ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི《ཨ་མ་ངོ་ཤེས་ཀྱི་བརྫུན་ཚིག་བྲག་ཅའི་སྒྲ་དབྱངས》ཀྱི་སྒྱུ་རྩལ་ཁྱད་ཆོས་རགས་ཙམ་གླེང་བ།

    སྤེལ་དུས།  2016-08-15 21:51:47     རྩོམ་པ་པོ།   བླ་ནག་ཡེ་ཤེས་བཟང་བོ།    ཀློག་ཐེངས།  

གླེང་གཞི། 

སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་གྱི་དྭངས་མ་ཡིན་ཞེས་ཀུན་གྱི་ཁ་ལ་རླུང་ལྟར་གྲགས་འདུག    དེ་ལྟ་ན་ཡང་། ཁོ་བོའི་བསམ་ཚུལ་ལ། གལ་ཏེ་སྙན་ངག་ནི་སྐད་ཆའི་ཉིང་བཅུད་ཡིན་པ་བདེན་ན་དེའི་བརྗོད་བྱའི་བསྟན་དོན་ཡང་སྤྱིར་བཏང་བ་ཞིག་ཡིན་མི་འོས་སྙམ།  རྒྱུ་མཚན་ནི་སྐད་ཆའི་སྒྱུ་རྩལ་གྱི་དྭངས་མ་ཞིག་ལ་མཚོན་ན། དེའི་བསྟན་དོན་ཡང་འགྲོ་བ་མིའི་བསམ་བློའི་ཕུད་དམ་དྭངས་མ་ཞིག་ཡིན་དགོས་ཏེ།  དཔེར་ན་གསེར་དངུལ་གྱི་སྣོད་ནི་སྤྱིར་བཏང་གི་བཏུང་བའི་སྣོད་དུ་མི་འོས་པ་བཞིན་ནོ༎

དེ་ཡང་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་དྭངས་མ་ནི་མཚན་ཉིད་རིག་པའི་ལྟ་དགོངས་ཉིད་ཡིན་ཞེས་འཛམ་གླིང་ཤར་ནུབ་ཀྱི་མཁས་དབང་ཡོད་རྒུ་མགྲིན་གཅིག་དབྱངས་གཅིག་ཡིན་ལ།ས་ཆེན་པོ་འདིའི་མཐའ་དབུས་དག་ཏུ་གནས་པའི་ངག་རིག་སྨྲ་བ་མང་པོ་ཞིག་གིས་རང་ཉིད་ཀྱི་མཚན་ཉིད་རིག་པའི་ལྟ་གྲུབ་སྲོག་ཏུ་བྱས་པའི་སྙན་ངག་མཆོག་ཏུ་གྱུར་བ་མང་བོ་རྩོམ་གནང་མཛད་དེ་འགྲོ་བ་མིའི་རིགས་ཀྱི་རིག་པའི་བང་མཛོད་ལ་གཟི་འོད་བསྣན་ཅིང་། ས་སྟེང་ལུས་ཅན་ཀུན་ལ་རྨོངས་པའི་སྨག་རུམ་འཇོམས་པའི་སྒྲོན་མེ་སྦར་ཡོད་པ་རེད།

རང་རེ་བོད་གངས་ཅན་ལ་མཚོན་ན་ཡང་།  མཁས་པ་སྔ་ཕྱི་མང་བོས་མཚན་ཉིད་རིག་པའི་དགོངས་དོན་བརྗོད་བྱར་བྱས་པའི་སྙན་ངག་གི་བསྟན་བཅོས་ཅུང་མང་ཙམ་བརྩམས་གནང་མཛད་ཡོད་ཅིང་།འདིར་དེ་དག་གི་ཁྲོད་ནས་རྗོད་བྱེད་དམ་སྒྱུ་རྩལ་གྱི་ཆ་ནས་རྨད་དུ་བྱུང་བའི་ཡོན་ཏན་དུ་མ་དང་ལྡན་པའི་བསྡུས་བརྗོད་ཀྱི་སྙན་ངག་སྟེ། ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་ཨ་མ་ངོ་ཤེས་ཀྱི་བརྫུན་ཚིག་བྲག་ཅའི་སྒྲ་དབྱངས》①ཞེས་པའི་རྩོམ་རྩལ་དང་སྒྱུ་རྩལ་་གྱི་ཆ་ལ་དཔྱད་པ་ཆེ་ལོང་ཙམ་ཞིག་བགྱི་བར་འདོད་དོ༎

དེ་ཡང་སྙན་ངག་འདིའི་རྩོམ་པ་པོ་ནི་ལྕང་སྐྱ་རོལ་བའི་རྡོ་རྗེ་ཡིན་ལ།ཁོང་ནི་མདོ་སྨད་བྱང་ཕྱོགས་ཀྱི་ཡུལ་གྲུ་ལང་གྲུ་སྡེ་བཞིའི་ནང་ཚན་ནུབ་པདྨའི་སྡེའི་ཆར་གཏོགས་པའི་འབྲོག་གནས་བྲག་དཀར་ཟེར་བའི་ལུང་བར།  ཡབ་ཆི་ཀྱ་གུ་རུ་བསྟན་འཛིན་དང་ཡུམ་བུ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་མེ་བྱསྤྱི་ལོ༡༧༡༧ལོར་སྐུ་བལྟམས། དགུང་ལོ་བཞི་བར་ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་པ་གླིང་གི་ལྕང་སྐྱ་བླ་བྲང་དུ་ཕེབས།ཆུ་ བཟང་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་ལས་རབ་ཏུ་བྱུང་ཞིང་མཚན་ངག་དབང་ཆོས་ཀྱི་གྲགས་པ་བསྟན་པའི་རྒྱལ་མཚན་དཔལ་བཟང་བོར་གསོལ།   ཨ་རྩེ་ཆོས་རྗེ་བློ་བཟང་ཆོས་འཛིན་པའི་དྲུང་ནས་ཡི་གེ་འབྲི་ཀློག་སྦྱངས།  དགུང་ལོ་བདུན་པར་རྗེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དྲུང་དུ་ཡོངས་རྫོགས་དགེ་་བསྙེན་གྱི་སྡོམ་པ་དང་བར་མའི་ཚུལ་ཁྲིམས་ལེགས་པར་བཞེས། དགུང་ལོ་བརྒྱད་པའི་སྟེང་གོང་མའི་བཀའ་བཞིན་རྒྱ་ནག་ཏུ་གདན་དྲངས་ཏེ་ཟུང་གྲུ་ཟི་དགོན་པར་སྐུ་གོང་མའི་ཁྲིར་འཁོད།  ཁྲི་ཆེན་བློ་བཟང་བསྟན་པའི་ཉི་མ་དང་།  དཀའ་ཆེན་ཤེས་རབ་དར་རྒྱས་སློབ་དཔོན་དུ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལ་གསན་སྦྱངས་མཛད་དེ་གཞན་དྲིང་མི་འཇོག་པའི་སྤོབས་པ་བརྙེས།ཤིང་ཡོསསྤྱི་ལོ༡༧༣༥ལོར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་མགར་ཐར་ནས་དབུས་སུ་སྤྱན་འདྲེན་པར་ཕེབས། རྒྱལ་བའི་དབང་བོ་མཆོག་དང་ཁྲི་ངག་དབང་མཆོག་ལྡན་ཡབ་སྲས་ལས་རི་བོ་དགེ་ལྡན་པའི་སྙན་བརྒྱུད་ཀྱི་གདམས་པ་ཡོངས་རྫོགས་གསན།  ཟླ་བ་བཅུ་བར་པཎ་ཆེན་བློ་བཟང་ཡེ་ཤེས་ལས་དགེ་ཚུལ་སློང་གི་སྡོམ་པ་མནོས།  མཚན་ཡེ་ཤེས་བསྟན་པའི་སྒྲོན་མེ་དཔའ་བཟང་བོར་གསོལ།  མེ་འབྲུགསྤྱི་ལོ༡༧༣༦ལོར་རྒྱ་ནག་ཏུ་ཕེབས།ཁྲི་ཆེན་སྤྲུལ་སྐུ་བློ་བཟང་བསྟན་པའི་ཉི་མ་ལས་བཀའ་ཆོས་དང་།  རྟ་ཚག་རིན་པོ་ཆེའི་ཕུ་བོ་དཔལ་བཟང་ཆོས་རྗེ་སོགས་ལས་མདོ་སྔགས་རིག་གནས་ཐམས་ཅད་དང་། ཁྱད་པར་དུ་རྩིས་རིག་ལ་མཁས་པའི་ཕ་རོལ་ཏུ་སོན། ཆེན་ལུང་ལྷ་སྐྱོང་ལ་བདེ་མཆོག་གི་དབང་གནང་། དགུང་ལོ་ཉེར་ལྔ་བ་ལྕགས་བྱ་སྤྱི་ལོ༡༧༤༡ལོར་གོང་མའི་བཀའ་ལྟར་རྒྱལ་བའི་བཀའི་དགོངས་འགྲེལ་གྱི་བསྟན་བཅོས་འགྱུར་རོ་ཅོག་སོག་སྐད་དུ་བསྒྱུར་བའི་འགོ་ཚུགས།  ཐ་སྙད་གཅིག་གྱུར་ཆེད་དུདག་ཡིག་མཁས་པའི་འབྱུང་གནསམཛད།  དགུང་ལོ་སོ་གསུམ་པ་རབ་བྱུང་བཅུ་གསུམ་པའི་ས་སྦྲུལསྤྱི་ལོ༡༧༤༩ལོར་རང་ཡུལ་མདོ་སྨད་དུ་ཕེབས།  སྐུ་འབུམ་དང་དགོན་ལུང་།  གསེར་ཁོག་སོགས་སུ་ཕེབས་ནས་ཟབ་ཆོས་མང་དུ་གནང་སྟེ་འགྲོ་དོན་རྒྱ་ཆེར་མཛད།  ལོ་དེའི་ཟླ་བརྒྱད་པར་པེ་ཅིན་དུ་ཕེབས།  པེ་ཅིན་དུ་བོད་ལུགས་ཀྱི་དགོན་པ་མང་བོ་གསར་དུ་བཞེངས། དགུང་ལོ་ཞེ་གཅིག་པ་མེ་གླངསྤྱི་ལོ༡༧༥༧ལོར་སླར་ཡང་དབུས་སུ་ཕེབས། རྒྱུད་སྟོད་སྨད་དུ་བདེ་གསང་སོགས་ཀྱི་དབང་གནང་།  གོང་ས་འཇམ་དཔལ་རྒྱ་མཚོ་རྒྱལ་བའི་སྤྲུལ་སྐུར་ངོས་འཛིན་མཛད། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་བརྩམས།  ལྕགས་འབྲུག་ལོར་སླར་ཡང་པེ་ཅིན་དུ་ཕེབས།དགུང་ལོ་ཞེ་བདུན་པ་ཆུ་ལུགསྤྱི་ལོ༡༧༦༣ལོར་སོག་ཡུལ་བརྒྱུད་ནས་མདོ་སྨད་དུ་ཕེབས།  དགོན་ཆེན་དུ་མར་ཞབས་ཀྱིས་བཅགས།  མེ་ཕག་ལོར་རི་བོ་རྩེ་ལྔར་ཕེབས་སན་ཨེ་ཝཾ་དགའ་འཁྱིལ་ཞེས་པའི་སྒྲུབ་ཁང་བཏབ།  དགུང་ལོ་ང་ལྔ་བ་ལྕགས་ཡོསསྤྱི་ལོ༡༧༧༡ལོར་གོང་མའི་བཀའ་ལྟར་བཀའ་འགྱུར་ཆེན་མོ་མན་ཇུའི་སྐད་དུ་བསྒྱུར་འགོ་ཚུགས། དགུང་ལོ་བདུན་ཅུ་བ་རབ་བྱུང་བཅུ་གསུམ་པའི་མེ་ཏོག་སྤྱི་ལོ་༡༧༨༦ལོར་རི་བོ་རྩེ་ལྔའི་ཨེ་ཝཾ་དགའ་འཁྱིལ་དུ་སྐུ་མྱ་ངན་ལས་འདས།ཁོང་གི་བཀའ་རྩོམ་ལ་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱནདང་དག་ཡིག་མཁས་པའི་   འབྱུང་གནསསོགས་ལེགས་བཤད་རྨད་དུ་བྱུང་བ་མང་བོ་བཞུགས།

དང་པོ།  སྙན་ངག་འདིའི་བརྗོད་དོན་མདོར་བསྟན་པ།

སྙན་ངག་འདིའི་བརྗོད་བྱའི་བསྟན་དོན་ནི།ནང་བ་སངས་རྒྱས་པའི་མཚན་ཉིད་རིག་པའི་གཞུང་ཤིང་ངམ་བླ་སྲོག་ཏུ་གྱུར་པའི་རྟེན་འབྱུང་གི་ལྟ་བ་ཡིན་ཞིང་།

དེ་ཉིད་ནི་སྟོན་པ་ཤཱཀྱ་ཐུབ་པས་གསུངས་པའི་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་རམ་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་བརྗོད་བྱའི་གཙོ་བོ་ཡིན་ཏེ།  དེ་ཉིད་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་རྒྱུ་མཚན་གྱིས་ཤེར་ཕྱིན་གྱི་གཞུང་འདི་སྟོན་པ་ཤཱཀྱ་ཐུབ་པས་ཆོས་ཀྱི་ཕུང་བོ་ཇི་སྙེད་ཅིག་བཀའ་སྩལ་བའི་ནང་གི་རབ་དང་ཕུལ་དང་གྱ་ནོམ་པར་བཤད་ཅིང་།  ལྟ་བ་འདི་ཉིད་ཐོག་མར་རྒྱ་གར་ལྷོ་ཕྱོགས་སུ་དར་ཞིང་།  དེ་ནས་རིམ་གྱིས་ཤར་ཕྱོགས་སུ་དར་བ་དང་།  ཕྱིས་སུ་རང་རེ་བོད་གངས་ཅན་གྱི་ལྗོངས་སུ་རྩ་བ་ཚུགས་ཏེ།  བོད་ཀྱི་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་སོགས་ཀྱིས་འདི་ཉིད་བརྗོད་བྱའི་སྲོག་ཏུ་བྱས་པའི་གཞུང་འགྲེལ་མང་དུ་བརྩམས་ཤིང་།བསྟན་པ་ཕྱི་དར་གྱི་དུས་སུ་འབོད་པའི་སྐབས་ནས་བཟུང་།  བོད་ཀྱི་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུ་དག་གིས་རྒྱ་ཆེར་འགྲེལ་དང་དོན་འགྲེལ།ཚིག་འགྲེལ་སོགས་དུ་མ་མཛད་དེ་ཟབ་མོ་རྟེན་ཅིང་འབྲེལ་བའི་ལྟ་བ་འདི་ཉིད་ཉི་ཟླ་ལྟར་གསལ་བར་མཛད་པ་རེད།

འོ་ན་རྟེན་འབྱུང་གི་ལྟ་བའམ་སྟོང་ཉིད་ཀྱི་ལྟ་བ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན།རྩ་ཤེས་ལས།  རྟེན་ཅིང་འབྲེལ་བར་འབྱུང་བ་གང་།།དེ་ནི་སྟོང་བ་ཉིད་དུ་བ་བཤད༎ དེ་ནི་བརྟེན་ནས་གདགས་པ་སྟེ།།དེ་ཉིད་དབུ་མའི་ལམ་ཡིན་ནོ༎ཞེས་གསུངས་པ་ལྟར།ཕྱི་ནང་གི་ཆོས་རྣམས་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བ་མ་གཏོགས།  རང་དབང་ཚུགས་ཐུབ་ཏུ་གྲུབ་པ་རྡུལ་ཙམ་ཡང་མེད་པར་ལྟ་བ་སྟེ། དེ་ཡང་འདུས་བྱས་ཀྱི་ཆོས་རྣམས་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བ་དང་། འདུས་མ་བྱས་ཀྱི་ཆོས་རྣམས་རང་ཉིད་འདོགས་བྱེད་སྒྲ་དང་རྟོག་པ་ལ་བརྟེན་ནས་གྲུབ་པར་ལྟ་བའི་དགོངས་པའམ་ལྟ་གྲུབ་ཅིག་ལ་ཟེར་ཞིང་།   ཅུང་ཞིབ་ཏུ་བཤད་ན། འདུས་བྱས་ཀྱི་འབྲས་བུ་རྣམས་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བར་མ་ཟད།  རྒྱུ་རྐྱེན་དག་ཀྱང་རང་གི་འབྲས་བུ་ལ་ཕར་ལྟོས་པར་འདོད་པ་སྟེ།དཔེར་ན།དུ་བ་མེ་ལ་ལྟོས་པར་མ་ཟད། མེ་ཡང་དུ་བ་ལ་ལྟོས་པར་འདོད་པས་ན་རྟེན་འབྱུང་གི་ལྟ་བ་ཞེས་བྱའོ།།

འདི་ནི་རྩོད་སྒྲུབ་ཀྱི་ལྟ་བའི་ཁུངས་གཏུག་ས་ཡིན་ཏེ།ཧེ་ཀར་(黑格尔)གྱི་རྩོད་སྒྲུབ་རིག་པ( 辩证法)དེ་ཡང་མཐར་གཏུག་ན་སློབ་དཔོན་ཀླུ་སྒྲུབ་ཀྱི་རིགས་ཚོགས་སོགས་ནས་གསལ་བོར་བཤད་པའི་རྟེན་འབྱུང་གི་ལྟ་བ་ལ་ཐུག་ཡོད་པ་དང་།   དེང་གི་དངོས་གཙོ་རྩོད་སྒྲུབ་སྨྲ་བའི་ལྟ་གྲུབ་ཀྱང་ཡར་དེད་ན་ཧེ་ཀར་གྱི་རྩོད་སྒྲུབ་རིག་པ་ལ་ཐུག་ཡོད་པའི་ཕྱིར་རོ༎

གཉིས་པ།   སྙན་ངག་འདིའི་སྒྱུ་རྩལ་གྱི་ཁྱད་ཆོས་ཅུང་ཟད་ཕྱེ་སྟེ་བཤད་པ།

དེ་ཡང་སྙན་ངག་འདིའི་སྒྱུ་རྩལ་གྱི་ཁྱད་ཆོས་གཙོ་བོ་ནི་ཕྱོགས་གསུམ་ནས་མཚོན་ཏེ།མཚོན་ཐབས་ཕུལ་བྱུང་སྤྱད་པའི་ཁྱད་ཆོས་དང་། བརྩེ་གདུང་ཤུགས་དྲག་གིས་ཟིན་པའི་ཁྱད་ཆོས། ཚིག་སྦྱོར་སྡེབ་ལེགས་པའི་ཁྱད་ཆོས་དང་གསུམ་ལས།

གཅིག   མཚོན་ཐབས་ཕུལ་དུ་བྱུང་བའི་ཁྱད་ཆོས།

སྙན་ངག་འདིའི་མཚོན་ཐབས་ནི་སྤྱིར་འཁྱོག་བརྗོད་ཀྱི་མཚོན་ཐབས་སུ་གཏོགས་ཤིང་།  དེའི་ནང་ནས་ཀྱང་བསྡུས་བརྗོད་དམ་མཚོན་དཔེ་རྐྱང་བ་འགོད་པའི་མཚོན་ཐབས་ཡིན།  《སྙན་ངག་མེ་ལོང་མལས།  དངོས་པོ་འགའ་ལ་བསམ་བྱས་ནས༎དེ་དང་མཚུངས་པའི་དངོས་པོ་གཞན།།  བསྡུས་པའི་ཚུལ་གྱིས་རྗོད་བྱེད་པ༎དེ་ནི་བསྡུས་པ་བརྗོད་པར་འདོད༎ཅེས་བརྗོད་པར་འདོད་པའི་དཔེ་ཅན་གྱི་དངོས་པོ་འགའ་ཞིག་ལ་བསམ་པར་བྱས་ནས་དེ་དང་ཆོས་མཚུངས་པའི་དཔེའི་དངོས་པོ་གཞན་དག་ངག་ཏུ་བཀོད་པའི་སྒོ་ནས་དཔེ་ཅན་ནམ་བརྗོད་དོན་དེ་བསྡུས་པའི་ཚུལ་གྱིས་རྗོད་པར་བྱེད་པ་སྟེ།  མདོར་ན་བརྗོད་དོན་ཤུགས་ལ་སྦས་ནས་དཔེ་རྐྱང་བ་འགོད་པའི་མཚོན་ཐབས་སྤྱད་དེ་རྨད་དུ་བྱུང་བའི་དགེ་མཚན་ཐོན་པར་བྱས་ཡོད། སྙན་ངག་འདི་ཉིད་ལས།

ཨ་མ་རྒན་མོ་དེ་ཡུན་རིང་སྟོར་བའི༎

བུ་ཆུང་སྨྱོན་པ་ང་ཅི་ཞིག་ལྟར་ཏེ༎

ཨ་མ་དྲིན་ཅན་དང་ལྷན་ཅིག་འདུག་པ༎

ངོ་མ་ཤེས་པ་དེ་ཤེས་ལ་ཁད་སྣང་ངོ༎

ཞེས་དང་།   ཡང

ཕ་རྒན་བཙལ་བས་ནི་མ་རྙེད་པ་དེ༎

མ་རྒན་རྙེད་པ་ཁོ་ཡིན་པར་འདུག་པས༎

ཨ་མའི་པང་ནས་ནི་ཕ་རྒན་རྙེད་པས༎

ཕ་མ་དྲིན་ཅན་གྱིས་བུ་ང་སྐྱོབ་སྐད༎

ཅེས་དང་། ཡང

ཨ་མ་མ་མཐོང་ཡང་མིང་ཙམ་ཞིག་གིས༎

ཕ་མ་དྲིན་ཅན་དེ་ཡུན་རིང་སྟོར་བ༎

གན་ན་འདུག་པ་བཞིན་འཕྲད་པར་སྣང་གི།

ཞེས་དང་། ཡང་།

སྐྱེ་མེད་བརྗོད་བྲལ་གྱི་ཨ་མ་རྒན་མོ༎

རིག་པའི་བུ་ཆུང་དང་ལྷན་ཅིག་འཛོམས་ནས༎

ཀུན་བཟང་སྤྱོད་པ་ཡི་དགའ་སྟོན་ཆེན་པོས༎

མ་རྒན་འགྲོ་བ་ཀུན་གཏན་བདེར་འཁྲིད་དོ༎

ཞེས་པ་ལྟ་བུ་སྟེ།  འདི་དག་གི་སྐབས་སུ་དཔེ་རྐྱང་བ་ལས་དཔེ་ཅན་ནམ་བརྗོད་དོན་གབ་སྦས་བྱས་དྲགས་པས།   ནང་བའི་མཚན་ཉིད་རིག་པར་སློབ་སྦྱོང་བྱས་མ་མྱོང་བ་ཞིག་ལྟ་ཅི། གལ་ཏེ་མྱོང་བའི་དབང་དུ་བཏང་ན་ཡང་། གོ་བ་གཏིང་ཚུགས་པ་ཞིག་རྙེད་མེད་ན་སྙན་ངག་འདིར་མྱོང་རོལ་བྱ་རྒྱུ་ནི་ཧ་ཅང་དཀའ་བའི་གནས་སུ་འཁུམས་ཤིང་།དེ་ནི་སྙན་ངག་འདིའི་སྒྱུ་རྩལ་གྱི་ཆ་ཧ་ཅང་ཚད་མཐོན་པོར་སོན་པའི་དན་རྟགས་ཡིན་ལ།  ཀློག་པ་པོ་རེ་རེས་ཀྱང་ཁམས་དང་མོས་པའི་དབང་གིས་རང་རང་གིས་གོ་དོན་མི་འདྲ་བ་རེ་རྙེད་སྲིད་ཅིང་།  འགའ་རེས་རང་གི་འཚོ་བའི་ཁྲོད་ཀྱི་ཨ་མ་དངོས་གནས་པར་འཁྲུལ་ཡང་སྲིད་དོ༎  སྙན་ངག་འདིར་དེ་ལྟར་རྩོམ་པ་པོའི་དགོངས་པ་སྦས་དོན་དུ་བྱས་ཏེ་དཔེ་ཁོ་ན་ཙམ་བསྟན་པས། ཀློག་པ་པོས་འདིའི་དགོངས་པ་འདི་ཨེ་ཡིན།  དེ་ཨེ་ཡིན་སྙམ་དུ་ཀུན་རྟོག་རྒྱ་བསྐྱེད་དེ་སྙན་ངག་གི་ནམ་མཁའ་ཡངས་པོ་ཞིག་བཞེངས་ཆོག་ཆོག་ཡིན།

དེ་ཡང་སྙན་ངག་འདིའི་མཚོན་དཔེ་གཙོ་བོ་སྟེ་ཨ་མ་རྒན་མོ་ནི།  སེམས་ཀྱི་ཆོས་ཉིད་དམ་སེམས་བདེན་པས་སྟོང་བའི་སྟོང་ཉིད་ཡིན་ལ།  "བུ་ཆུང་སྨྱོན་པའི"བསྡུ་བྱ་ནི།  དེ་ལྟ་བུའི་ཆོས་ཉིད་དམ་སྟོང་ཉིད་ཀྱི་ལྟ་བ་   འཚོལ་མཁན་གྱི་སེམས་ཡིན་ཞིང་། དེ་ལྟ་བུའི་སེམས་དེས་རང་གི་ཆོས་ཉིད་དེ་རང་དང་ལྷན་ཅིག་ཏུ་འགྲོགས་ཤིང་གནས་ནས་ཡོད་པ་དེ། ད་ལྟའི་བར་དུ་ངོས་མ་ཟིན་པར་ཡོད་ཀྱང་ད་ལྟ་རྟེན་འབྲེལ་རིགས་པའི་རྒྱལ་བོའི་གཏན་ཚིགས་ལ་བརྟེན་ནས་ངོ་ཤེས་པ་སྟེ།  ངོས་ཟིན་ལ་ཉེ་བའི་དོན་ནོ༎རྟེན་འབྲེལ་གྱི་རྟགས་ལ་རིགས་པའི་རྒྱལ་བོ་ཟེར་དོན་ནི། རྟེན་ཞེས་པས་རང་ངོས་ནས་གྲུབ་པའི་རྟག་མཐའ་དང་།  འབྲེལ་ཞེས་པས་ཐ་སྙད་ཙམ་དུ་ཡང་མེད་པའི་ཆད་མཐའ་གཉིས་རྟགས་ཀྱི་བྱེད་པས་ཅིག་ཅར་དུ་སེལ་བས་ཡིན་ནོ༎

ཧྥ་རན་སིའི་བསྡུས་བརྗོད་རིང་ལུགས་ཀྱི་སྲོལ་བཏོད་པ་ཆེན་མོ་པོ་ཏེ་ལའེ་ཨར་གྱིས"མིག་གི་སྤྱོད་ཡུལ་དུ་གྱུར་བའི་འཇིག་རྟེན་ཧྲིལ་བོ་ནི་གཟུགས་བརྙན་དང་བརྡ་རྟགས་ཀྱི་གསེར་མཛོད་ཙམ་དུ་ཟད"④ཅེས་པ་ལྟར་བསྡུས་བརྗོད་ཀྱི་སྙན་ངག་སྨྲ་བ་ཞིག་ལ་མཚོན་ན།ཕྱི་རོལ་འཇིག་རྟེན་གྱི་དངོས་པོ་ཡོད་ཚད་བསྡུས་བརྗོད་ཀྱི་མཚོན་དཔེར་འགོད་ཆོག་ཆོག་ཡིན་ལ། སྙན་ངག་འདིའི་རྩོམ་པ་པོས་དེ་དག་གི་ཁྲོད་ནས་ཀུན་ལ་དྲིན་དུ་ཆེ་བའི་མ་ཡུམ་དཔེར་བདམས་པ་ནི།སྤྱིར་ཨ་མ་ནི་འཇིག་རྟེན་ན་རླབས་ཆེ་ཞིང་སྙིང་ཉེ་བ་སྟེ།རང་གི་བུ་ཕྲུག་གི་ཆེད་དུ་ཡོད་ཚད་བློས་གཏོང་ཕོད་ཅིང་། བྱིས་པའི་དུས་སུ་དཀའ་ཁག་གི་དུས་སུ་ཨ་མ་དྲན་པ་དང་། དེ་མིན་ཀྱང་དཀའ་ཁག་དང་ཕྲད་ཚེ་སུས་ཀྱང་ཨ་མ་དྲན་སྲིད་ལ་།  ཨ་མ་ནི་རང་ཉིད་  སྐྱོབ་མཁན་ལྷད་མེད་ཅིག་ཡིན་པས་འདིར་ཡང་ཆེད་དུ་བསྡུས་བརྗོད་ཀྱི་མཚོན་དཔེར་ཨ་མ་བཀོད་པའོ༎

"མི་དྲང་བོ་དཀའ། སྙན་ངག་འཁྱོག་པོ་དཀའ་"ཞེས་རྒྱའི་སྙན་ངག་ པ་རྣམས་ལ་གྲགས་པ་བཞིན།  རྩོམ་གང་ཞིག་སྙན་ངག་ཏུ་འགྲོ་མིན་ཡང་འཁྱོག་བརྗོད་ཀྱི་ཆུ་ཚད་སྟེང་ནས་འབྱེད་དགོས་པས།  འཁྱོག་བརྗོད་བྱ་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མ་ཡིན། བསྡུས་བརྗོད་ཀྱི་མཚོན་ཐབས་ནི་འཁྱོག་བརྗོད་དུ་གཏོགས་ཤིང་། འཛམ་གླིང་གི་བརྩམས་ཆོས་ཕུལ་བྱུང་མང་བོ་ཞིག་ནི་བསྡུས་བརྗོད་ཀྱི་སྒོ་ནས་བརྩམས་པ་ཤ་སྟག་སྟེ།  དཔེར་ན། རྒྱ་ནག་གི་སྙན་ངག་སྨྲ་བ་ཆེན་པོ་ཨེ་ཆིང་གི་སྙན་ངག་ལྗོན་ཤིངཞེས་པ་ལྟ་བུ་སྟེ།སྙན་ངག་དེ་ལས།"མཁའ་རླུང་བསེར་བུས་གོ་མཚམས་རིང་ཕྱེས་པས༎ལྗོན་ཤིང་དག་ནི་སྐྱོ་བས་རང་སར་འགྲེང་༎དེ་ལྟ་ནའང་ཞབས་སྐྱེས་ཡལ་འདབ་ནི༎ནོར་འཛིན་བུ་མོའི་ལྷུམས་ན་རིང་རྒྱས་ཏེ།།  ལྟ་བྱེད་རྐུན་པོས་དབེན་པོས་འཇིག་རྟེན་ན༎ཕན་ཚུན་སོར་མོའི་དྲ་བ་དམ་དུ་འཁྱུད༎ཅེས་པ་འདི་ཡང་ཡོངས་སུ་བསྡུས་བརྗོད་ཀྱི་རྒྱན་ལ་སྦྱར་བས། ཀློག་པ་པོ་རྣམས་ཀྱིས་བཀླགས་པའི་མོད་ལ་གོ་དོན་གཅིག་ཏུ་མ་ངེས་པར།  བསམ་གཞིག་གི་མཁའ་ཀློང་ཡངས་པོར་ཕྱེད་པའི་དགེ་མཚན་གྱིས་ཕྱུག་པ་ལྟ་བུའོ༎སྙན་ངག་འདི་ལས།ཕ་རྒན་བཙལ་བས་ནི་མ་རྙེད་པ་དེ།། མ་རྒན་རྙེད་པ་ཁོ་ཡིན་པར་འདུག་པས༎ཞེས་སོགས་ཀྱི་ཤོ་ལོ་ཀ་འདིའི་བརྗོད་དོན་ནི་ཡོངས་སུ་གབ་དྲགས་པས་ཆེས་ཤིན་ཏུ་གོ་དཀའ་ཞིང་། ཤོ་ལོ་ཀ་འདི་ལས། སྙན་ངག་མཁན་ཆེན་པོ་ཁོང་གི་ཁྱད་དུ་འཕགས་པའི་རྩོམ་རྩལ་ལྷང་ལ་མངོན་ཡོད།

དེ་ཡང་ཕ་རྒན་ནི་སྟོང་གཞི་ཆོས་ཅན་སེམས་ལྟ་བུ་དང་།དེ་བཙལ་ནས་མ་རྙེད་པ་ནི་དེའི་བཏགས་དོན་བཙལ་ནས་མ་རྙེད་པ་འམ་ཡང་ན་དེ་ གདགས་གཞིའི་ངོས་ནས་མ་རྙེད་པའི་དོན་ཡིན་ལ། མ་རྒན་རྙེད་པ་ཁོ་ཡིན་པར་འདུག་པས།། ཞེས་པ་ནི། སྟོང་གཞི་ཆོས་ཅན་དེའི་བཏགས་དོན་བཙལ་ནས་མ་རྙེད་པའམ་དེ་གདགས་གཞིའི་ངོས་ནས་མ་རྙེད་པ་ནི།སྟོང་ཉིད་དམ་ཆོས་ཉིད་རྙེད་ཡིན་ལ།  དེར་མ་ཟད་ཐེག་ཆེན་མཐོང་ལམ་བར་ཆད་མེདལམ་གྱི་གཟིགས་ངོར་ཀུན་རྫོབ་ཀྱི་ཆོས་མ་རྙེད་པ་དང་དྲི་མ་སེམས་ཀྱི་རང་བཞིན་ལ་མ་ཞུགས་པ་ཡང་སྟོང་ཉིད་དུ་འདོད་དགོས་པའི་ཕྱིར། དཔེར་ན། གཟུགས་ཅན་གཞན་པ་ཐོགས་རེག་མ་མཐོང་བ་ལ་ནམ་མཁའ་མཐོང་ཞེས་བཤད་དགོས་པ་ལྟ་བུའོ༎

ཨ་མའི་པང་ནས་ནི་ཕ་རྒན་རྙེད་པས༎ཞེས་པ་ནི།ཆོས་ཉིད་ལས་ཆོས་ཅན་རྙེད་པའི་དོན་ནོ༎

གཞན་ཡང་།ཇོ་ཇོ་རྟེན་འབྱུང་དེས་ལྐོག་ཏུ་བསྙད་པས༎ཞེས་པ་ནི་དཔེ་རྒྱན་དང་འདྲེན་པའི་ཏིང་ངེ་འཛིན་གྱི་ཡོན་ཏན་དང་། ཇོ་ཇོ་རྟེན་འབྱུང་གི་མེ་ལོང་ནང་ན༎ཞེས་པ་དཔེ་རྒྱན་དང་འདྲེས་པའི་གཟུགས་ཅན་གྱི་རྒྱན་ནོ༎ཇོ་ཇོ་རྟེན་འབྱུང་དེས་ལྐོག་ཏུ་བསྙད་པས༎ ཞེས་པའི་དོན་ནི།རྟེན་འབྱུང་གི་གཏན་ཚིགས་ལ་བརྟེན་ནས་སྐྱེས་པའི་རྗེས་དཔག་གིས་སྟོང་ཉིད་ལྐོག་ཏུ་སྟེ་དོན་སྤྱིའི་ཚུལ་གྱིས་རྟོགས་ཞེས་པའི་དོན་ནོ༎

འོག་ཏུ།ཨ་མ་གླང་ཆེན་གྱི་ཐལ་དཀར་གཟུགས་ལ༎

བེམ་པོ་འཛུམ་རིས་ཀྱི་རྒྱ་སྟག་ཁྲ་བོ༎

འཛིན་པ་ཀླད་མེད་ཀྱི་སྤྲེའུ་སྨྱོན་པ༎

གཉིས་མེད་ཚུགས་ཐུབ་ཀྱི་དོམ་བུ་ངར་མ༎

ཞེས་པའི་རྐང་བ་རྣམས་ནི་རེ་རེ་ནས་གཟུགས་ཅན་གྱི་རྒྱན་ནོ༎

གཉིས།བརྩེ་གདུང་ཤུགས་དྲག་གིས་ཟིན་པའི་ཁྱད་ཆོས།

སྙན་ངག་འདི་ལས།རྩོམ་པ་པོས་དཔེ་རང་གི་ཚེ་འདིའི་ཨ་མ་དང་འཕྲད་འདོད་ཀྱི་འདུན་པ་དྲག་པོ་དེ། དཔེ་ཅན་སྟོང་ཉིད་ཀྱི་ལྟ་བ་རྙེད་འདོད་ཀྱི་མདུན་པ་དྲག་པོ་དང་གཅིག་ཏུ་བསྲེས་པས། དུང་ཞེན་ཤུགས་དྲག་ཅིང་བཟློག་ཏུ་མེད་པར་གྱུར་ཏེ།རྡོ་གསེབ་ནས་བརྡོལ་བའི་བཀོལ་མའི་ཆུ་ལྟར་ལྷོག་ལྷོག་ཏུ་འཕྱུར་འདུག་སྟེ།དཔེར་ན། སྙན་ངག་འདི་ལས།

ཨ་མ་རྒན་མོ་དེ་ཡུན་རིང་སྟོར་བའི༎

བུ་ཆུང་སྨྱོན་པ་ང་ཅི་ཞིག་ལྟར་ཏེ༎

ཞེས་དང་།ཨ་མ་དྲིན་ཅན་དེ་ཡུན་རིང་སྟོར་བ༎

གན་ན་འདུག་པ་བཞིན་ཕྲད་པར་སྣང་གི།

ཞེས་དང་།  ཡང་།

སྐྱེ་མེད་བརྗོད་བྲལ་གྱི་ཨ་མ་རྒན་མོ༎

རིག་པའི་བུ་ཆུང་དང་ལྷན་ཅིག་འཛོམས་ནས།།

ཀུན་བཟང་སྤྱོད་པ་ཡི་དགའ་སྟོན་ཆེན་པོས༎

མ་རྒན་འགྲོ་བ་ཀུན་གཏན་བདེར་འཁྲིད་དོ༎

ཞེས་སོགས་ལས་མཚོན་ཐུབ་པོ༎

གཞན་ཡང་སྙན་ངག་འདི་ལས།

གཟུངས་འཛིན་སྣ་ཚོགས་འདི་ཨ་མའི་འཛུམ་བག།

སྐྱེ་འཆི་འཕོ་འགྱུར་འདི་ཨ་མའི་རྫུན་ཚིག།

བསླུ་མེད་ཨ་མ་ཡིས་ཁོ་བོ་བསླུས་སོ༎

ཇོ་ཇོ་རྟེན་འབྱུང་དེས་སྐྱོབ་བར་རེའོ༎

ཞེས་པའི་སྐབས་སུ་དཔེ་དང་དཔེ་ཅན་གཉིས་ཆར་གྱི་ཨ་མར་བརྩེ་གདུང་དང་འདྲེས་པའི་འཁང་ར་ཤུགས་དྲག་ཏུ་བརྗོད་པའོ༎

སྙན་ངག་འདིའི་ཚིག་ཟིན་ནམ་ངོ་གདོང་གི་གོ་དོན་ལྟར་ན།  མ་དང་བྲལ་བའི་བུ་ཆུང་ཞིག་གིས་རང་གི་ཨ་མ་དེ་ཐག་ཉེ་ན་ཡོད་པ་མ་མཐོང་བར།  ངུ་རྒྱངས་དང་བཅས་ཕྱོགས་སོ་སོར་འཚོལ་བ་ལྟབུའི་ཉམས་སྣང་ཞིག་བཅོས་མིན་དུ་སྟེར་བར་བྱེད་ཅིང་།  དེ་ལས་ང་ཚོས་མ་དང་བུའི་བར་གྱི་བརྩེ་ཞེན་ནི་སུས་ཀྱང་བསྒྲུན་དུ་མེད་ཅིང་མཚར་སྡུག་འོད་སྟོང་འབར་བ་ཞིག་ཡིན་པར་ངེས་ཤེས་ཤུགས་དྲག་ཅིག་འདྲོངས་ཐུབ་ལ།  དེ་དང་ལྷན་དུ་ང་ཚོས་གནས་ལུགས་མཐར་ཐུག་དེ་རང་གི་སེམས་སྟེང་དུ་ཡོད་པ་མ་ཤེས་པར་ཕྱི་རོལ་ཆོས་ཀྱི་སྟེང་དུ་ཤ་ཐང་དུ་འཚོལ་བའི་ངལ་དུབ་དང་།   དེ་མ་རྙེད་ པར་ཅི་བྱ་གཏོལ་བྲལ་དུ་ལུས་པའི་ངང་ཚུལ་ཀྱང་མཐོང་ཐུབ།

དེ་མིན་རྩོམ་འདིར་སྙན་ངག་པ་ཁོང་གིས་རང་གི་དྲིན་ཅན་བླ་མར་བཀའ་དྲིན་དྲན་པའི་སྒོ་ནས་འཆང་བའི་དད་ཞེན་དྲག་པོ་དེ་ཡང་མཚོན་ཡོད་དེ། དཔེར་ན།

ཟབ་མོ་རྟེན་འབྱུང་གི་དེ་ཉིད་ངོ་མཚར༎

ཇི་བཞིན་རྗེན་པ་རུ་སྟོན་པའི་བླ་མ།།

བཀའ་དྲིན་འཁོར་མེད་དེ་སྙིང་དབུས་བཞུགས་ཤིག།

ཅེས་དང་།   མཇུག་ཏུ།

ཀླུ་སྒྲུབ་ཡབ་སྲས་དེ་བཀའ་དྲིན་ཆེའོ༎

བློ་བཟང་གྲགས་པ་དེ་བཀའ་དྲིན་ཆེའོ༎

དྲིན་ཅན་བླ་མ་དེ་བཀའ་དྲིན་ཆེའོ༎

བཀའ་དྲིན་གཟོ་ཐབས་སུ་ཨ་མ་མཆོད་དོ༎

ཞེས་པ་ལྟ་བུས་མཚོན་ནོ༎

དེ་བས་ན།  སྙན་ངགའདིའི་མགོ་ནས་མཇུག་བར་དུ།ཆོས་ཐམས་ཅད་ཀྱི་གནས་ལུགས་སྐྱེ་བ་མེད་པའི་ཡུམ་ལ་འཆང་བའི་བརྩེ་གདུང་དང་རང་གི་ལྟ་བ་ངོ་སྤྲོད་གནང་མཁན་གྱི་རྩ་བའི་བླ་མར་འཆང་བའི་བརྩེ་ཞེན།ད་དུང་རང་གི་དྲིན་ཅན་ཨ་མར་འཆང་བའི་བརྩེ་ཞེན་གསུམ་གྱིས་ལྕགས་གོང་མེས་ཟིན་པ་བཞིན་དུ་ཟིན་ཡོད་པས།སྙན་ངག་འདི་དལ་བུར་བཀླགས་པའི་མོད་ལ་ཀློག་པ་པོ་དག་ལ་ཡང་དབང་མེད་དུ་ཡིད་འགྱུར་ཤུགས་དྲག་པོ་དག་སློང་བར་འགྱུར་བ་གདོན་མི་ཟའོ༎

གསུམ།ཚིག་གི་སྡེབ་ལེགས་པའི་ཁྱད་ཆོས།

སློབ་དཔོན་ཐོན་མིའི་ཞལ་ནས།  "ཚིགས་སུ་བཅད་པའི་སྦྱོར་བ་རྣམས༎ཅུད་ཟད་བསྡུས་པ་ཡོད་ན་ཡང་༎ དེ་ནི་དེ་བཞིན་སྦྱར་བར་བྱ༎"⑥ཞེས་བཀའ་སྩལ་པ་ལྟར། ཚིགས་བཅད་ཀྱི་སྦྱོར་བའི་སྐབས་སུ་རྣམ་དབྱེ་དང་ཚིག་ཕྲད་རྣམས་བསྡུ་ཅི་ཐུབ་བྱས་ན་ཚིག་གི་སྡེབ་སྦྱོར་དང་དབྱངས་ཀྱི་འདེགས་འཇོག   དོན་གྱི་ཤོང་ཚད་ལ་སོགས་ཕྱོགས་གང་ཐད་ནས་ལེགས་ཤིང་།  ལྷག་པར་དུ་ཚིགས་བཅད་སྙན་ངག་ལ་མཚོན་ན།རྣམ་དབྱེ་དང་ཚིགས་ཕྲད་མང་བོ་ཕྱོགས་གཅིག་ཏུ་སྤུངས་ན་ཚིག་གྱོང་ཞིང་བརྗོད་མི་བདེ་ལ།  རྣར་མི་སྙན་པ་ནི་མྱོང་བས་གྲུབ་པས།དེ་ལྟ་བུའི་སྐྱོན་གྱི་ཕྱོགས་ལ་གཟབ་ཅི་ཐུབ་བྱ་དགོས་པ་ཡིན།སྙན་ངག་འདིར་མཚོན་ན། མགོ་ནས་མཇུག་བར་དུ་དགོས་མེད་ཀྱི་ཚིག་ཕྲད་དང་རྣམ་དབྱེ་རྣམས་བསྡུ་ཅི་ཐུབ་ཀྱིས་རྗོད་བྱེད་རྣམས་རྣར་སྙན་ཞིང་། ཚིག་གི་ཞུན་བརྡར་ལེགས་པོ་ཐེབས་སུ་བཅུག་ཡོད།

དཔེར་ན།རྣམ་པ་གཅིག་ཏུ་ན་ཨ་མ་རྒན་མོ། 

ཁོ་ནའི་དྲིན་གྱིས་ནི་གྲོལ་བར་རེ་སྟེ། 

གཟུངས་འཛིན་འདི་ཉིད་ཀོ་འདི་ལྟར་ཡིན་ན། 

དུས་གསུམ་རྒྱལ་བས་ཀྱང་སྐྱོབ་ཐབས་མི་འདུག།

ཅེས་པ་འདིར་མཚོན་ན།དེ་ཉིད་ཀྱི་ཕྲད་""ཡིག་དང་། བརྣན་པའི་ཕྲད་"ནི"ཡིག  ངོས་བཟུང་གི་ཕྲད་"ཀོ"ཡིག  སྡུད་པའི་ཕྲད་"ཀྱང"སྒྲ་བཅས་བྱུང་ཡང་།འདི་དག་ལ་དགོས་པ་ཆེན་པོ་ཡོད་དེ།གཅིག་ཏུ་ན་ཚིག་གི་ཁ་སྐོང་བའི་ནུས་པ་ཐོན་པ་དང་།  གཉིས་སུ་ན་ཚིག་གི་སྡེབ་ལེགས་པ་དང་བརྗོད་བ་བདེ་བའི་ནུས་པ་གཉིས་ཆར་ཐོན་ཡོད་པ་ལྟ་བུ་རེད།

སྙན་ངག་གསར་རྩོམ་གྱི་ལས་དང་བོ་བ་འགའ་རེས།སྙན་ངག་གི་ཉམས་དང་ཚིག་གི་སྙན་ཆ་ནི།

ཚིག་རྒྱན་ཁོ་ནར་རག་ལས་པར་སྙམ་ནས་སྙན་ངག་འབྲི་དུས་ཚིག་རྒྱན་ཁོ་ནར་འབད་ཅིང་བརྩོན་པ་ནི་ནོར་འཁྲུལ་ཞིག་སྟེ།   སྙན་ངག་རྩོམ་དུས་ཚིག་གི་ཞུན་བརྡར་དང་ཐ་སྙད་ལ་བཙོ་སྦྱངས་བྱས་པ་ལེགས་ན།ཚིག་རྒྱན་གྱི་སྤྲོས་པ་མེད་ཀྱང་སྙན་ངག་གི་ཉམས་རྩོལ་མེད་དུ་ཐོན་ཐུབ་སྟེ། དཔེར་ན།  རྗེ་ཙོང་ཁ་བའི་རྟོགས་བརྗོད་འདུན་ལེགས་མདང་སྟག་ཚང་ལོ་ཙཱ་བའི་རྗེ་ཙོང་ཁ་བར་ཕུལ་པའི་འཕྲིན་ཡིགགུང་ཐང་བསྟན་པའི་སྒྲོན་མེའིསློབ་གཉེར་བསླབ་བྱལྟ་བུར་མཚོན་ན།ཚིག་རྒྱན་དང་མངོན་བརྗོད་ཀྱི་སྤྲོས་པ་ཤིན་ཏུ་ཉུང་ནའང་སྙན་ངག་གི་ཉམས་ནི་རྩོལ་མེད་དུ་ཐོན་ཡོད་དེ།  བཀླགས་པའི་ཚེ་ངག་ཏུ་བརྗོད་བདེ་ཞིང་ཉན་པ་ན་རྣ་བར་སྙན་ཞིང་འཇེབས་པས་ཀློག་པ་པོ་དག་ལ་ཟད་དུ་མེད་པའི་སྙན་རོ་སྟེར་བ་ནི་མྱོང་བས་གྲུབ་ལ།  ཞོར་དུ་རྩོམ་པ་པོ་དག་གི་ཐུགས་རྒྱུད་ཀྱི་རྟོགས་པའི་ཡོན་ཏན་དང་།   ཁོང་ཚོས་མྱངས་པའི་དཀའ་སྡུག   རྙེད་པའི་བདེན་དོན་སོགས་ཀྱང་ལྷང་ངེར་དྲན་པར་བྱེད་ནུས་པ་ལྟ་བུ་རེད། 

ཇི་སྐད་དུ།སྙན་ངག་མཁན་ཆེན་རྣམས་ཀྱི་ངག་རྣམས་ལས།། སླར་ཡང་དངོས་པོ་གཞན་ཉིད་རྟོགས་ཡོད༎ཅེས་པ་ལྟར། སྙན་ངག་ལེགས་པོ་ཞིག་ཡིན་ན་དེའི་བརྗོད་དོན་གཅིག་ཏུ་མ་ངེས་པར། ཀློག་པ་པོ་རང་རང་གི་ཁམས་དང་མོས་པ།  མཛེས་རྟོག   སྒྱུ་རྩལ་རོལ་མྱོང་གི་ཆུ་ཚད་སོགས་ཀྱི་ དབང་གིས་གོ་དོན་མི་འདྲ་བ་རེ་རྙེད་ཅིང་། གོང་དུ་བཤད་པ་ནི་ཁོ་བོ་རང་ཉིད་ཀྱི་མྱོང་སྟོབས་གཞིར་བཞག་གིས་བཤད་པ་ལས།  སྙན་ངག་འདིའི་གོ་དོན་དང་སྒྱུ་རྩལ་གྱི་ཁྱད་ཆོས་ནི་འདི་ཙམ་དུ་ཟད་དོ་ཞེས་ཁ་ཚོན་བཅད་པ་ནི་ཡེ་ནས་མིན་ལ།  ཀློག་པ་པོ་གཞན་དག་གིས་ཀྱང་འདི་དང་མི་མཐུན་པའི་རྩོམ་འདིའི་མྱོང་རོལ་ཁྲོད་ནས་རྙེད་པའི་དགེ་མཚན་གཞན་དང་་གཞན་དག་ཀྱང་བརྗོད་ཆོག་ཆོག་ཡིན་ནོ༎

མཇུག་ཏུ།ཁོ་བོས་བཤད་པ་འདི་དག་ལ་རྩོམ་རིག་དཔྱད་བརྗོད་ཀྱི་སྐྱོན་དུ་གྱུར་བ་དང་། མ་རྟོགས་འཁྲུལ་བའི་ཆ་ཅི་མཆིས་ཐམས་ཅད་དཔྱོད་ལྡན་མཁས་པའི་སྤྱན་སྔར་སྙིང་ནས་འཆགས་སོ༎

མཆན་འགྲེལ།

ལྷ་སའི་ཤིང་པར་མ་སྣེ་རིངགཞིར་བཟུང་བ་ཡིན།

②《དབུ་མ་རིགས་ཚོགས་དྲུག》 P36སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

③《སྙན་ངག་རྩ་འགྲེལ》 P33དབྱུག་པ་ཅན་གྱིས་མཛད།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

④《ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་གི་དྲི་གཞི་ལྔ་བརྒྱ》 P107ཀུན་དགས་བསྒྱུར། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

⑤《སྙན་ངག་གི་རྣམ་བཤདདུ་འཇུ་སྐལ་བཟང་གིས་བསྒྱུར་བ་ལྟར་དྲངས།

⑥《གསེར་ཏོག་སུམ་རྟགས》 P4གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་བརྩམས།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།
གསལ་འདེབས།                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།