀྱང་དགའ་ལྡན་ཕོ་བྲང་གསར་འཛུགས་སྐབས་ཀྱི་ཆོས་སྲིད་གཅིག་གྱུར་བཟོ་བའི་ལས་འགུལ་འདི་དག་ཚང་མ༧ལྔ་པ་ཆེན་པོའི་མཐར་ཐུག་གི་དགོངས་པར་གཏུགས་ན་མི་འགྲིག་པར་སེམས།གང་ཡིན་ཞེ་ན་གཅིག་ནས་སྐབས་དེར་རྗེ་ཉིད་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཞེས་ཏེ་ལོ་བཞི་ཙམ་ལས་སོང་མེད་ལ་ཁོང་རང་ཉིད་ཆོས་ཀྱི་ཉམས་ལེན་གཙོ་ཆེར་གནང་བ་ལས་སྲིད་ཀྱི་ལས་དོན་མང་ཆེ་བ་ཕྱག་མཛོད་བསོད་ནམས་རབ་བརྟན་སོགས་ཀྱིས་འགན་འཁུར་གནང་ཡོད།  གཉིས་ནས་ད་ལྟ་ཕོ་བྲང་པོ་ཏ་ལར་བཞུགས་པའི་རིན་ཆེན་ཏོག་གིས་མཛད་པའི་དགའ་ལྡན་ཕུན་ཚོགས་གླིང་གི་སྤར་མ་མན་ངག་མཉམ་མེད་དབང་པོའི་རྡོ་རྗེ་ལྟ་བུ་ཞེས་པར་རྒྱལ་དབང་ལྔ་པ་ཆེན་པོས་པར་བྱང་དུ་གསལ་བ་ལྟར་འཁོར་ལོ་རིམ་གསུམ་སྐོར་ཡང་ཉན་རང་རིགས།རིམ་གྱིས་ཐེག་ཆེན་ལམ་དུ་ཉེར་བཀྲི་བ། རྒྱ་བོད་མཁས་གྲུབ་ཀུན་བཞེད་དགོངས་པའི་དཔྱིད།  འོན་ཏེ་ལ་ལར་ཐུབ་པས་གང་ཟག་གི  བདག་ཡོད་བསྟན་ལྟར་ཀུན་མཁྱེན་དོལ་པོ་བ།  ཕྱོགས་རྒྱས་ཉ་དབོན་གཞན་སྟོང་ལྟ་བ་ལ།  གཙོར་འཛིན་འདུལ་བྱ་དགོངས་ཀྱི་སྨོད་ཡུལ་མིན། [12]ཞེས་བཀོད་པ་ལྟར་དོལ་པོ་བ་ཀུན་མཁྱེན་ཤེས་རབ་དང་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་སོགས་ཀྱི་གཞན་སྟོང་ལྟ་བ་འདི་གདུལ་བྱ་མཆོག་དམན་མི་འདྲ་བ་རྣམས་ཐེག་ཆེན་ལམ་དུ་རིམ་པ་འདྲེན་ཕྱིར་ལས་སྨོད་པའི་ཡུལ་མིན་པར་གསལ་པོ་གསུངས་འདུག་ལ། པར་བྱང་དེའི་མཇུག་ཏུ་ཚུལ་དེས་ཀླུ་སྒྲུབ་གཞུང་ལ་ལོག་རྟོག་བློ།  བཟློག་ཕྱིར་ཀུན་མཁྱེན་བུ་སྟོན་རེད་མདའ་པ།  འཇམ་མགོན་བློ་བཟང་གྲགས་པའི་དཔལ་སོགས་ཀྱིས།  བརྩོད་ཅིང་བརྒལ་བ་མཁས་པའི་ངང་ཚུལ་ཡིན།ཞེས་རྗེ་བུ་སྟོན་དང་རེད་མདའ་པ།  རྗེ་ཙོང་ཁ་པ་སོགས་མཁས་པ་མང་པོས་གཞན་སྟོང་གི་ལྟ་བ་དེ་འདུལ་བྱའི་མོས་པ་མི་འདྲ་བར་དམིགས་པ་མ་ཤེས་པར་ཀླུ་སྒྲུབ་ཀྱི་གཞུང་ལ་ལོ་རྟོག་སྐྱེ་བར་དགོངས་ནས་ཕྱིས་འགག་ལེན་རྒྱབ་གནང་ཡོད་པ་མཁས་པའི་ངང་ཚུལ་ཡིན་པ་གསུངས།  ད་དུང་ཡང་རིན་ཆེན་ཏོག་གིས་མཛད་པའི་ལེགས་བཤད་ཡེ་ཤེས་རྡོ་རྗེའི་ཐོག་ཏོག་ཆེན་པོ་ཞེས་པར་ལྔ་པ་ཆེན་པོས་པར་བྱང་དུ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན།ཇོ་ནང་ཕྱོགས་ལས་རྣམ་རྒྱལ།མཁས་པ་ཉ་དབོན་ཀུན་དགའ་དཔལ་སོགས་ཀྱིས་འདུལ་བྱའི་བློ་ཚད་བགམ་པའི་ཆེད་དུ་གཞན་སྟོང་གི་ལྟ་བ་གསུངས་པ་ལ་དྲང་ངེས་རྣམ་འབྱེད་མ་ཕྱེད་པར་རྗེས་འབྲང་དུ་རློམ་པ་འགས་ཆོས་ལོག་གི་ཡི་གེ་ཐེག་ཆེན་མཆོག་དབུ་མ་ཆེན་པོར་གྲགས་པ་སོགས་བརྩམས་ཤིང་། ཀླུ་སྒྲུབ་ཀྱི་གཞུང་ལ་བསྐལ་པར་ཐོས་བསམ་བྱས་པ་ལས་ཐོགས་མེད་ཀྱི་ལུགས་ཀྱི་གླེགས་བམ་སྤྱི་བོར་བླངས་པའམ་བྱང་ཆུབ་ཉེ་ཞེས་གཞན་སྟོང་བའི་ལྟ་བ་དེ་ཐོགས་མེད་ཀྱི་བཞེད་པ་མིན་བཞིན་དུ་རྒྱ་གར་མཁས་པ་ལ་རྫུན་ཁག་བཀལ་ནས་གཞན་འདྲེད་པའི་སྦྱོར་བས་བ་གླང་རྫི་ལྟ་བུའི་ལམ་ལོག་པར་འཕྱན་པ་དག་དེ་ལས་ལྡོག་འདོད་ཀྱི་ལྷག་བསམ་པས་ཀུན་ནས་བསླངས་ཏེ་ཐུགས་སྲས་རིན་པོ་ཆེས་མཛད་པའི་བདེ་གཤེགས་སྙིང་པོའི་མཛེས་རྒྱན་དང་གནས་རྙིང་པ་རིན་ཆེན་ཏོག་གི་ཡིག་ཆ་གང་རྙེད་པ་རྣམས་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བརྐོས་པའི་ཚེ་ཟ་ཧོར་གྱི་བནྡེས་སྦྱར[13]ཞེས་པར་གསལ་པོར་བསྟན་འདུག   གསུམ་ནས་ཕྱིས་སུ་༧ལྔ་པ་ཆེན་པོས་གྲུབ་མཐའ་རིགས་མི་གཅིག་པ་ཚང་མར་གཟིགས་མཐོང་བརྩི་འཇོག་ཆེན་པོ་མཛད་འདུག་པ།

སྤྱི་ལོ་༡༦༧༥ལོར༧ལྔ་པ་ཆེན་པོའི་དགོངས་པ་ལྟར་དགའ་ལྡན་ཕུན་ཚོགས་གླིང་གི་པར་ཁང་དུ་ཇོ་ནང་བླ་ཆེན་ཁག་གི་གསུང་འབུམ་གྱི་སྟེང་ད་དུང་རྒྱལ་རྩེའི་གཟུངས་འབུམ་གླེགས་བམ་དང་། ས་སྐྱའི་བླ་མ་ཚར་ཆེན་གྱིས་མཛད་པའི་ཀྱེེ་རྡོ་རྗེའི་ཕྱི་ནང་རིམ་གཉིས་ཀྱི་རྣམ་བཤད།རྙིང་མ་པ་ཀློང་ཆེན་པས་མཛད་པའི་གསང་སྙིང་འགྲེལ་པ།སྨན་བླ་དོན་གྲུབ་པས་མཛད་པའི་སྐུ་གཟུགས་ཀྱི་ཆ་ཚད་སོགས་གྲུབ་མཐའ་རིས་མེད་ཀྱི་དཔེ་རྙིང་མང་དག་ཅིག་པར་བསྐྲུན་མཛད།གཞན་ཡང་རང་རྣམ་དུ་ཀཱུ་ལའི་གོས་བཟང་པོད་དང་པོར་ལས་ཆེན་ཀུན་རྒྱལ་བས་མཛད་པའི་བཀའ་གདམས་ཆོས་འབྱུང་།རྗེ་བསོད་ནམས་རྒྱ་མཚོས་མཛད་པའི་ལམ་རིམ་གྱི་ཁྲིད།ཞ་ལུ་ལོ་ཆེན་གྱིས་མཛད་པའི་སུམ་རྟགས་ཀྱི་འགྲེལ་པ། གླིང་སྨད་ཞབས་དྲུང་གི་རྣམ་ཐར་སོགས་བརྐོས་ཤིང་སླད་ནས་ཀྱང་ཇི་སྲིད་བསྟན་པ་རིན་པོ་ཆེ་ནམ་གནས་ཀྱི་བར་བཀའ་བསྟན་བཅོས་ཆོས་སྦྱིན་མི་ཟད་པ་རྒྱ་ཆེར་སྤེལ་བའི་འདུན་པས་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བརྐོ་བར་བྱས་ཞེས་གསུངས་འདུག[14]རང་རྣམ་དུ་ཀཱུ་ལའི་གོས་བཟང་པོད་དྲུག་པར་དཔང་ལོའི་བརྡ་སྤྲོད། སྟག་ཚང་ལོ་ཙཱ་བའི་རིག་གནས་ཀུན་ཤེས་དང་གྲུབ་མཐའ་ཀུན་ཤེས་ཀྱི་རྩ་འགྲེལ།  གནས་པ་རིན་ཆེན་ཏོག་གིས་མཛད་པའི་དབང་པོ་རྡོ་རྗེ་དང་རྡོ་རྗེ་ཐོག་ཏོ་རྣམས་བརྐོ་བའི་པར་བྱང་བརྩམས་ཤིང་མ་དཔེ་དགའ་ལྡན་ཕུན་ཚོགས་གླིང་དུ་བསྐུར་།གོང་གསལ་གྱི་པར་ཚོ་མཁོ་ཆེ་བ་མ་ཟད་རིན་ཆེན་ཏོག་གི་ཡིག་ཆ་ཤིན་ཏུ་བཀོན་་་་་་ [15]ཞེས་འཁོད།

དུ་ཀུ་ལའི་གོས་བཟང་འཕྲོས་པའི་པུསྟི་དང་ཤོག་ངོས་ཀྱི་གྲུབ་ཆ་སོ་སོ་ངོས་འཛིན་བྱེད་སྟངས་སྐོར།

     གཞན་ཡང་ཕོ་བྲང་པོ་ཏ་ལར་བཞུགས་པའི་དགའ་ལྡན་ཕུན་ཚོགས་གླིང་གི་པར་ཐོ་ཞེས་པའི་དབུ་ཤོག་ཏུ་དུས་གསུམ་ཀུན་མཁྱེན་འགྲོ་བའི་གཉེན་གཅིག་པུ།  །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །འཛམ་གླིང་བསྟན་འཛིན་ཀུན་ལས་ཆེས་ལྷག་པར།  །ཤེས་ནས་བྱང་ཆེན་ཐོབ་མིན་སྙིང་ནས་འདུད།  །རབ་བྱུང་ཉི་མའི་ཤིང་ཁྱི་ཕན་ཆད་དུ།  །པར་ཁང་འདིར་བཞུགས་ཆོས་ཚན་ཤོག་བུའི་གྲངས། །འཁྲུལ་མེད་བསྡུས་ཏེ་བཀོད་ལ་ཤེས་ལྡན་རྣམས།  །ཉམས་བཞེས་གནང་དུ་ཆེའོ་ཞིབ་པར་གཟིགས་[16]ཞེས་དང་ཞབས་ཤོག་ཏུ་ཡང་པར་ཁང་འདིར་ཁྱོན་པར་ཤིང་བདུན་སྟོང་བདུན་བརྒྱ་ལྷག་འདུག་ཅེས་འཁོད་ཡོད་པར་བལྟས་ན་པར་ཐོ་དཀར་ཆག་འདི་ཡང༧ལྔ་པ་ཆེན་པོས་དགའ་ལྡན་ཕུན་ཚོགས་གླིང་དུ་སྤྱི་ལོ་༡༦༨༠གཡས་གཡོན་དུ་བཀོད་པར་སེམས།  མདོར་ན་དགའ་ལྡན་ཕུན་ཚོགས་གླིང་དུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དཔེ་རྒྱུན་དཀོན་པའི་རིགས་མང་པོ་པར་གསར་དུ་བསྐྲུན་ཅིང་པར་བྱང་ཡང་མང་དག་ཅིག་སྦྱར་གནང་མཛད་ཡོད་པ་མ་ཟད་ཕོ་བྲང་པོ་ཏ་ལའི་ལྟག་སྒོ་རྒྱབ་ཀྱི་པར་ཁང་གསར་འཛུགས་གནང་སྟེ་དཔེ་དཀོན་མང་པོ་ཞིག་མྱུར་སྐྱོབ་གནང་འདུག སྐབས་དེའི་པར་ཤིང་མང་ཆེ་བ་འཐོར་བརླག་ཏུ་སོང་བས་ད་ལྟ་ཕོ་བྲང་པོ་ཏ་ལར་བཞུགས་པའི་པར་ཤིང་ཉུང་ཤས་ཡོད་པ་རྣམས་ནི་དབང་འདུས་ཀྱི་འཁོར་ལོ་དང་སྲུང་བའི་འཁོར་ལོ་ཁག་ཅིག་ཡིན་འདུག

ལྔ་པ།  མཇུག་སྡོམ།

     པན་ཆེན་བློ་བཟང་ཡེ་ཤེས་ཀྱིས་  །དབུས་གཙང་མངའ་རིས་བར་གྱི་གྲུབ་པའི་མཐའ།  །ཀུན་ཀྱང་རྒྱལ་བསྟན་ཁོ་ན་ཡིན་པས་ན།  །ཕྱོགས་ལྷུང་གདོན་གྱིས་སྡང་ཤུགས་མི་འཛིན་པར།  །དག་སྣང་ནོར་བུའི་འོད་ཀྱི་ཁྱབ་ན་ལེགས།།[17]ཞེས་གསུངས་པ་ལྟར་བོད་ཀྱི་ཆོས་བརྒྱུད་དག་གི་ལྟ་བའི་འབབ་སྟེགས་གཅིག་ཏུ་གྲུབ་པར་བརྟེན། ངེས་པ་དོན་གྱི་མཁས་དབང༧ལྔ་པ་ཆེན་པོ་མཆོག་གིས་དུས་རབས་བཅུ་བདུན་གྱི་སྐབས་རིས་སུ་མེད་པའི་དགོངས་པས་བོད་ཀྱི་རིག་གཞུང་མང་པོར་མྱུར་སྐྱོབ་མཛད་པ་མ་ཟད།  ཕྱིས་ཀྱི་དུས་རབས་བཅོ་བརྒྱད་བཅུ་དགུའི་སྐབས་སུ་ཁམས་སྡེ་དགེ་རྫོང་གསར་དུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་མི་ཕམ་རིན་པོ་ཆེ།  ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་སྐྱེས་ཆེན་མང་པོས་དབུ་ཁྲིད་དེ་བོད་གངས་ཅན་གྱི་ཡུལ་འདིར་གྲུབ་བརྒྱུད་མི་འདྲ་བ་སོ་སོ་ཕན་ཚུན་ནང་འཁྲུག་དང་འཐབ་རྩོད་ལ་སོགས་ཀྱི་དུས་འདའ་བ་སྙིང་པོར་རྩ་བ་ནས་མེད་པར་དམིགས་ཏེ་ཕན་ཚུན་སློབ་སྦྱོང་དང་ཉམས་མྱོང་སྤེལ་རེས་སོགས་སངས་རྒྱས་ཀྱི་བསྟན་པར་དག་ཐེར་དང་སྲུང་སྐྱོབ་བྱེད་པའི་ཚ་རླབས་དྲག་པོ་ཞིག་འཕྱུར་བར་ཤུགས་རྐྱེན་དང་རྨང་གཞི་ལེགས་པོ་བསྐྲུནཡོད།

[1]དུང་དཀར་རིན་པོ་ཆེ།དུང་དཀར་ཚིག་མཛོད།ལས།རིས་སུ་མ་ཆད་པའི་བསྟན་པ།མི་རིགས་དཔེ་བསྐྲུན་ཁང་།2002ལོ་ཟླ་4ཤོག་གྲངས་1917

[2]ཐུབ་བསྟན་ཕུནཚོགས།བོད་ཀྱིམ་ལོ་རྒྱུས་པདྨ་རཱ་གའི་ལྡེ་མིགམི་རིགས་དཔེ་བསྐྲུན་ཁང་།2006ལོ་ཟླ་བ9ཤོག་གྲངས165

[3]སྟོན་ཙེན་རྩོད་པ་ཞེས་པའི་སྟོན་ཙེན་ནི་རྒྱ་ཡིག་གི་སྒྲ་ཟུར་དུ་ཆགས་པ་ཞིག་ཡིན་པས་རྒྱ་ཡིག་གི་ཡིག་ཆའི་ནང་ཡོངས་གྲགས་སུ་“顿渐之争”ཞེས་བརྗོད།

[4]ངག་དབང་བློ་བཟང་རྒྱ་མཚོ།རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ།ཀྲུང་གོ་བོད་རིག་པ་དཔེ་བསྐུན་ཁང་།2010ལོ།

[5]འདིར་དར་སྡིངས་པ་ཞེས་པ་ནི་ད་ལྟའི་གཞི་རྩེ་ས་གནས་གཞད་མཐོང་སྨོན་རྗོང་གི་གྲོང་ཚོ་དར་སྡིངས་སུ་གདན་ཆགས་པའི་བོན་དམུ་གཤེན་གྱི་གདུང་བརྒྱུད་ནམ་རྒྱུན་དུ་གཤེན་ཚང་དུ་འབོད་པ་དེ་རེད།

[6]http://www.himalayabon.com/article/research/thesis/20110710600.html

[7]བོན་གྲུ་ཚང་བའམ་བྲུལ་ཚང་པ་ནི་དེང་གཞི་རྩེ་ས་གནས་གནམ་གླིང་རྫོང་གི་ཐོབ་རྒྱལ་ཞེས་པ་དེ་ཡིན་འདུག་ལ་ལྔ་པ་ཆེན་པོས་པཎ་ཆེན་སྐུ་ཕྲེང་བཞི་པའི་ཡང་སྲིད་ཡང་དེ་ནས་ངོས་འཛིན་གནང་འདུག

[8]རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རང་རྣམ་།པོད་གཉིས་པ།ལྕགས་པར།ལྡེབ་གྲངས།173

[9]དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།བོད་ཀྱི་དཀར་ཆག་རིག་པ།དུང་དཀར་བློ་བཟང་འཕྲིན་ལས།ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་བསྐྲུན་ཁང་།ཤོག་གྲངས་3561997ལོའི་ཟླ་བ་12

[10]དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།བོད་ཀྱི་དཀར་ཆག་རིག་པ།དུང་དཀར་བློ་བཟང་འཕྲིན་ལས།ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་བསྐྲུན་ཁང་།ཤོག་གྲངས་3301997ལོའི་ཟླ་བ་12

[11]འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་དཀར་ཆགདཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས།མི་རིགས་དཔེ་སྐྲུན་ཁང་།ཤོག་གྲངས་7

[12]མན་ངག་མཉམ་མེད་དབང་པོའི་རྡོ་རྗེ་ལྟ་བུ།རིན་ཆེན་ཏོགཕོ་བྲང་པོ་ཏ་ལར་བཞུགས་པའི་དགའ་ལྡན་ཕུན་ཚོགས་གླིང་གི་སྤར་མ།ཤོགས་གྲངས་103

[13]ལེགས་བཤད་ཡེ་ཤེས་རྡོ་རྗེའི་ཐོག་ཏོག་ཆེན་པོ།རིན་ཆེ་ཏོགཕོ་བྲང་པོ་ཏ་ལར་བཞུགས་པའི་དགས་ལྡན་ཕུན་ཚོགས་གླིང་གི་སྤར་མ།ཤོག་གྲངས།80

[14]རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ།ངག་དབང་བློ་བཟང་རྒྱ་མཚོས།ཀྲུང་གོའི་བོད་རིག་པ་དཔེ་བསྐྲུན་ཁང་།ཤོག་གྲངས་2352009ལོ།

[15]རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ།པོད་དྲུག་པ།ངག་དབང་བློ་བཟང་རྒྱ་མཚོས།ཀྲུང་གོའི་བོད་རིག་པ་དཔེ་བསྐྲུན་ཁང་།ཤོག་གྲངས་172009ལོ།

[16]དགའ་ལྡན་ཕུན་ཚོགས་གླིང་གི་པར་ཐོ་བཞུགས་སོ།དགའ་ལྡན་ཕུན་ཚོགས་གླིང་གི་པར་མ།ཕོ་བྲང་པོ་ཏ་ལའི་དཔེ་མཛོད་ཁང་།

[17]རྒྱལ་བསྟན་གྲུབ་མཐའ་རིས་མེད་ཀྱི་ཆོས་འབྱུང་མདོར་བསྡུས།ཀུན་བཟང་རང་གྲོལ།མི་རིགས་དཔེ་བསྐྲུན་ཁང་།1990ལོ་ཟླ་བ་8

རྩོམ་པ་པོའི་ངོ་སྤྲོད།

འཇད་པ་དཔལ་ལྡན་ཚེ་རིང་།ཕ་ཡུལ་བོད་ལྗོངས་བཞད་མཐོང་སྨོན།  ད་ལྟ་་ཕོ་བྲང་པོ་ཏ་ལར་རིག་དངོས་བདག་གཉེར་དང་ཞིབ་འཇུག་ལས་ཀ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།