དགའ་ལྡན་དཔར་རྙིང་གི་སྐོར་རགས་ཙམ་གླེང་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-05-17 17:54:34     རྩོམ་པ་པོ།   གྱི་ལིང་འཇིགས་མེད།    ཀློག་ཐེངས།  

 

IMG_5539.JPG

ནང་དོན་གནད་བསྡུས།

རྩོམ་ཡིག་འདིར་བོད་ཀྱི་གནའ་བོའི་དཔར་རྙིང་གྲགས་ཅན་དགའ་ལྡན་དཔར་རྙིང་(1)༲༳ཞེས་པ་དེ་ཉིད་མཚམས་སྦྱོར་ཅུང་ཙམ་བྱས་ཡོད་ལ། དེ་ཡང་དཔར་ཤིང་དེ་ཉིད་བྱུང་བའི་རྒྱུ་རྐྱེན་དང་ལོ་རྒྱུས། དེའི་ཁྱད་ཆོས་དང་དགེ་མཚན་བཅས་ཕྱོགས་གཙོ་བོ་གསུམ་ཙམ་ནས་དཔྱད་གཞི་ཁུངས་ཐུབ་འགའ་ལ་གཏུགས་ཏེ་བཤད་ཡོད།

བརྡ་ཆད་གཙོ་བོ།  དགའ་ལྡན་དཔར་རྙིང་། བཀའ་འགྱུར་ཟངས་དཔར། པར་བརྐོ།

གླེང་གཞི།

བོད་མི་རིགས་ནི་ཆེས་སྔ་མོའི་དུས་ནས་རིག་གནས་སྣ་མང་དར་བའི་མི་རིགས་ཡིན་པ་བཞིན་ལག་ཤེས་བཟོ་ལས་ཀྱི་ཕྱོགས་ནས་རྨད་དུ་བྱུང་བའི་གྲུབ་འབྲས་བླངས་ཡོད། དེ་བཞིན་དུ་དཔར་ཤིང་བརྐོ་བའི་ལག་རྩལ་གྱི་ཆ་ནས་ཀྱང་གོང་མ་ཡུང་ལོའི་ཟངས་དཔར་དང་ཧ་ལམ་ཁྱད་ཆོས་གཤིབ་ཆོག་པ་ལྟ་བུའི་དགའ་ལྡན་དཔར་རྙིང་གིས་མཚོན་དཔར་ཁང་མང་བོ་ངྱུང་ཡོད་ལ། དེ་བཞིན་དུ་དགོན་པ་མང་བོ་ན་དཔར་བརྐོ་གྲྭ་ཚང་ཞེས་དཔར་བརྐོ་བའི་གྲྭ་ཚང་ལོགས་སུ་ཚགས་བཙུགས་པ་སོགས་དཔར་བརྐོའི་ལས་རིགས་ལ་དོ་སྣང་དང་འཕེལ་རྒྱས་ཆེན་པོ་བྱུང་ཡོད། དེ་ལས་འདིར་ང་ཚོས་དགའ་ལྡན་དཔར་རྙིང་ཞེས་པའི་དཔར་གཞི་གྲགས་ཅན་དེའི་བྱུང་བ་དང་ཁྱད་ཆོས་རགས་ཙམ་གླེང་བར་བྱའོ། །

གཅིག་དགའ་ལྡན་དཔར་རྙིང་གི་ལོ་རྒྱུས།

   དགའ་ལྡན་པར་རྙིང་ཞེས་པ་ནི་1426ལོར་གོང་དཀར་དང་སྣེའུ་རྫོང་དཔོན་ནམ་མཁའ་བཟང་བོ་བཅས་ལ་རྒྱལ་ཚབ་རིན་པོ་ཆེ་དང་། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་སོགས་ཀྱིས་བཀའ་གནང་བ་ལྟར་རྗེ་ཙོང་ཁ་བའི་གསུང་འབུམ་ཆ་ཚང་དཔར་སྐྲུན་བྱས་པ་(2)དེ་ལ་ཟེར་ཞིང་། དེ་ནི་རྗེ་རིན་པོ་ཆེ་སྐུ་གཤེགས་ནས་ལོ་བདུན་ཙམ་གྱི་རྗེས་སུ་པར་དུ་བརྐོས་པ་ཞིག་ཡིན་ལ། བོད་ཀྱི་མཁས་པའི་གསུང་འབུམ་ཤིང་པར་དུ་བརྐོས་པ་ཆེས་སྔ་ཤོས་ཀྱི་གྲས་རེད། དེ་མིན་རྗེའི་གསུང་འབུམ་ཐོར་བུ་འགའ་རེ་རྗེ་རང་ཉིད་ཞལ་བཞུགས་དུས་ནས་བརྐོས་ཡོད་པར་གྲགས་ལ། དེ་ནི་བྱང་ཆུབ་ལམ་རིམ་ཆེན་མོ་དང་། ལེགས་བཤད་གསེར་འཕྲེང་སོགས་གླེགས་བམ་འགའ་(3)ཡིན།

དེ་ཡང་སྤྱིར་རང་རེ་བོད་ཀྱི་ཡུལ་འདིར་རྒྱལ་བའི་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་གིས་མཚོན་བོད་རང་གི་མཁས་པས་མཛད་པའི་བསྟན་བཅོས་མང་དུ་ཡོད་ན་ཡང་དང་བོའི་དུས་སུག་བྲིས་མ་གཏོགས་དཔར་དུ་འཁོད་པ་སོགས་ཅི་ཡང་མེད་པས་བརྡ་དང་ཡིག་གཟུགས་ལ་གཅིག་གྱུར་ཞིག་བྱུང་མེད། རྗེས་སུ་རྒྱ་ནག་ཏཱ་མིང་གི་གོང་མ་ཡུང་ལོས་བོད་ཡིག་གི་བཀའ་འགྱུར་ཟངས་དཔར་དུ་བརྐོས་པ་ནས་བོད་ཀྱི་ཡུལ་དུའང་གསུང་རབ་ཤིང་དཔར་དུ་བརྐོ་བའི་བློ་སྒོ་ཕྱེས།

བོད་ཡུལ་དུ་ཤིང་དཔར་མ་གཏོགས་ཁྲོ་དང་ཟངས་ཀྱི་གཏེར་ཁ་ཉུང་བས་རྒྱུ་ཆ་དཀོན་སྟབས་ཤིང་དཔར་མང་བོ་བྱུང་ལ། དེ་ལས་སྙན་གྲགས་ཅན་གྱི་དཔར་ཁང་བཞི་ནི་1741ལོར་དགའ་ལྡན་དཔར་རྙིང་གིས་བློ་སྒོ་ཕྱེས་པའི་འོག་བཀའ་འགྱུར་དང་བསྟན་འགྱུར་ཡོངས་རྫོགས་དཔར་དུ་བརྐོས་ཏེ་པཎ་ཆེན་སྐུ་ཕྲེང་ལྔ་བ་ལ་ཕུལ་བའི་སྣར་ཐང་དཔར་ཁང་དང་། 1744ལོར་སྡེ་དགེ་རྒྱལ་བོ་བསྟན་པ་ཚེ་རིང་གིས་སྡེ་དགེ་དགོན་ཆེན་དུ་བཀའ་བསྟན་དཔར་དུ་བརྐོས་པའི་དཔར་ཁང་། དེ་ནས་དུས་རབས་བཅོ་བརྒྱད་པ་ལ་ཀུན་མཁྱེན་འཇིགས་མེད་དབང་བོས་དགེ་ལྡན་པའི་དཔེ་ཆ་མང་བོ་དཔར་དུ་བརྐོས་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གསུང་རབ་དཔར་ཁང་། དུས་རབས་ཉི་ཤུ་བའི་དུས་འགོར་གོང་ས་བཅུ་གསུམ་པ་ཆེན་པོས་སྔར་གྱི་ཞོལ་དཔར་ཁང་རྒྱ་བསྐྱེད་ནས་བཀའ་འགྱུར་སོགས་གསུང་རབ་མང་བོ་དཔར་དུ་བརྐོས་པའི་ཞོལ་དཔར་ཁང་བཅས་བྱུང་། གོང་གསལ་དཔར་ཁང་བཞིས་མཚོན་གཞན་ཡང་མདོ་སྨད་རྭ་རྒྱའི་བཀའ་འགྱུར་དཔར་ཤིང་སོགས་ཕྱོགས་མང་བོར་དཔར་ཤིང་བརྐོ་བའི་ལག་རྩལ་དར་བའི་ལོ་རྒྱུས་ཤིན་ཏུ་རིང་བ་ཡོད་མོད། ཀུན་གྱིས་དང་དོད་བྱེད་ས་དང་། ལྷག་པར་དུ་དགེ་ལུགས་པ་རྣམས་ཀྱིས་ཁུངས་སུ་འཛིན་པའི་དཔར་ཤིང་ནི་བོད་ཀྱི་དཔར་ཤིང་ཡོངས་ཀྱི་ཕྱི་མོ་དགའ་ལྡན་དཔར་རྙིང་རེད།

     དགའ་ལྡན་དཔར་རྙིང་གི་དཔེ་ཆ་ནི་སྔོན་རྩེ་པོ་ཏ་ལ་དང་། སེ་འབྲས། འོན་རྒྱལ་སྲས་བླ་བྲང་། ཀུན་བདེ་གླིང་བཅས་ཀྱི་དཔེ་མཛོད་ཁང་དུ་ཆ་ཚང་ཡོད་ལ། དཔར་ཤིང་དེ་ལ་དགའ་ལྡན་དཔར་རྙིང་ཟེར་ཞིང་རིག་གནས་གསར་བརྗེའི་ཡར་སྔོན་བར་དུ་དགའ་ལྡན་ཟུང་ཇུ་ཁང་ཚན་དུ་བཞག་ཡོད། (4)

གཉིས་པ་དགའ་ལྡན་དཔར་རྙིང་གི་ཁྱད་ཆོས་འགའ།

༡ ཡིག་གཟུགས།

  དཔར་ཤིང་འདིའི་ཡིག་གཟུགས་སོགས་ནི་ཧ་ཅང་ལེགས་པས་དཔེ་ཆ་ལག་བྲིས་མ་དང་ནོར་འགྲོ་བ་ལྟ་བུའི་པར་བརྐོའི་ལག་རྩལ་ཧ་ལས་པ་ཞིག་(5)ཞིག་ཡོད་ལ། དེ་ནི་ཕལ་ཆེར་རྒྱ་ནག་གོང་མ་ཡུང་ལོས་ཟངས་པར་དུ་བཏབས་པའི་བོད་ཡིག་གི་བཀའ་འགྱུར་ལ་མ་དཔེ་ལྟོས་ནས་བརྐོས་པས་ཡིན་པར་སྙམ། དེ་ཡང་མིང་རྒྱལ་རབས་ཀྱི་ཁྲི་རབས་གསུམ་པ་གོང་མ་ཡུང་ལོ་ཞེས་པས་རང་གི་ཡབ་ཡུམ་གྱི་དྲིན་གཟོ་ཕྱིར་ནུབ་ཕྱོགས་བོད་ཀྱི་ཡུལ་དུ་གསེར་ཡིག་པ་མངགས་ནས་བོད་ཡིག་གི་བཀའ་འགྱུར་གྱི་ཕྱི་མོ་གདན་དྲངས་ཤིང་1410ལོར་(6)ནན་ཅིང་དུ་དཔར་ཤིང་དུ་བརྐོས་པ་དེ་ནི་བོད་ཡིག་གི་བཀའ་འགྱུར་དཔར་ཤིང་ཐོག་བརྐོས་པ་ཐོག་དང་བོ་ཡིན་ལ(7)། དེའི་དཔར་ཐེངས་དང་བོ་དེ་རི་བོ་རྩེ་ལྔའི་དགོན་པར་ཕུལ་ཞིང་། དཔར་ཐེངས་གཉིས་པའི་གྲས་ཀརྨ་བ་དང་ཕག་གྲུ། རྗེ་ཙོང་ཁ་བ་བཅས་ལ་དཔར་ཕུད་རེ་ཕུལ་གནང་མཛད་པ་དེ་ནས་བཟུང་བོད་དུ་དཔར་སྐྲུན་ལག་རྩལ་དར་འགོ་ཚུགས་(8)པ་ཡིན།

གོང་མ་ཡུང་ལོས་པར་དུ་བརྐོས་པའི་བཀའ་འགྱུར་གྱིས་དགའ་ལྡན་པར་རྙིང་གི་ཡིག་གཟུགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པས་ད་གཟོད་དགའ་ལྡན་པར་རྙིང་གི་ཡིག་གཟུགས་ནི་བྲིས་མ་དང་ཁྱད་པར་མེད་པ་ཞིག་བྱུང་བ་ཡིན་ན། འོ་ན་ཡུང་ལོའི་བཀའ་འགྱུར་གྱི་ཡིག་གཟུགས་དེ་ནི་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དེའི་ཡིག་གཟུགས་དངོས་ཇི་བཞིན་བཤད་པར་རྒྱུ་ཆ་མི་འདང་བས་བརྔོ་མི་ཐོགས་མོད། འོན་ཀྱང་དེ་ནི་ཟངས་དཔར་ཞིག་ཡིན་ལ། ཟངས་དཔར་དང་ཁྲོ་དཔར་ནི་ཤིང་དཔར་ལས་སྟབས་བདེ་(9)བར་མ་ཟད་ཡིག་གཟུགས་ཀྱང་ཧ་ཅང་ཡག་པོ་འཁྱོངས་ཐུབ་པས། རྗེའི་གསུང་ཐོག་མར་པར་དུ་རྐོ་སྐབས་ཀྱང་ཡིག་གཟུགས་ཀྱི་ཕྱོགས་ནས་ཕྱི་མོ་དེ་ལ་བཅོལ་བར་ངེས། དེ་བས་དེའི་རྗེས་སུ་རིམ་བཞིན་བྱུང་བའི་དཔར་བརྐོའི་ལག་རྩལ་རྣམས་དགའ་ལྡན་དཔར་རྙིང་གི་ཡིག་གཟུགས་ལ་དོ་ཐུབ་པ་ཞིག་བྱུང་མེད་1དོ། །

༢ རི་མོ།

   དགའ་ལྡན་དཔར་རྙིང་གི་དབུ་ལྷ་རྣམས་ནི་དབུ་དང་སྐུ་ཚད་ཆ་མི་སྙོམས་ཤིང་། སྐུ་གཟུགས་ཀྱི་དཔུང་ཞེང་ཆེ་ལ་སྐུ་སྐེད་ཕྲ་བ་ཞལ་རས་ཀྱང་དེ་ཙམ་ལེགས་པོ་མེད་པ་ཞིག་ཡོད་(11)ལ། དེ་ལས་སྐབས་དེ་དུས་ཀྱི་དཔར་ཤིང་གི་དབུ་ལྷ་དེ་དག་ལ་ས་ཙྪའི་ལག་རྩལ་གྱི་ཤན་ཞུགས་པ་ལས་རི་མོ་བྲིས་འབུར་གྱི་ཐིག་རྩ་ཡང་དེང་དུས་དང་འདྲ་བ་ཞིག་མེད་པའང་ཤེས་ཐུབ།

༣ བརྡ་ཆད།

   དགའ་ལྡན་དཔར་རྙིང་ནི་བོད་ཀྱི་མཁས་པའི་གསུང་ཤིང་དཔར་དུ་བརྐོས་པ་ཆེས་སྔ་ཤོས་ཡིན་ལ། དེ་ལས་ཀྱང་བྱང་ཆུབ་ལམ་རིམ་ཆེན་མོ་ནི་རྗེ་རང་ཉིད་སྐུ་འཚོ་བཞུགས་སྐབས་དཔར་དུ་བརྐོས་པ་ཞིག་ཡིན་ཞིང་། དེ་ནི་བོད་ཡིག་གི་བརྡ་གསར་རྙིང་གི་འབྱེད་མཚམས་ཆེན་པོ་ཞིག་ཀྱང་ཡིན་པ་ནི་དགའ་ལྡན་དཔར་རྙིང་གི་ལམ་རིམ་དུ་བརྡ་རྙིང་མང་བ་སོགས་ལས་ཀྱང་ཤེས་ཐུབ། དེ་ཡང་གདམ་ངག་དང་དབུས་རྩང་། དེ་བཞིན་བཅྭ་ལྔ་དང་བཅྭ་བརྒྱད་སོགས་འབྱུང་བར་མ་ཟད། ལོངས་སྤྱོད་ལ་ལོང་སྤྱོད་དང་། བསྐྱེད་པ་ལ་སྐྱེད་པ་12)ཞེས་འབྱུང་བས་སྐབས་དེར་གདམས་ལ་ཡང་འཇུག་མེད་པ་གདམ་ཞེས་འབྲི་བ་དང་། གཙང་དེ་རྩང་དུ་འབྲི་བ། དེ་བཞིན་དུ་བཅོ་ལྔ་དང་བཅོ་བརྒྱད་ལ་བ་ཟུར་བཏགས་ཡོད་པར་མ་ཟད། བརྡ་རྙིང་གཞན་དག་དང་ཡང་མི་འདྲ་བར་དེ་ལ་ན་རོ་ཡེ་ནས་མེད་པ། དེ་བཞིན་བསྐྱེད་ཀྱི་སྔོན་འཇུག་མི་འབྲི་བ་སོགས་ནི་དཔྱད་གཞི་ཁྱད་པར་བ་ཞིག་ཡིན་པར་མ་ཟད། ད་དུང་དེ་ལས་ཀྱང་ངོ་མཚར་བ་ཞིག་ནི་དགའ་ལྡན་དཔར་རྙིང་གི་ལམ་རིམ་དུ་མཁའ་འགྲོ་རྣལ་འབྱོར་ཞེས་པ་མཁྲོའ་རྣལྱོར་ལྟ་བུའི་སྐུང་ཡིག་མང་བ་དང་། གུག་གི་ཕྱིར་ལོག་ཅན་ཡང་། ཕར་ཕྱིན་དང་། དང་བོ་ནི་ཞེས་པའི་གུག་གུ་ཕྱིར་ལོག་པ་ལྟ་བུ་མང་བ་13)སོགས་གནའ་བོའི་བྲག་བརྐོས་དང་རྡོ་རིང་གི་ཡི་གེའི་རྣམ་པ་དེ་ཅུང་མང་བ་བཅས་ནི་དཔྱད་གཞི་རིན་ཐང་དང་ལྡན་པ་ཡིན་ལ། དགའ་ལྡན་དཔར་རྙིང་གི་ཁྱད་ཆོས་ཀྱང་ཡིན་ནོ། །

གསུམ་དགའ་ལྡན་དཔར་རྙིང་གི་དགེ་མཚན།

༡ བརྡ་དང་ཡིག་གཟུགས་གཅིག་གྱུར་ལ་དགེ་མཚན་ཆེན་པོ་ཐོན་པ།

ཤིང་དཔར་བྱུང་བ་ལ་བརྟེན་ནས་ཡི་གེའི་དག་ཆ་གཅིག་གྱུར་བྱུང་ཡོད་དེ། དེ་ཡང་དཔར་སྐྲུན་ལག་རྩལ་མ་དར་བའི་གོང་སྟེ་༡༤༢༥ལོ་ཕན་ཆད་དུ་དཔེ་རྙིང་ཚང་མ་བྲིས་མ་ཡིན་པ་14)དང་། དེ་ཡང་གཅིག་ལ་གཅིག་བརྒྱུད་ཀྱིས་བཤུ་འབྲི་བྱས་རྗེས་ཞུས་དག་ནན་པོ་མ་བྱུང་བས་ཡིག་ནོར་མང་བ་ལ་15)དཔར་ཤིང་བྱུང་བ་ནས་ཞུས་དག་རིམ་པ་བཞི་16)མ་བརྒྱུད་པར་དཔར་སྐྲུན་མི་བྱེད་པས་ཡིག་ནོར་ཉུང་བ་དང་མེད་པའི་ཁྱད་ཆོས་ཡོད། དེ་བཞིན་དུ་སྔོན་ལྟར་མ་དཔེ་བཤུ་འབྲི་བྱེད་མི་དགོས་ལ་དཔེ་རྒྱུན་དཀོན་པོ་རྣམས་ལག་ཏུ་མི་རྙེད་པའི་དཀའ་ངལ་ཡང་སེལ་བར་གྱུར་ཅིང་དུས་མཚུངས་སུ་སྔོན་བྱོན་མཁས་པའི་གསུང་རབ་ཉར་ཚགས་དོ་དམ་ལ་ཡང་དགེ་མཚན་ཆེན་པོ་བྱུང་ཡོད། དེས་མཚོན་ནས་བརྡ་དང་ཡི་གེ སྐད་ཆ་དང་བཅས་པའང་གཅིག་གྱུར་འབྱུར་བ་ལ་ཕན་པ་ཆེན་པོ་བྱུང་ཡོད། དེ་བཞིན་དུ་དཔར་གྱི་ཕྱི་མོའི་ཡི་གེ་དེ་ཡང་བྲིས་པ་མང་བོ་ལས་བདམས་ཏེ་འབྲིར་བཅུག་པ་དང་ཡིག་མཁན་གསོ་སྐྱོང་བྱེད་པ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་པ་ཡིན་པས། པར་ཡིག་མཛེས་ཤིག་གྲལ་དག་པ་དེས་བོད་ཀྱི་ཡིག་གཟུགས་ལང་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།  

༢ དགའ་ལྡན་དཔར་རྙིང་དང་བོད་ཀྱི་བཟོ་རིག་གནས་བབ། 

     དགའ་ལྡན་དཔར་རྙིང་གིས་བོད་ཀྱི་བཟོ་རིག་ལག་རྩལ་འཕེལ་རྒྱས་ཇེ་མགྱོགས་ལ་བཏང་བ་དང་དུས་མཚུངས་སུ་ཆེད་ལས་མི་སྣ་གསར་བ་མང་བོ་གསོ་སྐྱོང་བྱས་ཡོད་དེ། དེ་ཡང་དཔར་སྐྲུན་གྱི་ལས་རིགས་ལ་ལས་སྒོ་མི་འདྲ་བ་བཅུ་གཉིས་ཡོད་པ་ནི་ཞུས་དག་པ། ཤོག་བཟོ། ཡིག་འབྲི་བ། ཤིང་བཟོ་བ། དཔར་རྐོ་བ། ལྷ་བྲིས་པ། ལྕགས་བཟོ་བ། ལག་རྩལ་དགེ་རྒན། སློབ་ཕྲུག སྨན་པ། འཚེམ་བཟོ། ལག་གཡོག་བཅས་ཡིན་17)ཞིང་། དགའ་ལྡན་དཔར་རྙིང་གསར་དུ་བརྐོ་བའི་སྐབས་དེར་ལས་རིགས་རྣམ་གྲངས་བཅུ་གཉིས་རྣམས་ཡོངས་སུ་ཚང་མིན་བཤད་དཀའ་ན་ཡང་དེའི་རྗེས་ཀྱི་ལོ་འགའི་རིང་ལ་བྱུང་བའི་སྣར་ཐང་དཔར་ཁང་སོགས་སུ་ལས་རིགས་དེ་དག་བྱུང་བའི་སྐོར་མཁས་དབང་དུང་དཀར་རིན་པོ་ཆེས་གསུངས་པ་དེ་བཞིན་རེད།

 གོང་གསལ་ལས་རིགས་བཅུ་གཉིས་ལས་ཤོག་བཟོ་དང་ཡིག་འབྲི། དེ་བཞིན་ཤིང་བཟོ་དང་དཔར་རྐོ། ལྷ་བྲིས། ལྕགས་བཟོ། འཚེམ་བཟོ་བཅས་ནི་ཐད་ཀར་བཟོ་རིག་འབའ་ཞིག་ཡིན་ལ། ལག་རྩལ་དགེ་རྒན་དང་སློབ་ཕྲུག་ནི་བཟོ་རིག་ལག་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་མཁན་རེད། དེ་བས་དགའ་ལྡན་དཔར་རྙིང་བྱུང་བ་ནས་བོད་ཀྱི་བཟོ་རིག་ལག་རྩལ་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་ནི་དཔྱད་ན་ཤེས་པ་ཞིག་ཡིན་ལ། དེས་བོད་ཀྱི་དཔལ་འབྱོར་ལ་ཡང་འཕེལ་རྒྱས་ཀྱི་ནུས་པ་ཆེན་པོ་ཞིག་ཐོན་ཡོད་པའང་ཤུགས་ནས་ཤེས་ཐུབ་པ་ཞིག་ཡིན་ནོ། །

མཇུག་གི་གཏམ།

      དགའ་ལྡན་དཔར་རྙིང་བྱུང་བ་ནས་བོད་ཡུལ་མདོ་དབུས་ཁམས་གསུམ་གང་སར་དཔར་ཤིང་བརྐོ་བའི་ལས་ཀ་འདི་ཆེས་ཆེར་དར་བར་གྱུར་བས། དགའ་ལྡན་དཔར་རྙིང་ལ་གསར་གཏོད་དང་སྣེ་ཁྲིད་ཀྱི་དགེ་མཚན་ལྡན་པར་མ་ཟད། ད་ལྟའི་ཆར་དུས་རབས་བཅོ་ལྔ་བའི་ཡར་སྔོན་གྱི་བརྡ་སྤྲོད་ཀྱི་རྣམ་གཞག་སོགས་མང་བོ་ཞིག་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆའང་བླ་ན་མེད་པ་ཞིག་ཏུ་གྱུར་ཡོད་པས། དགའ་ལྡན་དཔར་རྙིང་ལ་ཕྱོགས་མང་བོ་ནས་ཞིབ་འཇུག་དང་ཉར་ཚགས། འཚོལ་སྡུད་བཅས་བྱེད་དགོས་པའི་རིན་ཐང་ཁྱད་པར་བ་ཞིག་ཡོད་པར་མཐོང་ངོ་། །

མཆན།

 (1)དགའ་ལྡན་དཔར་རྙིང་འདི་དང་ས་སྐྱ་གོང་མ་ལྔའི་གསུང་འབུམ་དཔར་རྙིང་གཉིས་ལས་གང་སྔ་བརྟག

(2)བོད་ཀྱི་དཀར་ཆག་རིག་པ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ཁ་བ། བོད་ཀྱི་དཀར་ཆག་རིག་པ། 2004ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་ཞུས་པ། ཤ88ན་གསལ།

(3)རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ་ལས་དཔར་ཤིང་མི་འདྲ་བའི་བར་གྱི་གནད་དོན་འགའ་གླེང་བ། སྙན་བཟང་བ་མཁར་བྱམས་ཐར། ཀྲུང་གོའི་བོད་རིག་པ་2017ལོའི་དེབ་དང་བོ་ན་གསལ།

(4)བོད་ཀྱི་དཀར་ཆག་རིག་པ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ཁ་བ། བོད་ཀྱི་དཀར་ཆག་རིག་པ། 2004ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་ཞུས་པ། ཤ88ན་གསལ།

(5)བོད་ཀྱི་བཀའ་བསྟན་ལོ་རྒྱུས་འོད་སྣང་གསར་བ། ཌོཀཊར་བྱམས་པ་བསམ་གཏན་གྱིས་བརྩམས། 2015ལོར་ཝཱ་ན་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་དཔར་དུ་བསྐྲུན། བ190ན་གསལ།

(6)བོད་ཀྱི་བཀའ་བསྟན་ལོ་རྒྱུས་འོད་སྣང་གསར་བ། ཌོཀཊར་བྱམས་པ་བསམ་གཏན་གྱིས་བརྩམས། 2015ལོར་ཝཱ་ན་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་དཔར་དུ་བསྐྲུན། བ190ན་གསལ།

(7)བོད་ཀྱི་དཀར་ཆག་རིག་པ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ཁ་བ། བོད་ཀྱི་དཀར་ཆག་རིག་པ། 2004ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་ཞུས་པ། ཤ78ན་གསལ།

(8)བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་། དབང་འདུས་ཚེ་རིང་དང་འཕྲིན་ལས་རྒྱ་མཚོས་བརྪམས། མི་རིགས་དཔེ་སྐྲུན་ཁང་གིས་2009ལོར་པེ་ཅིན་དུ་པར་ཐེངས་གཉིས་ལ་བརྒྱབ་པ། ཤ115ན་གསལ།

(9)བོད་ཀྱི་དཀར་ཆག་རིག་པ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ཁ་བ། བོད་ཀྱི་དཀར་ཆག་རིག་པ། 2004ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་ཞུས་པ། ཤ89ན་གསལ།

(10)བོད་ཀྱི་དཀར་ཆག་རིག་པ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ཁ་བ། བོད་ཀྱི་དཀར་ཆག་རིག་པ། 2004ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་ཞུས་པ། ཤ88ན་གསལ།

(11) བོད་ཀྱི་དཀར་ཆག་རིག་པ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ཁ་བ། བོད་ཀྱི་དཀར་ཆག་རིག་པ། 2004ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་ཞུས་པ། ཤ88ན་གསལ།

(12)རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ་ལས་དཔར་ཤིང་མི་འདྲ་བའི་བར་གྱི་གནད་དོན་འགའ་གླེང་བ། སྙན་བཟང་བ་མཁར་བྱམས་ཐར། ཀྲུང་གོའི་བོད་རིག་པ2017ལོའི་དེབ་དང་བོ་ན་གསལ།

(13)རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ་ལས་དཔར་ཤིང་མི་འདྲ་བའི་བར་གྱི་གནད་དོན་འགའ་གླེང་བ། སྙན་བཟང་བ་མཁར་བྱམས་ཐར། ཀྲུང་གོའི་བོད་རིག་པ་2017ལོའི་དེབ་དང་བོ་ན་གསལ།

(14)ཕག་གྲུ་སྡེ་སྲིད་ཁྲི་རབས་ལྔ་བ་དབང་གྲགས་པ་རྒྱལ་མཚན་གྱིས་ཐོག་མར་ས་སྐྱ་གོང་མ་ལྦའི་གསུང་འབུམ་དཔར་བརྐོ་བྱས་པ་དེ་བོད་ཡུལ་ནས་ཤིང་དཔར་བརྐོ་བའི་ཐོག་མ་ཡིན་པར་བཤད་མཁན་ཡང་ཡོད་པས་དཔྱད་དགོས། དབང་གྲགས་པ་འདི་རྗེ་རིན་པོ་ཆེའི་བསྟན་པའི་སྦྱིན་བདག་གཙོ་བོ་ཞིག་ཡིན། 

(15)བོད་ཀྱི་དཀར་ཆག་རིག་པ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ཁ་བ། བོད་ཀྱི་དཀར་ཆག་རིག་པ། 2004ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་ཞུས་པ། ཤ75ན་གསལ།

(16)སྨར་ཞུས། བསྐྱར་ཞུས། ཡང་ཞུས། ཞུས་ཆེན།

(17)བོད་ཀྱི་དཀར་ཆག་རིག་པ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ཁ་བ། བོད་ཀྱི་དཀར་ཆག་རིག་པ། 2004ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་ཞུས་པ། ཤ82ན་གསལ།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི། 

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 

དྲ་བའི་སྦྲེལ་ཐགhttp://www.tb1025.cn  


བརྒྱུད་འགོད།