སྡེ་སྲིད་སངས་རྒྱས་རྒྱ་མཚོ་རྒྱལ་དབང་ལྔ་པའི་རིགས་སྲས་ཡིན་མིན་ལ་དཔྱད་པ་ངེས་དོན་གཏམ་གྱི་བདེན་དབང་ཞེས་བྱ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-25 08:07:17     རྩོམ་པ་པོ།   འཇིགས་མེད་བསམ་འགྲུབ།    ཀློག་ཐེངས།  

སྡེ་སྲིད་སངས་རྒྱས་རྒྱ་མཚོ་རྒྱལ་དབང་ལྔ་པའི་རིགས་སྲས་ཡིན་མིན་ལ་དཔྱད་པ་ངེས་དོན་གཏམ་གྱི་བདེན་དབང་ཞེས་བྱ་བ།

 དེ་ཡང་ཏཱ་ལས་བླ་མ་སྐུ་ཕྲེང་ལྔ་བ་མཆོག་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དགུང་ལོ་བརྒྱད་པས་དུས་ནས་བཟུང་རང་གི་མིག་འབྲས་བཞིན་དུ་བསྐྱངས།རིམ་གྱིས་ཁོང་ཉིད་དང་།སངས་རྒྱས་རྒྱ་མཚོའི་མེས་པོ་གྲོང་སྨད་པ་སྡེ་སྲིད་ཕྲིན་ལས་རྒྱ་མཚོ།མཁས་དབང་དཔལ་ལྡན་ཕུན་ཚོགས།འདར་མོ་ངག་དབང་ཕུན་ཚོགས་སོགས་མཁས་གྲུབ་དུ་མར་བསྟེན་ནས་རིག་པས་གནས་ཀུན་ལ་གསན་བསམ་དཔྱིས་ཕྱིན་པ་མཛད་དེ་མཁས་པས་ཡང་རྩེར་སོན།ལྷག་པར་དུ་ལྔ་བ་ཆེན་པོས་སངས་རྒྱས་རྒྱ་མཚོ་ཉིད་ལ་མདོ་སྔགས་ཟབ་ཆོས་ཀྱི་རིམ་པ་མཐའ་དག་དང་།ཆབ་སྲིད་སྐྱོང་ལུགས་ལ་སོགས་པའི་སློབ་སྟོན་མང་པོ་དགྱེས་བཞིན་དུ་བསྩལ་བ་རྣམས་ཐུགས་ཀྱི་བུམ་བཟང་དུ་བསྐྱིལ་བ་སོགས།བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐད་ལ་འགྲན་ཟླ་མེད་པའི་མཁས་པའི་ཡང་རྩེར་སོན།

དེ་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དགུང་ལོ་ཉེར་དྲུག་པ་སྤྱི་ལོ་1679ལོར་ཏཱ་ལས་བླ་མ་སྐུ་ཕྲེང་ལྔ་པས་ཁོང་ལ་བོད་ས་གནས་ཀྱི་ཆོས་སྲིད་གཉིས་ཀའི་དབུ་འཛིན་པ་སྡེ་སྲིད་ཞེས་པའི་གོ་གནས་བསྩལ་ཏེ།སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལ་སྡེ་སྲིད་སྔོན་མ་གཞན་རྣམས་དང་མི་འདྲ་བར་དམིགས་གསལ་གྱི་བདག་རྐྱེན་དང་།ཁོང་གིས་གང་མཛད་མཐའ་དག་སྐུ་ཕྲེང་ལྔ་བ་ཉིད་ཀྱིས་མཛད་པ་དང་ཁྱད་པར་མེད་ཚུལ།དེ་འདྲའི་གསལ་བསྒྲགས་ཀྱི་རྩ་ཚིག་ལ་སྐུ་ཕྲེང་ལྔ་བ་མཆོག་གིས་ཕྱག་ཟུང་གིས་རྗེས་སྦྱར་མ་རྩེ་ཕོ་བྲང་ཆེན་པོའི་གསུམ་སྐས་འགོར་སྩལ་བ་སོགས་ཀྱི་གནས་ཚུལ་འདི་དག་ལ་བརྟེན་ནས།ལ་ལ་ཕྲག་དོག་དང་ཞེ་སྡང་རབ་ཏུ་སྐྱེས་ཏེ་སངས་རྒྱས་རྒྱ་མཚོ་ནི་སྐུ་ཕྲེང་ལྔ་བའི་རིགས་སྲས་ཡིན་ཚུལ་སོགས་ཀྱི་འཆལ་གཏམ་མང་དུ་བཟོས།ལྷག་པར་དུ་ཀརྨ་བཀའ་བརྒྱུད་པ་སོགས་ཀྱི་མཁས་པ་སྐོར་ཞིག་གིས་གྲུབ་མཐས་ཕྱོགས་ཞེན་གྱི་དབང་གིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་སྐུ་ཕྲེང་ལྔ་བའི་རིགས་སྲས་ཡིན།སྐུ་ཕྲེང་ལྔ་བ་དགེ་སློང་གི་སྡོམ་པ་མེད།ཁོང་གིས་ལྐོག་ཏུ་གསང་ཡུམ་བཞེས་ཡོད་ཅེས་སོགས་ཀྱི་སྐུར་འདེབས་དང་སྒྲོ་འདོགས་སྣ་ཚོགས་ཀྱི་གཏམ་མང་དུ་བྲིས་ཡོད་པ་དེ་དག་ལ་རྟེན་ནས།ཕྱིས་སུ་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་བརྟག་དཔྱད་མེད་པར་ལ་ལས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་སྐུ་ཕྲེང་ལྔ་བའི་རིགས་སྲས་ཡིན་པར་གྲགས་ཞེས་དང་།ལ་ལས་དེ་འདྲ་གཏན་ནས་མིན་བྱས་པ་ཙམ་ལས།སྒྲུབ་བྱེད་གསལ་པོར་བཀོད་མེད་པས་དེ་འདྲ་ཡིན་མིན་གྱི་སྐོར་ལ་གང་ཟག་འགའ་རེས་ཀྱི་བསམ་བློ་མོག་མོག་པོར་གྱུར་ཡོད།

བཀའ་རྒྱུད་པའི་གྲུབ་མཐའ་འཛིན་པ་རྣམས་ཀྱིས་སྐུ་ཕྲེང་ལྔ་བ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་ཀྱི་བར་ལ་དོན་དག་མེད་པ་ཞིག་ཡོད་པར་བཟོས་ནས་དེ་འདྲའི་སྐུར་འདེབས་དང་སྒྲོ་འདོགས་སྣ་ཚོགས་བྱེད་དགོས་པའི་རྒྱུ་མཚན་ཡང་།དེ་སྔ་སྐུ་ཕྲེང་ལྔ་པས་གྲུབ་མཐའ་བཀའ་བརྒྱུད་པ་ཡིན་པའི་གཙང་པ་སྡེ་སྲིད་ཀྱི་སྲིད་དབང་རྨང་ནས་རྩ་གཏོར་བཏང་སྟེ།གྲུབ་མཐའ་དགེ་ལུགས་པ་ཡིན་པའི་དགའ་ལྡན་ཕོ་བྲང་གི་སྲིད་དབང་དངོས་སུ་བཙུགས་པ་དང་།སྐུ་ཕྲེང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་ཀྱིས་སྔ་ཕྱིར་སྐབས་དེའི་བོད་ཀྱི་ཆེས་མཐོ་བའི་ཆོས་སྲིད་ལུགས་གཉིས་ཀྱི་སྲིད་དབང་བཟུང་ཡོད་སྟབས།བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་པའི་གཙང་པ་སྡེ་སྲིད་ཀྱི་ཕྱོགས་གཏོངས་རྣམས་ཀྱིས།སྐུ་ཕྲེང་ལྔ་བ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་བར་ལ་སྲིད་དབང་འཕྲོག་རྩོད་ཀྱི་ཤ་འཁོན་སློག་རྒྱུའི་སྙིང་ནད་ཟབ་མོ་ཞིག་བཅངས་ཡོད་པའི་རྐྱེན་གྱིས་དེ་འདྲ་སྒྲོ་འདོགས་བྱས་པ་ཞིག་ཡིན།

སྒྲོ་འདོགས་ཀྱི་བཤད་ཚུལ་དེ་དག་ལ་བརྟེན་ནས་དབྱི་ཏ་ལིའི་མཁས་པ་ཏུའི་ཆིས་བྲིས་པའི་དུས་རབ་བར་མའི་བོད་ཀྱི་ལོ་རྒྱུས་》[1]ཞེས་པར།སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་སྐུ་ཕྲེང་ལྔ་བའི་རིགས་སྲས་ཡིན་ཞེས་ཚིག་ཐག་བཅད་ནས་བཤད་ཡོད།དེའི་རྗེས་སུ་འབྲངས་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཝང་ཡའོ་ནས་བྲིས་པའི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐོར་གྱི་བསམ་གཞིགས་རགས་བཤད་》[2]ཞེས་པར་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་སྐུ་ཕྲེང་ལྔ་པའི་རིགས་སྲས་ཡིན་ཞེས་དབྱི་ཏ་ལིའི་མཁས་པ་ཏུའུ་ཆིས་བཤད་ཚུལ་དེ་བསྐྱར་ཟློས་བྱས་ཡོད།ད་དུང་དགེ་རྒན་ཝང་ཡའོ་ཡིས་རྩོམ་ཡིག་དེའི་ནང་དུ་སྐུ་ཕྲེང་ལྔ་བ་པེ་ཅིན་དུ་གོང་མ་ཧྲུན་ཀྲི་མཇལ་བར་ཕེབས་སྐབས།ལྷ་སའི་བྱང་ངོས་ཀྱི་གྲོང་སྨད་པའི་ཁྱིམ་དུ་ཞག་བཞུགས་གནང་སྟེ་གྲོང་སྨད་པའི་བདག་མོའི་གཟིམ་གཡོག་བྱས།ཕྱི་ལོ་བུ་ཞིག་སྐྱེས་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡིནཞེས་བཤད་པ་འདི་ལ་རྒྱ་ཡིག་དང་བོད་ཡིག་གི་ཚད་ལྡན་གྱི་ཡིག་ཆ་སྣ་གཅིག་གི་ཁུངས་ལུང་ཙམ་ཡང་མེད།ངས་ཁོང་ལ་དངོས་དུ་ངོ་ཐུག་སྟེ་བཀའ་འདྲི་བྱས་པ་ན་ཁོང་གིས་སྐབས་དེར་རྩོམ་ཡིག་འབྲི་སྐབས་དཔྱད་གཞིའི་ཡིག་ཆ་མང་པོ་བལྟ་ཐུབ་མེད་པས་ནོར་བ་འདྲ་ཞེས་གསུངས།

དེ་མཚུངས་བོད་རིག་པའི་ཞིབ་མཇུག་པ་མཁས་པ་ཝང་སིན་གྱིས་བརྩམས་པའི་བོད་ལྗོངས་ནང་བསྟན་འཕེལ་རྒྱས་རགས་བཤད》[3]ཞེས་པའི་ནང་།གོ་ཐོས་ལྟར་ན་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྐུ་ཕྲེང་ལྔ་བའི་རིགས་སྲས་ཡིན་པར་གྲགས་ཞེས་འབྱུང་ལ།བོད་རིག་པ་སྨྲ་བའི་མཁས་དབང་ཁྲིན་ཆིན་དབྱིན་གྱིས་བརྩམས་པའི་རྒྱལ་དབང་ལྔ་བ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་ཀྱི་འབྲེལ་བའི་སྐོར་བཤད་པ”[4]ཞེས་པའི་ནང་།མཁས་པ་ཏུའུ་ཆིས་བཤད་ཚུལ་དེ་ཞོང་ཡ་ལིས་རིག་གཞུང་སྨྲ་བ་ཆའོ་མའི་(乔玛)རྟོག་བཟོ་བྱས་པ་ལས་བོད་ཀྱི་ལོ་རྒྱུས་ནང་དུ་མེད།ཁོང་གིས་སྐུ་ཕྲེང་ལྔ་པས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གསོ་སྐྱོང་མཛད་པའི་རྒྱུ་རྐྱེན་སྐོར་ལ་འགྲེལ་བཤད་སྟབས་བདེ་བྱས་ཡོད་པ་རྣམས་ལ་ཕྱིས་ཀྱི་ཞིབ་མཇུག་པ་རྣམས་ཀྱིས་སྣང་དོགས་མེད་པར་དང་ལེན་བྱས་པ་རེད་ཅེས་བཤད་པ་དོན་ལ་གནས།དེ་ལྟར་ན་བདག་གིས་སྐབས་འདིར་འབྲེལ་ཡོད་ཀྱི་དཔྱད་བཞིའི་ཡིག་ཆ་ཚད་ལྡན་རྣམས་ཞིབ་ཏུ་བསྡུར་ནས།དོན་དངོས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྐུ་ཕྲེང་ལྔ་པའི་རིགས་སྲས་ཡིན་མིན་དེ་གསལ་བར་བཤད་པ་ལ།

           དང་པོ།སྡེ་སྲིད་སངས་རྒྱས་རྒྱ་མཚོ་འཁྲུངས་པའི་ལོ་ཟླ་ལ་དཔྱད་པ།

དེ་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་འཁྲུངས་པའི་ལོ་ཟླ་ལ་མཁས་པ་ལ་ལའི་རང་རང་གི་རྟོག་བཟོའི་དབང་གིས་བཤད་ཚུལ་མི་ཉུང་བ་ཞིག་བྲིས་ཡོད་ནའང་།འདིར་ལོ་རྒྱུས་ཁུངས་དག་ཅིང་དཔྱད་གཞིའི་ཡིག་ཆ་ཚད་ལྡན་དུ་བཟུང་ཆོག་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཁོང་རང་ཉིད་ཀྱིས་དངོས་སུ་བྲིས་པའི་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་》[5]ཏུ།ཕ་ཨ་སུག་དང་མ་བུ་ཁྲིད་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་རྣམ་རྒྱལ་ཞེས་ཆུ་མོ་སྦྲུལ་གྱི་ལོ་རྗེ་བླ་མ་ཙི་ནའི་རྒྱལ་ཁབ་ཏུ་ཕེབས་ནས་ཆིབས་ཀྱི་ཁ་ལོ་ཚུར་བསྒྱུར་གྱི་ཉེ་བར་ཕེབས་པའི་ཟླ་བ་བདུན་པར་སྐྱེས།ཞེས་སྤྱི་ལོ་1653ལོའི་བོད་ཟླ་7པའི་ནང་འཁྲུངས་པ་ཤིན་ཏུ་གསལ།

        གཉིས་པ།སྡེ་སྲིད་སངས་རྒྱས་རྒྱ་མཚོ་འཁྲུངས་པའི་ཉིན་དེ་ནས་བཟུང་བའི་སྔོན་གྱི་ཟླ་ངོ་དགུའི་རིང་ལྔ་བ་ཆེན་མོ་གར་ཕེབས་གར་བཞུགས་ལ་དཔྱད་པ།

དེ་ཡང་ལྔ་བ་ཆེན་པོ་ཉིད་ཆིང་རྒྱལ་རབས་ཀྱི་གོང་མ་ཧྲུན་ཀྲི་མཆོག་ནས་རྒྱལ་ས་པེ་ཅིན་དུ་གདན་དྲངས་ཏེ།གོང་མར་དངོས་འཇལ་ཇི་ལྟར་གནང་བའི་སྐོར་གྱི་ལོ་ཟླ་ཞག་གསུམ་གྱི་དུས་ཚིགས་དེ་གསལ་པོར་ངེས་ན།གོང་གི་གནད་དོན་དེ་དག་ཕྱི་གསལ་ནང་གསལ་དུ་འགྲོ་བས།འདིའི་སྐོར་གྱི་ཚད་ལྡན་གྱི་དཔྱད་གཞིའི་ཡིག་ཆའི་སྐོར་ལ་ལྔ་བ་ཆེན་པོ་ཉིད་ཀྱིས་མཛད་པའི་རང་རྣམ་དུ་ཀུ་ལའི་གོས་བཟང་དང་།ཆིང་རྒྱལ་རབས་ཀྱི་ལོ་རྒྱུས་བཅས་གཙིགས་ཆེ་བས་དེ་དག་གཞིར་གཞག་ནས་དཔྱད་རྒྱུ་ཡིན།ལྔ་བ་ཆེན་པོ་ཉིད་སྤྱི་ལོ་1652ལོའི་ཟླ་3པའི་ཚེས་15ཉིན་ལྕི་བདེ་རི་ཟུར་བུད་མཚམས་ནས་དན་འབག་གླིང་ཁར་སྒར་གྲལ་བསྒྲིགས་སར་བར་ཕེབས་ནས་པེ་ཅིན་ཕེབས་རྒྱུའི་བཀྲ་ཤིས་སྐར་འཛིན་བྱས། ཆེས་བཅུ་བདུན་ཉིན”[6]ལྔ་བ་ཆེན་པོ་ཉིད་ཀྱིས་གཙོ་མཛད་པའི་བོད་སོག་དཔོན་རིགས་སེར་སྐྱ་སྐུ་འཁོར་སྟོང་ཕྲག་གསུམ་ཙམ་དང་བཅས་དཔལ་ལྡན་འབྲས་སྤུངས་ནས་ཆིབས་ཁ་བསྒྱུར་ཏེ་པེ་ཅིན་དུ་ཕེབས་པའི་ལམ་དུ་ཞུགས།ཚེས་ཉེར་གསུམ་ཉིན་འདམ་གཞུང་ན་དཀར་མོ་ཕེབས་པར་དེར་བཀྲ་ཤིས་ལྷུན་པོ་ནས་ཆེད་དུ་བསྐྱལ་མར་ཕེབས་པའི་པཎ་ཆེན་སྐུ་ཕྲེང་བཞི་པར་མཇལ།ཧོར་ཟླ་བཞི་བའི་ཚེས་ཉེར་གཉིས་ལ་བསམ་གྲུབ་བདེ་ཆེན་དུ་སླེབས།ཧོར་ཟླ་ལྔ་པའི་ཚེས་གཅིག་ལ་ཤོ་མོང་འཛོམ་རར་འབྱོར།ཧོར་ཟླ་དྲུག་པའི་ཚེས་གཉིས་ལ་ཡགས་གཞུང་དུ་འབྱོར།ཧོར་ཟླ་བདུན་པའི་ཚེས་གཅིག་ལ་ར་རྒོད་གཞུང་དུ་འབྱོར།ཧོར་ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན་ཨ་མདོ་སྐུ་འབུམ་དུ་འབྱོར།ཧོར་ཟླ་དགུ་པའི་ཚེས་གསུམ་ལ་ཡུང་ཐའི་ཆིང་དུ་འབྱོར།ཧོར་ཟླ་བཅུ་པའི་ཚེས་ཉེར་གཅིག་ལ་ཉིན་ཞ་ཡུན་ཁྲོན་(宁夏回族自治区银川市)གྱི་རྨ་ཆུ་འགག་དུ་འབྱོར།ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན་ཏ་ཁར་(今内蒙古自治区凉城)འབྱོར།

མཚམས་འདིར་སླེབས་དུས་གོང་མ་མཆོག་ནས།ཏཱ་ལའི་བླ་མར་འཁོར་དམངས་དང་འགྲོགས་ནས་ཕེབས་ན།ལམ་ཁར་འགོར་གཞི་ཆེ་ཞིང་ནད་སྣའང་འགོས་དོགས་པས།འཁོར་སུམ་སྟོང་ཡོད་པ་ཏ་ཁར་བཞག་སྟེ།འཁོར་སུམ་བརྒྱ་ཐམ་པ་ཁྲིད་ནས་མྱུར་དུ་ཕེབས་དགོས་ཞེས་པའི་བཀའ་ཕེབས་པ་འབྱོར།དེ་ནས་འཁོར་སུམ་བརྒྱ་ཐམ་པ་ཁྲིད་ནས་ཕེབས།ཧོར་ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན་པེ་ཅིན་ནན་ཡོན་དུ་གོང་མ་ཧྲུན་ཀྲི་མཇལ།པེ་ཅིན་དུ་ཟླ་ངོ་གཉིས་བཞུགས།

སྤྱི་ལོ་1653ལོའི་ཟླ་2་པའི་ཚེས་20ཉིན་པེ་ཅིན་དགོན་པ་སེར་པོ་ནས་ཕྱིར་བོད་དུ་ཕེབས་པའི་ལམ་དུ་ཆས།ཧོར་ཟླ་གསུམ་པའི་ཚེས་བཅུ་ཉིན་ཏ་ཁར་འབྱོར།ཧོར་ཟླ་ལྔ་པའི་ཚེས་གཅིག་ཉིན་གོང་མ་ཧྲུན་ཀྲིས་མངགས་པའི་འཚམས་སྐྱེས་གནང་བ་འབུལ་མི་བློན་ཆེན་རྣམས་ཏ་ཁར་འབྱོར་ཏེ་སྐུ་ཕྲེང་ལྔ་བ་མཆོག་ལ་གསེར་གྱི་འཇའ་ས་དང་ཐམ་ག་ཕུལ་ཏེ་ཆོ་ལོ་སྩལ།ལོ་འདིར་ཟླ་ལྔ་བ་ཉིས་བརྩེགས་ཡོད་པས་ཤོལ་ཟླ་ལྔ་པའི་ཚེས་གཅིག་ཉིན་སོག་ཡུལ་ཧོའུ་ཧུ་ཧོ་ཐུ་ལ་འབྱོར།ཧོར་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་མཚོ་སྔོན་པོའི་འགྲམ་རིག་མོ་གཞུང་དུ་འབྱོར།ཧོར་ཟླ་བཅུ་པའི་ཚེས་ལྔ་ཉིན་འདམ་གཞུང་དུ་འབྱོར་ཏེ་བོད་སོག་སྐྱ་སེར་མང་པོས་བསུ་བ་རྒྱ་ཆེར་བྱས། ཚེས་བཅོ་བརྒྱད་ཉིན”[7]སྐུ་ཕྲེང་ལྔ་བ་མཆོག་བོད་ཡུལ་གྱི་རྡོ་རྗེ་གདན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་སྟེ་ལྷ་སའི་ཇོ་ཁང་དུ་འབྱོར།

དེ་ལྟར་ན་སྤྱི་ལོ་1652ལོའི་ཟླ་3པའི་ཚེས་17ནས་སྤྱི་ལོ་1653ཆུ་སྦྲུལ་ལོའི་ཟླ་10པའི་ཚེས་18བར་ལ་སྐུ་ཕྲེང་ལྔ་བ་མཆོག་ལྷ་སར་བཞུགས་མེད་པ་ང་ཚོས་ཁོ་ཐག་ཆོད་ལ།དུས་ཚོད་འདི་དག་གསལ་པོ་ཞིག་ངེས་ན་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྐུ་ཕྲེང་ལྔ་པའི་རིགས་སྲས་ཡིན་མིན་ང་ཚོས་གསལ་པོ་ཞིག་ཐག་གཅོད་ཐུབ་པ་ཡིན།དེ་ལྟར་གོང་དུ་བཤད་པ་ལྟར་སྡེ་སྲིད་རང་གིས་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ནང་དུ་བྲིས་པའི་ཉིད་ཀྱིས་འཁྲུངས་པའི་ལོ་ཟླ་དང་།སྐུ་ཕྲེང་ལྔ་པའི་རང་རྣམ་དུ་ཀུ་ལའི་གོས་བཟང་ནང་དུ་བྲིས་པའི་སྤྱི་ལོ་1652ལོའི་ཟླ་3པའི་ཚེས་17ཉིན་སྐུ་ཕྲེང་ལྔ་བ་ཉིད་ཀྱིས་གཙོ་མཛད་པའི་བོད་སོག་དཔོན་རིགས་སེར་སྐྱ་སྐུ་འཁོར་སྟོང་ཕྲག་གསུམ་ཙམ་དང་བཅས་དཔལ་ལྡན་འབྲས་སྤུངས་ནས་ཆིབས་ཁ་བསྒྱུར་ཏེ་པེ་ཅིན་དུ་ཕེབས་པའི་ལམ་དུ་ཞུགས་པའི་དུས་ཚིགས།སྐབས་དེར་སྐུ་ཕྲེང་ལྔ་བ་པེ་ཅིན་དུ་ཕེབས་པ་ནི་བོད་རྒྱ་སོག་གསུམ་ཐམས་ཅད་ཀྱིས་དོ་སྣང་ཆེན་པོ་བྱེད་པའི་བྱ་བ་གལ་ཆེན་ཞིག་ཡིན་པས།སྐུ་ཕྲེང་ལྔ་པ་པེ་ཅིན་དུ་ཕེབས་པའི་ལོ་ཟླ་ཞག་གསུམ་གྱི་དུས་ཚིགས་རྣམས་ནི་བོད་ཡིག་ཏུ་མ་ཟད་ཆིན་རྒྱལ་རབས་ཀྱི་ཐོ་ཡིག་ནང་དུའང་གསལ་པོར་ཡོད།

ལྷར་པར་དུ་སྐུ་ཕྲེང་ལྔ་པའི་རང་རྣམ་ནང་ཁོང་རྒྱལ་ནང་དུ་ཕེབས་སྐབས་ཀྱི་ཉིན་རེ་དང་ཟླ་རེའི་གནས་ཚུལ་རྣམས་ཞིབ་ཏུ་བཀོད་དེ།ས་གནས་སོ་སོའི་བོད་སོག་སྐྱ་སེར་རྣམས་ཀྱིས་ཕུལ་བའི་འབུལ་བ་དང་།མི་སྣ་སོ་སོར་མཇལ་འཕྲད་ཇི་ལྟར་གནང་བ་སོགས་ཀྱི་གནས་ཚུལ་རྣམས་སྐབས་དེའི་ཟིན་ཐོ་ལྟ་བུར་བྲིས་ཡོད་པས་ཤིན་ཏུ་གསལ།གལ་སྲིད་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྐུ་ཕྲེང་ལྔ་པའི་རིགས་སྲས་ཡིན་ན་སྡེ་སྲིད་མའི་མངལ་ནས་ཟླ་ངོ་བཅུ་དགུ་ལ་སྡོད་དགོས་པས་དེ་འདྲ་ནི་གཏན་ནས་ག་ལ་སྲིད།སྤྱི་ལོ་1652ལོའི་ཟླ་3པའི་ཚེས་17ནས་སྤྱི་ལོ་1653ཆུ་སྦྲུལ་ལོའི་ཟླ་10པའི་ཚེས་18བར་ཟླ་ངོ་བཅུ་དགུ་ལྷག་ཕྱིན་ཡོད་པ་གོང་གི་རང་རྣམ་དང་ཐོ་ཡིག་སོགས་སུ་གསལ་བ་མ་ཡིན་ནམ།ད་དུང་སྤྱི་ལོ་1653ཆུ་སྦྲུལ་ལོ་འདི་ལ་ཟླ་5པ་ཉིས་བརྩེགས་ཡོད་པའང་ཤེས་དགོས།

        གསུམ་པ།རྒྱལ་དབང་སྐུ་ཕྲེང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཁྱིམ་རྒྱུད་བར་གྱི་འབྲེལ་བའི་སྐོར།

ཏཱ་ལས་སྐུ་ཕྲེང་ལྔ་པས་སངས་རྒྱས་རྒྱ་མཚོ་ལ་དམིགས་བསལ་གྱི་གཟིགས་སྐྱོང་དང་རོགས་སྐྱོར་གནང་དགོས་དོན་ནི།སངས་རྒྱས་རྒྱ་མཚོའི་སྐྱེས་ཁུངས་གྲོང་སྨད་པའི་ཁྱིམ་རྒྱུད་དང་འབྲེལ་བ་ཡོད་དེ།གྲོང་སྨད་པ་ཞེས་པ་ལྷ་སའི་བྱང་ཕྱོགས་ཀྱི་ཉེ་འདབ་ཉང་བྲན་ཞེས་པའི་ཡུལ་ཏེ་སྐུ་དྲག་གི་ཁྱིམ་ཞིག་ཡིན།ཉང་བྲན་གྱི་ཡུལ་དེ་ནི་སེ་འབྲས་དགེ་གསུམ་གྱི་ནང་ཚན་སེར་དགོན་པ་དང་ཧ་ཅང་ཐག་ཉེ་བ་ཞིག་ཡིན།རྗེ་ཙོ་ཁ་པས་དགེ་ལུགས་པའི་གྲུབ་མཐའི་སྲོལ་ཕྱེ་རྗེས།སྡེ་པ་སྐྱིད་ཤོད་པ་སོགས་གཙོ་མཛད་པའི་དབུས་གཙང་ས་ཁུལ་གྱི་སྐྱ་སེར་སྐུ་དྲག་རྣམས་ཀྱིས་བློ་བརྟན་འགྱུར་མེད་སྒོས་དགེ་ལུགས་པར་རྒྱབ་སྐྱོར་དང་སྦྱིན་བདག་བྱས་པར་མ་ཟད།སྡེ་སྲིད་གཙང་པ་དང་རིན་སྤུངས་པའི་བར་གྱི་ཡུན་རིང་གི་འཐབ་རྩོད་ཁྲོད།དབུང་གཙང་ས་ཁུལ་གྱི་སྐྱ་སེར་སྐུ་དྲག་རྣམས་དང་།གྲོང་སྨད་པའི་ཁྱིམ་རྒྱུད་བཅས་ཀྱིས་མཐའ་གཅིག་དུ་དགེ་ལུགས་པར་རྒྱབ་སྐྱོང་བྱེད་བཞིན་ཡོད།སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མེས་པོ་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་ནི་དེ་སྔ་འབྲས་སྤུངས་དགོན་པར་རབ་བྱུང་དང་དགེ་སློང་དུ་བསྒྲུབས།དེ་ནས་རིམ་གྱིས་འབྲས་སྤུངས་དགོན་པའི་ཕྱག་མཛོད་ཀྱི་འགན་བཞེས་སྐབས།དགའ་ལྡན་ཕོ་བྲང་གི་སྲིད་འཛིན་དང་པོའི་འགན་བཞེས་མཁན་སྡེ་སྲིད་བསོད་ནམས་རབ་བརྟན(འདི་ལ་མཚན་གཞན་ཕྱག་མཛོད་བསོད་ནམས་རབ་བརྟན་དང་།རྒྱ་ལེ་ཆོས་མཛད་ཀྱང་ཟེར)དང་འབྲེལ་བ་དམ་ཟབ་བྱུང་།

སྤྱི་ལོ་1629ལོའི་ལོ་གསར་རྗེས་སྐུ་ཕྲེང་ལྔ་པ་འབྲས་སྤུངས་དགོན་པ་ནས་ཞབས་བཏེགས་ཏེ་ཉང་བྲན་གྲོང་སྨད་པའི་ཁྱིམ་དུ་མགྲོན་ལ་ཕེབས་པར་སྣེ་ལེན་གཟབ་རྒྱས་བྱས།དེ་ནས་བཟུང་སྐུ་ཕྲེང་ལྔ་བ་དང་གྲོང་སྨད་པའི་ཁྱིམ་རྒྱུད་བར་ཕན་ཚུན་འགྲོ་འོང་གི་འབྲེལ་བ་ཐོག་མ་བྱུང་།སྐུ་ཕྲེང་ལྔ་བ་འབྲས་སྤུངས་དགོན་པར་ཁྲིར་བཞུགས་གནང་སྐབས་ཕྱག་མཛོད་བསོད་ནམས་རབ་བརྟན་གྱིས་སྐུ་ཕྲེང་ལྔ་པའི་མཚན་ཞབས་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་བསྐོས།ད་དུང་སྐུ་ཕྲེང་ལྔ་པས་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་དང་མཉམ་དུ་རྩིས་ཀྱི་སྐོར་ལ་སྦྱངས།དེ་ནས་བཟུང་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་རྟག་པར་སྐུ་ཕྲེང་ལྔ་པ་དང་འགྲོགས་འདྲིས་བྱུང་།ལྷག་པར་དུ་སྐུ་ཕྲེང་ལྔ་པས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་རྗེས།སྤྱི་ལོ་16521653ལོའི་བར་སྐུ་ཕྲེང་ལྔ་པ་པེ་ཅིན་དུ་གོང་མ་ཧྲུན་ཀྲི་མཇལ་བར་ཕེབས་སྐབས།གྲོང་སྨད་པ་འཕྲིན་ལས་རྒྱ་མཚོས་སྐུ་འཁོར་གཙོ་བོའི་འགན་འཁུར་ཏེ་འཁོར་དམངས་ཡོངས་ཀྱི་བཀོད་སྒྲིག་དང་དོ་དམ་བདག་གཉེར་སོགས་ཀྱི་ལས་འགན་བཞེས།སྤྱི་ལོ་1658ལོའི་ཟླ་3པའི་ཚེས་3ཉིན་སྡེ་སྲིད་གཉིས་པ་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་སྡེ་སྲིད་དུ་བསྐོས་ཏེ་ཁོང་ལ་ས་སྐྱོང་འཕྲིན་ལས་རྒྱ་མཚོ་ཞེས་པའི་མཚན་གསོལ།སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཡབ་གྲོང་སྨད་པ་ཨ་སུག་ཡང་སྐུ་ཕྲེང་ལྔ་པ་ལ་འབྲེལ་བ་ཟབ་མོ་ཞིག་ཡོད།ཁོང་གིས་བོད་སོག་མཉམ་འབྲེལ་དམག་དཔུང་གིས་ཐེངས་གཉིས་པར་འབྲུག་ཡུལ་དམག་དཔུང་དང་བོད་ཀྱི་དམག་དཔུང་གཉིས་གཡུལ་འཁྲུག་གི་སྐབས་སུ་གཞིས་ཀ་རྩེར་འགོ་ཁྲིད་བྱས།དེ་བས་སྐུ་ཕྲེང་ལྔ་པའི་རང་རྣམ་ནང་དུ་ཁོང་ལ་ནང་སོ་ཨ་སུག་ཞེས་འབོད་ཀིན་ཡོད།

མདོར་ན་གོང་གི་ལོ་རྒྱུས་དེ་དག་གི་ངོས་ནས་བལྟས་ན་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐྱེས་ཡུལ་གྲོང་སྨད་པའི་ཁྱིམ་རྒྱུད་དེ་སྐུ་ཕྲེང་ལྔ་པ་ལ་འབྲེལ་བ་གཏིང་ཟབ་མོ་ཞིག་ཡོད་པ་ཤེས་ཐུབ་ལ།ཁོང་གི་ཡབ་དང་མེས་པོ་བཅས་ནི་སྐུ་ཕྲེང་ལྔ་པ་ལ་སྐུ་དྲིན་མཛད་རྗེས་ཆེན་པོ་བཞག་པའི་མི་སྣ་ཞིག་ཡིན་ལ།སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཡབ་གྲོང་སྨད་པ་ཨ་སུག་སྐུའི་དགོངས་པ་རྫོགས་དུས།སྡེ་སྲིད་སངས་རྒྱས་རྒྱ་མཚོ་ད་དུང་ལོ་ན་ཆུང་སྟབས།སྐུ་ཕྲེང་ལྔ་པས་རང་གི་སྙིང་གི་གྲོགས་པོའི་བུ་སངས་རྒྱས་རྒྱ་མཚོ་བསྐྱེད་བསྲིངས་དང་རིག་པའི་གནས་མཐའ་དག་ལ་སློབ་གཉེར་བྱེད་དུ་བཅུག་སྟེ།ནར་སོན་རྗེས་ཆོས་སྲིད་ཕྱི་ནང་གི་གོ་གནས་མཐའ་དག་སྤྲད་པ་དེ་ནི་དོན་དངོས་ཀྱི་གནས་ལུགས་དང་མཐུན་པ་ཞིག་ཡིན་པས་ཡ་མཚན་རྒྱུ་ག་ལ་ཡོད།

གོང་གི་ཞིབ་དཔྱད་དེ་དག་ལ་བརྟེན་ནས་སྐུ་ཕྲེང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་བར་གྱི་འབྲེལ་བ་དེ་ད་དུང་རགས་ཙམ་གླེང་ནས་སྡོམ་ཚིག་འགོད་པ་ལ།སྤྱི་ལོ་1660ལོའི་ཟླ་7པའི་ཚེས་13ཉིན་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་སྡེ་སྲིད་དུ་བསྐོས་པ་དང་།ལོ་དེའི་ཟླ་བརྒྱད་པའི་ཚེས་ཉེར་དྲུག་གི་ཉིན་ལོ་ན་བརྒྱད་དུ་སོན་པའི་གྲོང་སྨད་པ་སངས་རྒྱས་རྒྱ་མཚོ་པོ་ཏ་ལར་སྐུ་ཕྲེང་ལྔ་པའི་སྐུ་མདུན་དུ་བསྐྱལ།དེ་ལྟར་སྐུ་ཕྲེང་ལྔ་པས་སངས་རྒྱས་རྒྱ་མཚོ་རང་གི་སྐུ་མདུན་དུ་བླངས་ནས་བསྐྱེད་བསྲིངས་བྱས་ཏེ་ཆོས་ཀྱི་ཐུགས་སྲས་སུ་གྱུར་པའི་རྐྱེན་གྱིས།སྐུ་ཕྲེང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་ལ་ཡབ་སྲས་ཀྱི་འབྲེལ་བ་ཡོད་པའི་ལྟ་ཚུལ་དེ་བྱུང་བ་རེད།སྤྱིར་བོད་ཀྱི་ལོ་རྒྱུས་སྟེང་སྔོན་སྐུ་དྲག་མི་ཉུང་བ་ཞིག་གིས་རང་གི་བྱིས་པ་རྣམས་གཞོན་དུས་ནས་ཕྱོགས་གཅིག་ནས་བོད་ཀྱི་ཆོས་སྲིད་དབང་འཛིན་པ་རྣམས་ལ་ཞབས་ཞུ་སྒྲུབ་དུ་བཅུག་སྟེ་ཁོ་ལ་ཐུགས་ཉེ་པོ་ཡོང་ཆེད་དང་།ཕྱོགས་གཉིས་ནས་གཞོན་དུས་སུ་རིག་གནས་སློབ་གཉེར་བཟང་པོ་བྱས་ཏེ་མ་འོངས་པར་མདུན་ལམ་ཡག་པོ་ཞིག་ཡོང་ཆེད་བཅས་ཡིན།

སྔོན་ཡོན་རྒྱལ་རབས་ཀྱི་སྐབས་སུ་ཕག་གྲུ་ཏ་སི་ཏུ་བྱང་ཆུབ་རྒྱལ་མཚན་ཡང་དགུང་ལོ་བཅུ་གསུམ་སྟེང་ས་སྐྱར་བསྐྱལ་ཏེ།ཕག་གྲུའི་ཆོས་སྲིད་ཀྱི་དབུ་འཛིན་པ་བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱིས་བདག་ཉེར་བྱས་པ་དང་།ཉེ་རབས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་མདུན་དུའང་བྱིས་པ་འགའ་བསྡུས་ཏེ་སློབ་གཉེར་བྱེད་དུ་བཅུག་པའི་ཁྲོད་ཀྱི་བྱིས་པ་གཅིག་ནི་སྙེ་མོ་རྫོང་ནས་ཡིན་པ་དང་།ཕྱིས་སུ་སྐུ་ཕྲེང་བཅུ་གསུམ་པ་དགུང་ལོ་བགྲེས་པའི་དུས་སུ་བོད་ཀྱི་དབུ་འཛིན་པ་ཆེན་པོ་ཞིག་ཏུ་གྱུར་ཏེ།ཚང་མས་ཁོང་ལ་ཀུན་འཕེལ་ལགས་ཞེས་འབོད་བཞིན་ཡོད།དེ་ལྟར་སངས་རྒྱས་རྒྱ་མཚོའི་གནས་ཚུལ་ལ་བལྟས་ན་ཁོང་གི་ཡབ་སྤྱི་ལོ་1656ལོར་འདས་རྗེས་ཁོང་ད་ཕྲུག་ཏུ་གྱུར་པ་དང་།ཡིན་ནའང་ཁོང་གི་མེས་པོ་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་སྤྱི་ལོ་1660ལོར་སྡེ་སྲིད་དུ་བསྐོས་རྗེས་ཁོང་པོ་ཏ་ལར་སྐུ་ཕྲེང་ལྔ་པའི་སྐུ་མདུན་དུ་བསྐྱལ་ཏེ་ཞབས་ཞུ་སྒྲུབ་ཏུ་བཅུག་པ་དང་མཉམ་དུ་ཡོན་ཏན་སློབ་དུ་བཅུག་པ་ནི་ཤིན་ཏུ་འོས་འཚམས་ཤིག་རེད།

               བཞི་པ།སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་རིགས་སྲས་ཡིན་མིན་གྱི་སྡོམ་ཚིག

        དེ་ལྟར་ང་ཚོས་དཔྱད་གཞིའི་ཡིག་ཆ་རྣམས་ལ་ཞིབ་ཏུ་དཔྱད་མཐར་གྱི་སྡོམ་ཚིག་ནི།སྐུ་ཕྲེང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་ལ་རིགས་སྲས་ཀྱི་འབྲེལ་བ་དེ་འདྲ་གཏན་ནས་ཡོང་ཐབས་མེད་པ་ཞིག་རེད།ཁོང་གཉིས་ལ་རིགས་སྲས་ཀྱི་འབྲེལ་བ་ཡོད་པའི་འཆལ་གཏམ་བཟོ་མཁན་དེ་དག་ནི་སྐབས་དེའི་ཆབ་སྲིད་དང་ཆོས་ལུགས་ཀྱི་གྲུབ་མཐའི་ཕྱོགས་ཞེན་གྱི་དབང་གིས་ཁུངས་མེད་སྒྲོ་འདོག་བྱས་པ་ཁོ་ན་ཞིག་ཏུ་ཟད་དོ།།ཞེས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་རྒྱལ་དབང་ལྔ་པའི་རིགས་སྲས་ཡིན་མིན་ལ་དཔྱད་པ་ངེས་དོན་གཏམ་གྱི་བདེན་དབང་ཞེས་བྱ་བ་འདི་ནི་སྐྱེས་ཡུལ་མདོ་སྨད་རེབ་གོང་པ་འཇིགས་མེད་བསམ་གྲུབ་གྱིས་སྤྱི་ལོ་2004ལོར་སྦྱར་བའོ། །

[1]དུས་རབས་བར་མའི་བོད་ཀྱི་ལོ་རྒྱུས་ཞེས་པའི་ཤོག་ངོས་134པར་གསལ།ཏུའུ་ཆིས་བརྩམས།དབྱིན་ཡིགལིས་ཡུག་ཡུས་དང་ཏིང་རེ་ལིན་གཉིས་ཀྱིས་བསྒྱུར།ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་མི་རིགས་ཞིབ་འཇུག་སོ་ཡིས་1980ལོར་སྣུམ་པར་དུ་བཏབ།

[2]སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐོར་གྱི་བསམ་གཞིགས་རགས་བཤདཝང་ཡའོ་ཡིས་བརྩམས།རྒྱ་ཡིགཆིང་རྒྱལ་རབས་ཀྱི་ལོ་རྒྱུས་ཞིབ་འཇུག་ཕྱོགས་བསྒྲིགསཞེས་པའི་དེབ་དང་པོའི་ཤོག་ངོས་191ནས་192པར་གསལ།1980

[3]བོད་ལྗོངས་ནང་བསྟན་འཕེལ་རྒྱས་རགས་བཤད་ཞེས་པའི་རྒྱ་ཡིག་གི་དེབ་ཀྱི་ཤོག་ངོས་189བར་གསལ།ཀྲུང་གོའི་སྤྱི་ཚོགས་ཚན་རིག་དཔེ་སྐྲུན་ཁང་གིས་བསྐྲུན།1987

[4]རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་ཀྱི་འབྲེལ་བའི་སྐོར་བཤད་པཁྲིན་ཆིན་དབྱིན་གྱིས་བརྩམས།རྒྱ་ཡིགམིན་གོ་68ལོ།ཐེ་ཝན་བོད་སོག་ཨུ་ཡོན་ལྷན་ཁང་ནས་བཏོན། 1998-2

[5]མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆགཞེས་པའི་ཤོག་ངོས་819པར་གསལ།སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན། 1990

[6]རྒྱལ་དབང་ལྔ་པའི་རང་རྣམ་དུ་ཀུ་ལའི་གོས་བཟང་ཞེས་པའི་ཤོག་ངོས་348པར་གསལ།

བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན།1989-12

[7]རྒྱལ་དབང་ལྔ་པའི་རང་རྣམ་དུ་ཀུ་ལའི་གོས་བཟང་ཞེས་པའི་ཤོག་ངོས་348པར་གསལ།

བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན།1989-12

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།