མངོན་པ་མཛོད་ལུགས་ཀྱི་ཀུན་སློང་གི་རྣམ་གཞག་ལ་དཔྱད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-06-23 10:46:45     རྩོམ་པ་པོ།   རྨོག་ཐང་དཀར།    ཀློག་ཐེངས།  

དེ་ཡང་འཇམ་དཔལ་རྩ་བའི་རྒྱུད་ལས། དེ་འོག་རྣམ་པར་གྲགས་པ་ནི།། ལྷོ་ཡི་ཕྱོགས་སུ་བྲམ་ཟེ་ནི།། ཡི་གེ་དང་པོ་བ་བསྟན་པ།། སངས་རྒྱས་བསྟན་ལ་དེ་གཙོ་བྱེད།། ཅེས་ལུང་བསྟན་པ་བཞིན་དུ་བདེ་བར་གཤེགས་པ་མྱ་ངན་ལས་འདས་ནས་ལོ་སྟོང་དུ་ཉེ་བ་ན་རིག་པའི་གནས་མ་ལུས་པ་ཐུགས་སུ་ཆུད་ཅིང་རང་དང་གཞན་གྱི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པས་ཐུབ་པའི་གསུང་རབ་མ་ལུས་པའི་མིག་གཅིག་པུར་གྱུར་པ་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱི་ཞབས་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ།།

དེ་ལྟར་འདུད་པ་སྔོན་དུ་བཏང་ནས་དེ་ལ་འདིར་དེ་ཉིད་ཀྱིས་མཛད་པའི་མངོན་པ་མཛོད་རྩའི་གནས་བཞི་པ་ལས། འདོད་པ་ན་ཡང་བསྒྲིབས་པ་མེད།། གང་ཕྱིར་ཀུན་སློང་མེད་ཅེས་པའི་དོགས་གཅོད་དུ་ཡང་རྩ་བ་ལས། ཀུན་སློང་རྣམ་གཉིས་རྒྱུ་དང་ནི།། ཞེས་པ་ནས་རྣམ་སྨིན་ལས་སྐྱེས་གཉིས་ཀ་མིན།། ཞེས་པའི་བར་འབྱུང་ལ། དེ་དག་གིས་བསྟན་པའི་ཀུན་སློང་གི་རྣམ་གཞག་ལ་ཅུང་ཟད་དཔྱད་པར་བྱ་བ་ལ། སྤྱིར་ཀུན་སློང་གི་ངོ་བོ་ནི། ཆོས་དེ་མངོན་པར་འདུ་བྱེད་པའི་མཚུངས་ལྡན་དེའོ།། དེ་ལ་དབྱེ་ན།མཛོད་རྩ་བ་ལས། ཀུན་སློང་རྣམ་གཉིས་རྒྱུ་དང་ནི།། དེ་ཡི་དུས་ཀྱི་སློང་ཞེས་བྱ།། གཉིས་ལས་དང་པོ་རབ་འཇུག་བྱེད།། གཉིས་པ་རྗེས་སུ་འཇུག་བྱེད་ཡིན།། ཞེས་པ་ལྟར་རྒྱུའི་ཀུན་སློང་དང་དེ་དུས་ཀྱི་ཀུན་སློང་སྟེ་གཉིས་སོ།། དེ་དག་ནི་རིམ་བཞིན་རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་ཡིན་ནོ།།

ཁ་ཅིག་ཀུན་སློང་གི་མཚན་ཉིད་ལ་ལུས་ངག་གང་རུང་གི་ལས་ཀུན་ནས་སློང་བར་བྱེད་པའི་མཚུངས་ལྡན་ནམ་སེམས་བྱུང་ཟེར་ཡ་སོགས་མང་དུ་འདུག་ཀྱང་དེ་དག་མི་འཐད་དེ། ཀུན་སློང་གི་བསླང་བྱའི་ཆོས་ལ་ལུས་ངག་གང་རུང་གི་ལས་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། འདུ་ཤེས་མེད་པའི་སྙོམས་འཇུག་དང་འགོག་པའི་སྙོམས་འཇུག་གཉིས་ཀུན་སློང་གི་བསླང་བྱའི་ཆོས་ཡིན་ཡང་ལུས་ངག་གང་གིའང་ལས་མ་ཡིན་པའི་ཕྱིར། སེམས་མེད་སྙོམས་འཇུག་གཉིས་ཀུན་སློང་གི་བསླང་བྱའི་ཆོས་ཡིན་པར་ཐལ། དེ་གཉིས་ཀུན་སློང་གི་དགེ་བ་ཡིན་པའི་ཕྱིར་ཏེ། མཛོད་རྩ་བ་ལས། དེ་བཞིན་འདུ་ཤེས་མེད་སྙོམས་འཇུག། བསམ་གཏན་ཐ་མར་འབྱུང་འདོད་པས།། དགེ་བའོ་ཞེས་དང་། འགོག་པ་ཞེས་པའང་དེ་བཞིན་ཉིད།། འདི་གནས་དོན་དུ་སྲིད་རྩེར་སྐྱེས།། དགེ་བའོ་ཞེས་གསུངས་པ་དང་། མཛོད་རང་འགྲེལ་ལས་ཀྱང་། འདི་ལ་ངེས་པར་འབྱུང་བར་སེམས་ཏེ། དེའི་ཕྱིར་ཐར་པར་འདོད་པས་སྙོམས་པར་འཇུག་གོ། ཞེས་དང་། ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་འདི་ལ་སྙོམས་པར་འཇུག་གི   དེ་ལ་ནི་ངེས་པར་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བས་སོ།། ཞེས་སོ།། མཛོད་འགྲེལ་མངོན་པའི་རྒྱན་ལས་ཀྱང་དེ་དག་ཀུན་སློང་གི་དགེ་བར་གསུངས་པའི་ཕྱིར་རོ།། རྒྱུའི་ཀུན་སློང་གི་ངོ་བོ་ནི། བསླང་བྱའི་ཆོས་དེའི་སྔ་ལོགས་སུ་བྱུང་བའི་ཆོས་དེ་མངོན་པར་འདུ་བྱེད་པའི་མཚུངས་ལྡན་དེའོ།། དེ་ལ་དབྱེ་ན། ཉེ་བའི་ཀུན་སློང་དང་རིང་བའི་ཀུན་སློང་སྟེ་གཉིས་ཡོད་ལ། དེ་དག་ནི་རིམ་བཞིན་དངོས་ཀྱི་ཀུན་སློང་དང་བརྒྱུད་པའི་ཀུན་སློང་དུ་རྣམ་པར་འཇོག་གོ། དེ་དུས་ཀྱི་ཀུན་སློང་གི་ངོ་བོ་ནི། བསླང་བྱའི་ཆོས་དེ་དང་དུས་མཉམ་པའི་ཆོས་དེ་དང་མཐུན་པར་འཇུག་པའི་མཚུངས་ལྡན་དེའོ།།  ཀུན་སློང་གི་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་སོགས་འཇོག་པའི་ཚེ་ཀུན་སློང་གཉིས་པོ་གང་གི་སྟོབས་ཀྱིས་འཇོག་ཟེར་ན། དེ་ནི་ཀུན་སློང་གཉིས་པོ་སྤང་བྱ་རིས་གཅིག་ཡིན་མིན་ལ་དཔྱད་དེ་རིས་གཅིག་པ་ལ་རྒྱུའི་ཀུན་སློང་གཙོ་ཆེ་བ་དང་། རིས་མི་གཅིག་པ་ལ་དེ་དུས་ཀྱི་ཀུན་སློང་གཙོ་ཆེ་བར་འཇོག་དགོས་པའི་ཕྱིར་རོ།། དེ་ཡང་མཛོད་འགྲེལ་མངོན་པའི་རྒྱན་ལས། ཀུན་སློང་གི་བསམ་པ་དེ་དག་མཐོང་སྤང་དང་སྒོམ་སྤང་རིགས་ཐ་དད་ན་དུས་ཀྱི་ཀུན་སློང་གཙོ་བོར་འགྱུར་གྱི་རིས་གཅིག་པ་ལ་ནི་རྒྱུའི་ཀུན་སློང་ཉིད་གཙོ་བོ་ཡིན་པའི་ཕྱིར་དེ་ལྟར་ཐལ་བ་མེད་དོ་ཞེས་ལན་འདེབས་པར་བྱེད་དོ།། ཞེས་གསུངས་སོ།། དེ་ལྟར་འདོད་པ་ལ་ཁ་ཅིག་ན་རེ།  རྒྱུའི་ཀུན་སློང་སྙིང་རྗེས་བྱས་ཤིང་དུས་ཀྱི་ཀུན་སློང་གསོད་སེམས་ཀྱིས་བྱས་པའི་རང་གི་མ་སྲོག་བཅད་པའི་ལས་དེ་ཆོས་ཅན། རང་ཉིད་དགེ་སོགས་གང་ཡིན་རྒྱུའི་ཀུན་སློང་གཙོ་ཆེར་བྱེད་དགོས་པར་ཐལ། རང་གི་ཀུན་སློང་གཉིས་པོ་སྒོམ་སྤང་ཡིན་པ་ལ་རིགས་མཐུན་པའི་ཕྱིར།   འདོད་ན་དེ་འདྲའི་ལས་དེ་ཆོས་ཅན།  དགེ་བ་ཡིན་པར་ཐལ།  རང་གི་རྒྱུའི་ཀུན་སློང་དགེ་བ་གང་ཞིག  དེ་གཙོ་ཆེ་བའི་ཕྱིར་ཞེས་ཐལ་བ་འཕེན་ཡང་སྐྱོན་དུ་ཐལ་བ་མེད་དེ། སྤྱིར་རྒྱུའི་ཀུན་སློང་ལ་དངོས་ཀྱི་ཀུན་སློང་དང་བརྒྱུད་པའི་ཀུན་སློང་གཉིས་ཡོད་པ་བཞིན་ལས་དེའི་རྒྱུའི་ཀུན་སློང་ལའང་གཉིས་ཡོད་པར་འདོད་ལ། དེ་ལྟ་ན་ལས་དེའི་རྒྱུའི་ཀུན་སློང་གི་ནང་གསེས་བརྒྱུད་པའི་ཀུན་སློང་སྙིང་རྗེ་ཡིན་ཡང་དངོས་ཀྱི་ཀུན་སློང་ལ་ཀུན་སློང་སྤྱི་ཞུགས་སམ་གསོད་སེམས་བྱེ་བྲག་པ་གང་རུང་བ་ངེས་པར་ཡོད་པས་དེ་དང་དུས་ཀྱི་ཀུན་སློང་སྒོམ་སྤང་ཡིན་པ་ལ་རིགས་མཐུན་པས་རྒྱུའི་ཀུན་སློང་གཙོ་ཆེ་བས་ཀུན་སློང་གི་མི་དགེ་བར་འཇོག་རིགས་པ་ཡིན་ནོ།། འདིར་ཀུན་སློང་གཙོ་ཆེ་མི་ཆེ་ཞེས་པའང་ཀུན་སློང་དེ་བསླང་བྱའི་ཆོས་དེ་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་གང་རུང་དུ་འཇོག་བྱེད་ཡིན་མིན་ལས་གཞན་དུ་ཟད་དོ།།  ཀུན་སློང་གི་ཆོས་གང་ཡིན་ཡང་རང་ཉིད་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་དུ་འཇོག་པ་ལ་སྤང་བྱ་རིས་གཅིག་པ་ལ་རྒྱུའི་ཀུན་སློང་གཙོ་ཆེ་ཡང་སྤང་བྱ་རིགས་མི་མཐུན་པའི་ཀུན་སློང་གིས་བར་དུ་ཆོད་པ་ལ་རབ་ཏུ་འཇུག་བྱེད་གཙོ་མི་ཆེ་བའི་སྒྲུབ་བྱེད་ནི་འདི་ཡིན་ཏེ།  མཛོད་རང་འགྲེལ་ལས།  རབ་ཏུ་འཇུག་པར་བྱེད་པ་ཇི་ལྟ་བར་རྣམ་པར་རིག་བྱེད་ཀྱང་དེ་དང་འདྲ་མོད་ཀྱི་བསྒོམ་པས་སྤང་བར་བྱ་བས་བར་དུ་གཅོད་པའི་ཕྱིར་མཐོང་བས་སྤང་བར་བྱ་བ་ཇི་ལྟ་བ་བཞིན་ནི་མ་ཡིན་ནོ།། ཞེས་གསུངས་པ་དང་།  དེའི་ཐད་ཀྱི་རྒྱལ་སྲས་གྲགས་བཤེས་ཀྱིས་མཛད་པའི་མཛོད་ཀྱི་འགྲེལ་བར། རབ་ཏུ་འཇུག་པར་བྱེད་པ་ཇི་ལྟ་བར་ཞེས་བྱ་བར་རྒྱས་པར་འབྱུང་བ་ནི་རབ་ཏུ་འཇུག་པར་བྱེད་པའི་སེམས་མཐོང་བས་སྤང་བར་བྱ་བ་དེ་ནི་རབ་ཏུ་འཇུག་པར་བྱེད་པ་བསྒོམ་པས་སྤང་པར་བྱ་བས་བར་དུ་ཆོད་པ་ཡིན་ནོ།། ཞེས་དང་།  ཡང་དེ་ཉིད་ལས།  དེའི་ཕྱིར་རབ་ཏུ་འཇུག་པར་བྱེད་པ་ཇི་ལྟ་བར་རྒྱས་པར་སྨྲོས་པ་ཡིན་ཏེ། དེ་ལྟར་ན་རབ་ཏུ་འཇུག་པར་བྱེད་པ་མཐོང་བས་སྤང་བར་བྱ་བའི་འོག་ཏུ་གདོན་མི་ཟ་བར་རབ་ཏུ་འཇུག་པར་བྱེད་པ་བསྒོམ་པས་སྤང་བར་བྱ་བ་དགེ་བའམ་ལུང་དུ་མ་བསྟན་པ་ཁོ་ན་འབྱུང་ལ། དེའི་དབང་གིས་ན་རྣམ་པར་རིག་བྱེད་དགེ་བ་ཉིད་ཡིན་ནོ།། ཞེས་སོགས་གསུངས་པའི་ཕྱིར་རོ།།  ལུང་རྗེས་མ་འདིས་རྒྱུའི་ཀུན་སློང་ལ་དངོས་ཀྱི་ཀུན་སློང་དང་བརྒྱུད་པའི་ཀུན་སློང་ངམ་ཉེ་བའི་ཀུན་སློང་དང་རིང་བའི་ཀུན་སློང་གཉིས་ཡོད་པའང་གྲུབ་སྟེ། རབ་ཏུ་འཇུག་པར་བྱེད་པ་ནི་རྒྱུའི་ཀུན་སློང་དང་རྣམ་གྲངས་སུ་བཤད་པ་གང་ཞིག ཀུན་སློང་གཉིས་པོ་སྤང་བྱ་རིས་མི་གཅིག་པ་ལ་རབ་ཏུ་འཇུག་བྱེད་མཐོང་སྤང་གི་འོག་ཏུ་ངེས་པར་རབ་ཏུ་འཇུག་བྱེད་སྒོམ་སྤང་འབྱུང་ལ། ཀུན་སློང་དེའི་དབང་གིས་དགེ་སོགས་སུ་འཇོག་དགོས་པར་གསུངས་པའི་ཕྱིར་རོ།།

གཞན་ཡང་།  རྒྱུའི་ཀུན་སློང་གཙོ་ཆེར་བྱེད་ན་འདོད་ཁམས་སུ་བསྒྲིབས་པའི་རིག་བྱེད་ཀྱི་གཟུགས་ཡོད་པར་ཐལ་ཏེ། འདོད་པའི་ལུང་མ་བསྟན་གྱིས་རྒྱུའི་ཀུན་སློང་བྱེད་པ་ཡོད་པའི་ཕྱིར།  འདོད་ན་མཛོད་རྩ་བ་ལས། འདོད་པ་ན་ཡང་བསྒྲིབས་པ་མེད།། གང་ཕྱིར་ཀུན་སློང་མེད་ཅེས་གསུངས་པ་དང་འགལ་བའི་ཕྱིར་རོ།། ཞེས་པའི་ཐལ་བ་ཚུར་འཕངས་པ་ལ་མཛོད་ཀྱི་དགོངས་དོན་འདི་སྙམ་པའི་ལན་འདེབས་པར་བྱེད་དགོས་ཏེ། སྤྱིར་ཀུན་སློང་གཉིས་པོ་གཙོ་མི་གཙོ་ལ་དཔྱད་པ་ནི་ཀུན་སློང་གི་ཆོས་དེ་དག་དགེ་མི་དགེ་ལུང་མ་བསྟན་གང་ཡིན་ཀུན་སློང་གཉིས་པོ་གང་གི་སྟོབས་ཀྱིས་འཇོག་མིན་བརྟག་པ་དེ་ལས། ཀུན་སློང་གི་ཆོས་དེ་འདོད་པ་དང་གཟུགས་གཟུགས་མེད་གང་གི་སས་བསྡུས་ཡིན་མིན་ནི་དེའི་ཀུན་སློང་གཉིས་པོ་གང་གཙོ་མི་གཙོ་ལ་བརྟག་པ་མ་ཡིན་ནོ།།  དེ་ལས་འཕྲོས་པའི་དོན་དུ། མཛོད་རྩ་བ་ལས། འདོད་པ་ན་ཡང་བསྒྲིབས་པ་མེད།། གང་ཕྱིར་ཀུན་སློང་མེད་ཅེས་པས་འདོད་པ་ན་བསྒྲིབས་པའི་རིག་བྱེད་ཀྱི་གཟུགས་མེད་པའི་རྒྱུ་མཚན་དེའི་ཀུན་སློང་མེད་པར་གསུངས་པ་དང་། དེའི་དོགས་གཅོད་དུའང་མཛོད་རྩ་བ་ལས། ཀུན་སློང་རྣམ་གཉིས་རྒྱུ་དང་ནི།། དེ་ཡི་དུས་ཀྱི་སློང་ཞེས་བྱ།། ཞེས་པས་ཀུན་སློང་ལ་དབྱེ་ན་གཉིས་ཡོད་པ་ལས། འདོད་པ་ན་བསྒྲིབས་པའི་རིག་བྱེད་ཀྱི་དུས་ཀྱི་ཀུན་སློང་མེད་པར་བསྟན་པ་ལས་རྒྱུའི་ཀུན་སློང་མེད་པར་གསུངས་པ་ནི་མ་ཡིན་ཏེ། རྩ་བ་དེའི་ཐད་ཀྱི་མཛོད་འགྲེལ་མངོན་པའི་རྒྱན་ལས། འདོད་ཁམས་ན་བསྒྲིབས་པའི་རིག་བྱེད་ཀྱི་ཀུན་སློང་མེད་པར་བཤད་པ་ནི་དུས་ཀྱི་ཀུན་སློང་གི་དབང་དུ་མཛད་པ་ཡིན་ཏེ། དེས་ན་འདོད་པའི་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་བསྒྲིབས་ལ་ལུང་མ་བསྟན་མཐོང་སྤང་གིས་རིག་བྱེད་ཀྱི་རྒྱུའི་ཀུན་སློང་བྱེད་ཀྱང་དུས་ཀྱི་ཀུན་སློང་ནི་སྒོམ་སྤང་གི་རྣམ་ཤེས་ཁོ་ན་ལ་ལྟོས། སྒོམ་སྤང་གི་རྣམ་ཤེས་བསྒྲིབས་པའང་འདོད་པ་ན་མེད་པའི་ཕྱིར་འདོད་པ་ན་བསྒྲིབས་པའི་རིག་བྱེད་མེད་དོ་ཞེས་བྱ་བ་ཡིན་ནོ།། ཞེས་གསུངས་པའི་ཕྱིར་རོ།། སློབ་དཔོན་གང་སྤེལ་གྱི་འགྲེལ་བཤད་ལས། མཐོང་བས་སྤང་བར་བྱ་བ་ཁོ་ནས་རབ་ཏུ་འཇུག་པར་བྱེད་པ་ནི་མ་ཡིན་ནོ།། ཞེས་དང་། ཡང་དེ་ཉིད་ལས། གང་ཕྱིར་རབ་ཏུ་འཇུག་པར་བྱེད་པ་མཐོང་བས་སྤང་བར་བྱ་བ་ལ། རབ་ཏུ་འཇུག་པར་བྱེད་པ་བསྒོམ་པས་སྤང་བར་བྱ་བས་བར་དུ་ཆོད་པ་དེའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཇི་ལྟ་བ་དེ་ལྟར་རྣམ་པར་རིག་བྱེད་ཡིན་གྱི། མཐོང་བས་སྤང་བར་བྱ་བ་ཇི་ལྟ་བར་ནི་མ་ཡིན་ནོ།། ཞེས་གསུངས་པས་སོ།།

མདོར་ན་འདོད་ཁམས་ན་བསྒྲིབས་པའི་རིག་བྱེད་མེད་ཀྱང་དེའི་རྒྱུའི་ཀུན་སློང་ཡང་ཡིན་འདོད་པའི་སས་བསྡུས་ཀྱང་ཡིན་པའི་གཞི་མཐུན་དུ་གྱུར་པ་ཞིག་ཡོད་ཀྱང་དུས་ཀྱི་ཀུན་སློང་མེད་པས་འདོད་པ་ན་བསྒྲིབས་པའི་རིག་བྱེད་མེད་པར་འདོད་དགོས་པ་ཡིན་ཏེ།  མཛོད་རང་འགྲེལ་ལས། འཕངས་སུ་ཟིན་ཀྱང་དེ་མེད་ན་ཤི་བ་བཞིན་དུ་དེ་ཡོད་པར་མི་འགྱུར་རོ།། ཞེས་གསུངས་སོ།།  ས་དེ་བསྡུས་ཀྱི་བསྒྲིབས་པའི་རིག་བྱེད་ཡོད་པ་ལ་ས་དེ་ན་དེའི་ཀུན་སློང་མཐའ་དག་ཡོད་དགོས་པ་མིན་ཏེ། འདོད་པའི་བསྒྲིབས་པའི་འཇིག་མཐར་གཉིས་དང་མཚུངས་ལྡན་དང་བཅས་པ་ནི་མཐོང་སྤང་ཡིན་པས་ཁ་ནང་དུ་ལྟ་བ་ཡིན་པས་རིག་བྱེད་ཀུན་ནས་སློང་བ་མ་ཡིན་པའི་ཕྱིར་རོ།། དེ་ལྟར་ཡང་མཛོད་འགྲེལ་མངོན་པའི་རྒྱན་ལས། འདི་ལྟར་འདོད་པ་ན་ལྟ་བ་དང་པོ་གཉིས་མཚུངས་ལྡན་དང་བཅས་པ་བསྒྲིབས་ལ་ལུང་མ་བསྟན་ཡོད་མོད་ཀྱི་དེ་དག་ནི་མཐོང་སྤང་ཡིན་པས། ཁ་ནང་དུ་ལྟས་པའི་ཕྱིར་རིག་བྱེད་ཀུན་ནས་སློང་བ་མ་ཡིན་ནོ།། དེའི་ཕྱིར་བསྒྲིབས་པའི་ལུས་ངག་གི་རིག་བྱེད་ནི་ཚངས་པ་ཆེན་པོས་གཡོ་སྒྱུས་ཀུན་ནས་བསླངས་ནས་ངག་སྨྲ་བ་ལ་སོགས་པ་བྱེད་པས་བསམ་གཏན་དང་པོ་ཁོ་ན་ན་ཡོད་དོ།། ཞེས་སོ།། ས་གཞན་གྱི་ཀུན་སློང་གིས་ས་གཞན་གྱི་ཆོས་ཀྱི་ཀུན་སློང་བྱེད་པ་ཡོད་པའི་ཕྱིར་ཏེ།  བསམ་གཏན་གཉིས་པ་ཡན་ཆད་དུ་ཀུན་སློང་གི་ཆོས་ཡོད་ཀྱང་ས་དེ་བསྡུས་ཀྱི་ཀུན་སློང་མེད་པ་གང་ཞིག སྤྱིར་དེ་དག་ལ་ཀུན་སློང་མེད་ན་ཀུན་སློང་གི་ཆོས་ཡིན་པའང་མི་གྲུབ་ཅིང་། ཟག་མེད་རྣམས་ནི་ཀུན་སློང་མ་ཡིན་པས།  དེ་དག་གི་ཀུན་སློང་ལ་ས་གཞན་གྱི་ཀུན་སློང་འཇོག་པ་ལས་འོས་མེད་པའི་ཕྱིར། གང་ཞིག་གྲུབ་སྟེ་ས་དེ་དག་ན་བསམ་གཏན་གྱི་སྡོམ་པ་ཡོད་པའི་ཕྱིར་དང་ས་དེ་དག་རྟོག་དཔྱོད་སྤང་བའི་ས་པ་ཡིན་པའི་ཕྱིར་རོ།། ཁྱབ་སྟེ། ཀུན་སློང་ལ་རྟོག་དཔྱོད་དང་བཅས་པ་དགོས་པའི་ཕྱིར་ཏེ། རྒྱལ་སྲས་གྲགས་བཤེས་ཀྱི་མཛོད་ཀྱི་འགྲེལ་བཤད་ལས། ཇི་ལྟར་དེ་རབ་ཏུ་འཇུག་པར་བྱེད་པ་ཡིན་ཞེ་ན་ཀུན་ནས་སློང་བར་བྱེད་པ་རྟོག་པ་དང་དཔྱོད་པ་དག་གི་གཞིར་གྱུར་ཅིང་རྒྱུར་གྱུར་པའི་ཕྱིར་རྣམ་པར་རིག་བྱེད་རབ་ཏུ་འཇུག་པར་བྱེད་པ་ཡིན་ནོ།། ཞེས་སོ།། བསམ་གཏན་གཉིས་པ་ཡན་ཆད་ན་ཀུན་སློང་མེད་པ་ལུང་གིས་ཀྱང་གྲུབ་སྟེ། མཛོད་རང་འགྲེལ་ལས།  རྟོག་པ་དང་དཔྱོད་པ་དང་བཅས་པའི་སེམས་ཀྱིས་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་ན།  དེ་ཡང་བསམ་གཏན་གཉིས་པ་ལ་སོགས་པ་དག་ན་མེད་དོ།།    དེ་བཞིན་དུ་མཛོད་འགྲེལ་མངོན་པའི་རྒྱན་ལས། ལུས་ངག་གི་རིག་བྱེད་ནི་གཉིས་པ་ཡན་ཆད་ན་ཀུན་སློང་མེད་པས་རྟོག་དཔྱོད་དང་བཅས་པའི་ས་འདོད་པ་དང་བསམ་གཏན་དང་པོ་དག་ཁོ་ན་ན་ཡོད་ཀྱི། ཞེས་གསུངས་པའི་ཕྱིར་རོ།། གཉིས་པ་གྲུབ་སྟེ་ཟག་མེད་རྣམས་ནི་སྤྱིར་ཀུན་སློང་གཉིས་ཀ་མིན་པའི་མུ་ཡིན་པའི་ཕྱིར་ཏེ། མཛོད་རང་འགྲེལ་ལས། དེ་ལྟ་བས་ན་འདི་ནི་མུ་བཞིར་འགྱུར་ཏེ། མཐོང་བས་སྤང་བར་བྱ་བའི་སེམས་ནི་རབ་ཏུ་འཇུག་པར་བྱེད་པ་ཁོ་ན་ཡིན་ནོ།། རྣམ་པར་ཤེས་པའི་ཚོགས་ལྔ་ནི་རྗེས་སུ་འཇུག་པར་བྱེད་པ་ཁོ་ན་ཡིན་ནོ།། ཡིད་ཀྱི་རྣམ་པར་ཤེས་པ་བསྒོམ་པས་སྤང་བར་བྱ་བ་ནི་གཉིས་ཀ་ཡིན་ནོ།། ཟག་པ་མེད་པ་ནི་གཉིས་ཀ་མ་ཡིན་ནོ།། ཞེས་གསུངས་པའི་ཕྱིར་རོ།། དེ་བཞིན་དུ་རྒྱལ་སྲས་གྲགས་བཤེས་ཀྱི་མཛོད་ཀྱི་འགྲེལ་བཤད་ལས། ཟག་པ་མེད་པ་ནི་གཉིས་ཀ་མ་ཡིན་ནོ་ཞེས་བྱ་བ་ནི་རབ་ཏུ་འཇུག་པར་བྱེད་པ་ཡང་མ་ཡིན་ལ་རྗེས་སུ་འཇུག་པར་བྱེད་པ་ཡང་མ་ཡིན་པ་སྟེ། མཉམ་པར་གཞག་པ་ནི་ཁ་ནང་དུ་བལྟས་ཏེ་འཇུག་པའི་ཕྱིར་རོ།། ཞེས་སོ།། གཞན་ཡང་རྣམ་སྨིན་ལས་སྐྱེས་གཉིས་ཀ་མིན།། ཞེས་པའི་ཐད་ཀྱི་མཛོད་འགྲེལ་མངོན་པའི་རྒྱན་ལས། རྣམ་པར་སྨིན་པ་ལས་སྐྱེས་པའི་སེམས་ནི་མངོན་པར་འདུ་བྱེད་པ་མེད་པར་ངང་གིས་འཇུག་པའི་ཕྱིར་དང་། ཀུན་སློང་ཡང་འདུ་བྱེད་པ་ཡིན་པའི་ཕྱིར་རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་གཉིས་ཀ་མིན་ལ། དེ་བཞིན་དུ་ཟག་མེད་ཀྱི་སེམས་ཀྱང་མི་རྟོག་ཅིང་ནང་དུ་མཉམ་པར་བཞག་པའི་ཕྱིར་གཉིས་ཀ་མ་ཡིན་ནོ།། ཞེས་གསུངས་པའི་ཕྱིར་རོ།།  ཁ་ཅིག་ཆོས་དེའི་ཀུན་སློང་ལ་ཆོས་དེའི་སྐལ་མཉམ་གྱི་རྒྱུ་ཡིན་དགོས་པར་འདོད་ཀྱང་དེ་ནི་རིགས་པ་མ་ཡིན་ཏེ། སོར་སྡོམ་གྱི་དུས་ཀྱི་ཀུན་སློང་ཆོས་ཅན། སོར་སྡོམ་གྱི་སྐལ་མཉམ་གྱི་རྒྱུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན་སོར་སྡོམ་གྱི་ལྔ་ལོགས་སུ་བྱུང་བ་ཡིན་པར་ཐལ། སོར་སྡོམ་གྱི་སྐལ་མཉམ་གྱི་རྒྱུ་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་རྩ་བ་ལས། སྐལ་མཉམ་རྒྱུ་ནི་འདྲ་བའོ།། རང་རིས་ས་པའོ་སྔར་སྐྱེས་རྣམས།། ཞེས་གསུངས་པའི་ཕྱིར། འདོད་ནའང་མི་འཐད་དེ། སོར་སྡོམ་གྱི་དུས་ཀྱི་ཀུན་སློང་ནི་སོར་སྡོམ་དང་དུས་མཉམ་ཡིན་དགོས་པའི་ཕྱིར། དེར་ཐལ། མཛོད་རང་འགྲེལ་ལས། ཀུན་ནས་སློང་བ་ནི་རྣམ་པ་གཉིས་ཏེ། རྒྱུའི་ཀུན་ནས་སློང་བ་དང་དེ་དུས་ཀྱི་ཀུན་ནས་སློང་བ་སྟེ། དེ་དུས་ཁོ་ན་ན་དེ་ཡོད་པའི་ཕྱིར་རོ།།  མཛོད་འགྲེལ་མངོན་པའི་རྒྱན་ལས། དུས་ཀྱི་ཀུན་སློང་ནི་ལས་བྱ་བའི་དུས་སུ་མཐུན་པར་བྱེད་པའི་ཕྱིར་རྗེས་སུ་འཇུག་པར་བྱེད་པ་ཡིན་ནོ།། ཞེས་གསུངས་པའི་ཕྱིར། གཞན་ཡང་དམ་བཅའ་སྔ་མ་དེ་ལ། བསམ་གཏན་གཉིས་པ་ཡན་ཆད་ཀྱི་བསམ་གཏན་གྱི་སྡོམ་པ་ཆོས་ཅན། ཁྱོད་ལ་ཀུན་སློང་གཉིས་པོ་གང་ཡང་མེད་པར་ཐལ། ཁྱོད་ཀྱི་སྐལ་མཉམ་གྱི་རྒྱུར་གྱུར་པའི་རྟོག་དཔྱོད་དང་བཅས་པའི་མཚུངས་ལྡན་མེད་པའི་ཕྱིར། དེར་ཐལ། ཁྱོད་ཟག་བཅས་ཡིན་པས་ཁྱོད་ཀྱི་སྐལ་མཉམ་གྱི་རྒྱུ་ཡིན་པ་ལ་ཁྱོད་དང་ས་པ་གཅིག་ཡིན་དགོས་པ་གང་ཞིག  ཁྱོད་རྟོག་དཔྱོད་སྤང་པའི་སས་བསྡུས་ཡིན་པའི་ཕྱིར་རོ།། བསམ་གཏན་གཉིས་པ་ཡན་ཆད་ན་རྟོག་དཔྱོད་མེད་དེ། མཛོད་རྩ་བ་ལས། རྟོག་པའང་བསམ་གཏན་ཁྱད་པར་ཅན།། དེ་ཡི་གོང་ན་དཔྱོད་པ་ཡང་།། ཞེས་དང་། མཛོད་རང་འགྲེལ་ལས། བསམ་གཏན་ཁྱད་པར་ཅན་ལས་གོང་མ་བསམ་གཏན་གཉིས་པ་ལ་སོགས་པ་དང་། གཟུགས་མེད་པ་དག་ན་ནི་ཇི་སྐད་རྟོག་པ་དང་། དཔྱོད་པ་ཡང་མེད་དོ།། ཞེས་གསུངས་པ་སོགས། མཛོད་རྩ་འགྲེལ་གོང་འོག་ཀུན་ཏུ་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་ན་རྟོག་པ་ཡོད་ཀྱང་བསམ་གཏན་ཁྱད་པར་ཅན་ན་མེད་པ་དང་། དཔྱོད་པ་ནི་བསམ་གཏན་དངོས་གཞི་ཁྱད་པར་ཅན་ན་ཡོད་ཀྱང་དེ་ཡི་གོང་མ་བསམ་གཏན་གཉིས་པ་ཡན་ཆད་དུ་མེད་པར་གསུངས་པའི་ཕྱིར་རོ།།

ཅེས་པ་འདི་ནི་བོད་རབ་རྒྱན་མེ་བྱ་ལོའི་ཁྲུམས་སྟོད་ཟླ་བའི་ཡར་ངོས་གཟའ་ཉི་མའི་ཉིན་ཞིག་ལ་རྨོག་ཐང་དཀར་རམ་བྱང་རྡོར་གྱིས་དཔྱད་པའི་གཞི་ཙམ་དུ་འཕྲལ་མར་སྦྱར་བའོ།།

                རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།