བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-12 19:20:05     རྩོམ་པ་པོ།   འགོ་ཇོ་དབང་འདུས།    ཀློག་ཐེངས།  

   

442ebff6de72d1715b313c92e8e5c83f.jpg

བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་ནི། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་རྗེ་འཇིགས་མེད་དབང་པོ་དགུང་གྲངས་ལྔ་བཅུ་རྩ་བདུན་བཞེས་པ་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་འབྲུག་༼སྤྱི་ལོ་༡༧༨༤༽ལོར་ཕྱག་བཏབ་པའི་སྨན་གྱི་སློབ་གྲྭའི་མཚན་ཡིན།

   དང་ཐོག་ཀུན་མཁྱེན་མཆོག་གིས་དུས་འཁོར་གྲྭ་ཚང་གི་འཛིན་གྲྭ་ཞིག་གིས་སྨན་སློབ་དགོས་པར་བཀས་བཅད་ཀྱང་ལག་ལེན་རྒྱ་ཆེ་བས་སྔགས་ཀྱི་ཕྱག་ལེན་དང་བཅས་ཐམས་ཅད་གྲྭ་ཚང་གཅིག་གིས་མཐའ་ཆོད་དཀའ་བར་དགོངས་ནས་རེ་ཞིག་གི་བར་དུ་ཚོགས་ཟུར་དུ་ཚོགས་རྒྱུ་མེད་ཀྱང་ཞལ་རས་ལྷ་ཁང་དུ་སྨན་གྲྭ་ཟུར་ཚོགས་བྱས་ཏེ། མཚོ་སྔོན་གྱི་རྒྱལ་པོ་ཆིང་ཝང་བསྟན་འཛིན་དབང་ཕྱུག་གི་བླ་སྨན་དུ་༧གོང་ས་རྒྱལ་མཆོག་བདུན་པ་ཆེན་པོ་བསྐལ་བཟང་རྒྱ་མཚོ་དང་། མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གཉིས་ནས་གནང་བའི་ལྕགས་རི་འགྲོ་ཕན་རིག་བྱེད་གླིང་ནས།  ༧རྒྱལ་བའི་བླ་སྨན་ཆེན་པོ་སྒྲགས་སྨན་སངས་རྒྱས་སྲིད་སྒྲུབ་ནི་༼༧རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་དང་བདུན་པ་བསྐལ་བཟང་རྒྱ་མཚོ་རྣམ་གཉིས་ཀྱི་བླའི་སྨན་པ་ཆེན་པོ་ཡིན་པ་དང་།  རྗེ་འདིའི་འཁྲུངས་ཡུལ་གཡོར་པོ་བྱང་རྒྱུད་སྒྲགས་ཀྱི་ཕུ་ནས་ཡིན་པས་སྒྲགས་སྨན་ཞེས་ཞུ་བའོ་༽དང་མི་དབང་ཕོ་ལྷ་བའི་བླ་སྨན་ཆེན་པོ་ཐབས་མཁས་རྣམ་གཉིས་ཀྱི་ཐུགས་ཟིན་ཞལ་སློབ་སྨན་རམས་པ་ཆེན་པོ་གཙང་སྨན་ཡེ་ཤེས་བཟང་པོ་མཆོག་དང་།  རྗེ་འདི་ཉིད་དང་བདེ་ཆེན་དཔོན་སློབ་འཇམ་དབྱངས་དཔལ་ལྡན་གཉིས་ཀའི་དྲུང་དུ་རིག་གནས་སྤྱི་དང་ཁྱད་པར་གསོ་རིག་ལ་མཁས་པར་སྦྱངས་པའི་རྡོ་རྗེ་རབ་འབྱམས་པ།  ཕྱོགས་འདིར་གཙང་སྨན་ཡེ་ཤེས་བཟང་པོའི་གསོ་རིག་སློབ་མ་རྣམས་ཀྱི་ནང་ནས་ཡང་རྩེར་སོན་པའི་ལྔ་རིག་པ་སོག་པོ་མེར་གན་ཨེམ་ཆི་བློ་བཟང་དར་རྒྱས་བཅས་དཔོན་སློབ་གསུམ་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་འདྲེལ་ཞུས་ནས་དཔལ་ལྡན་རྒྱུད་བཞི་སོགས་གཞུང་དང་ལག་ལེན་གྱི་རྒྱུན་རྣམས་གངས་ལྗོངས་སྨན་པའི་གྲོང་ཁྱེར་ལྕགས་རི་འགྲོ་ཕན་ལྟ་ན་ངོ་མཚར་རིག་བྱེད་གླིང་གི་བཞེད་སྲོལ་དྲི་མ་མེད་པ་ཚུལ་བཞིན་འཆད་སྤེལ་མཛད་ཅིང་། ཟླ་བ་བཞི་པ་ནས་བརྒྱད་པའི་བར་དུ་རྩ་བ་དང་ལོ་མ་དང་མེ་ཏོག་དང་འབྲས་བུའི་སྟེང་ནས་སྔོ་སྨན་ངོ་སྤྲོད་དང་།  ཟླ་བ་དགུ་པ་ནས་བཅུ་གཉིས་པའི་བར་ལ་གཞུང་ལུགས་དཔེ་ཁྲིད།  ཟླ་གཉིས་པ་དང་གསུམ་པ་གཉིས་ལ་ལག་ལེན་གྱི་སྐོར་རྣམས་མཐོང་བ་བརྒྱུད་པའི་ཕྱག་ལེན་བཞིན་དམར་ཁྲིད་ཀྱི་སྒོ་ནས་ཞིབ་ཏུ་སློབ་པར་མཛད།  སྔོ་སྨན་ངོ་སྤྲོད་ལ་གཉན་རྗེ་གོང་སྔོན་དང་།  སྔོ་ལ་གཡུ་རྩེ།  མགོ་དཀར་སྔོན། ཞལ་དཀར་སོགས་ཁ་གྱའི་མར་ཁུའི་རྫ་རྒྱུད། སྐུ་བླ་སྤུན་གསུམ། ཀླུའི་ཆབ་བྲག  མཛོ་མོ་ནུ་རྩེ་སོགས་རྨ་འགྲམ་དང་རྩེ་འགྲམ་གྱི་རྫ་བྲག་སྤང་རི་དུ་མ་འགྲིམས་ནས་སྨན་ངོ་ཞིབ་ཁྲིད་མཛད་པའི་སྲོལ་བཙུགས། སློབ་གྲྭ་འདིའི་བསླབ་གཞིའི་ཡིག་ཆ་གཙོ་བོ་དཔལ་ལྡན་རྒྱུད་བཞི་དང་།  ཆ་ལག་བཅོ་བརྒྱད།  མེས་པོའི་ཞལ་ལུང་།  རྒྱུད་འགྲེལ་བེེཌཱུརྱ་སྔོན་པོ།  མན་ངག་ལྷན་ཐབས་སོགས་ལྕགས་རི་འགྲོ་ཕན་རིག་བྱེད་གླིང་གི་ལུགས་ལྟར་ཡིན་པར་གསུངས། དེ་རྗེས་བླ་བྲང་བཀྲ་ཤིས་འཁྱིལ་བཙུགས་ནས་ལོ་ངོ་དོན་བཞི་པ་སྟེ།  རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་འབྲུག་༼སྤྱི་ལོ་༡༧༨༤༽ལོར་སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་དངོས་སུ་དབུ་བརྙེས་ཏེ་གདན་རབས་དང་པོ་ཀུན་མཁྱེན་འཇིགས་མེད་དབང་པོ་མཆོག་ཉིད་ཁྲིར་ཕེབས་ཤིང་གསོ་རིག་གཞན་ཕན་གླིང་ཞེས་མཚན་བསྩལ་བར་མཛད་པས་འཆད་ཉན་སོགས་སྒོ་ཀུན་ནས་ཡར་འཕེལ་དུ་མཛད། དེ་རྗེས་རིགས་གྲྭ་བློ་བཟང་འཇིགས་མེད་དང་།སྨན་ལུང་བློ་བཟང་རྒྱལ་མཚན།  དཔལ་མང་ཆུང་བ་དཀོན་མཆོག་ཆོས་འཕེལ་སོགས་ནས་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་བར་ཁྲི་རབས་ཉི་ཤུ་ཐམ་པ་ཕེབས་ཤིང་།  དེ་དག་གི་འཕྲིན་ལས་ལ་བརྟེན་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གསོ་རིག་མཁས་དབང་རྣམ་འདྲེན་རྒྱ་མཚོ་དང་རྡོ་རམས་པ་ཨ་སྒོམ་བློ་བཟང་རྣམ་རྒྱལ་སོགས་གསོ་དཔྱད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པའི་དམ་པ་དུ་མ་སྐྱེད་སྲིང་མཛད་དེ་གངས་ཅན་བོད་ཡུལ་སྤྱི་དང་ཁྱད་པར་དུ་མདོ་སྨད་ལྷོ་བྱང་གི་ཡུལ་གྲུ་ཀུན་དང་ཐ་ན་སོག་ཡུལ་ཕྱི་ནང་དུའང་༧རྗེ་བཙུན་གཡུ་ཐོག་པའི་འཕྲིན་ལས་དཀར་འཇམ་ཡུག་གཅིག་ཏུ་ཁྱབ་པར་གྱུར་པའི་མཛད་རྗེས་རླབས་པོ་ཆེ་བཞག་ཐུབ་པ་བྱུང་ཡོད།

                                               རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།