བོད་ཀྱི་དགོན་སྡེའི་འཇུག་སྒོའི་སློབ་གསོའི་སྐོར་མདོ་ཙམ་བཤད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-07-28 14:12:20     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

034.JPG

 

དགོན་སྡེའི་འཇུག་སྒོའི་སློབ་གསོ་ཞེས་པ་ནི་སྔོན་གྱི་བཅའ་ཡིག་དག་ལས་འཇུག་སྒོ་དང་ཇི་ལྟར་འཇུག་པའི་ཚུལ་ཞེས་པའི་ཚན་པ་དེ་ཡིན།ཚན་པ་འདི་ལས་བོད་ཀྱི་དགོན་སྡེའི་སློབ་གསོ་རགས་ཙམ་བརྗོད་ཡོད་ནའང་ཡོངས་སུ་ཁ་ཚང་བ་ཞིག་བརྗོད་མེད་ལ་དེང་དུས་དང་བསྟུན་ནས་དགོན་སྡེ་ལམ་ལུགས་ལ་འགྱུར་བ་ཆེན་པོ་ཞིག་འབྱུང་བཞིན་ཡོད་པས་སྔོན་གྱི་རྨང་གཞིའི་སྟེང་ནས་འདོར་ལེན་དང་ཁ་སྣོན་བྱས་ཏེ་དུས་རབས་དང་མཐུན་པ་ཞིག་བྱེད་པ་ནི་ཤིན་ཏུ་གལ་ཆེའོ།།

དེང་འདིར་དགོན་སྡེའི་འཇུག་སྒོའི་སློབ་གསོ་ལ་བལྟས་ན་ཤིན་ཏུ་འདང་གིན་མེད་དེ་སྔོན་ཆད་གསར་བུ་དག་གནས་ཀྱི་བླ་མར་མ་བརྟེན་པར་ལོགས་སུ་སྡོད་ས་མེད་ནའང་ད་ལྟ་གྲོང་ཆོག་རེ་སློབ་པའམ་དགོན་པའི་འདོན་པ་རེ་བློར་བཟུང་ནས་དེས་ཆོག་པར་བྱས་ནས་བྱིས་པ་ཆུང་ངུ་དག་ཀྱང་རང་རང་སར་ཐབ་ཚོ་བཟུང་ནས་གྲོང་ཆོག་འགྲིམ་པའམ་ཁ་རྒྱལ་མགོ་རྒྱལ་དུ་འགྲོ་བས་སྤྱོད་པ་ལེགས་ལམ་དུ་འགྲོ་བ་ཕར་ཞོག་ངན་གྱི་རིགས་སྤང་ལ་མེ་མཆེད་པ་བཞིན་གྱུར་ནས་བྱིས་པ་དག་གི་བློ་གྲོས་དང་ལང་ཚོ་སྟོང་ཟད་དུ་གྱུར་པའི་ཁར་བསྟན་པ་ལའང་ཤིན་ཏུ་གནོད།

དེ་དག་ནར་སོན་ན་གྲྭ་བའི་སྤྱོད་པ་མེད་པའི་ཁར་ཚོང་དང་ཤོ་ཁྲལ་སོགས་ལ་ཞུགས་པས་གྲྭ་བའི་གཟུགས་བརྙན་འཛིན་པའི་ཁྱིམ་པ་ཞིག་ལས་གྲྭ་བ་རྣམ་དག་ཅིག་འབྱུང་དཀའ་བས་ཉེན་ཚབས་ཤིན་ཏུ་ཆེ།དེ་བས་དགོན་སྡེའི་སློབ་གསོ་དམ་འཛིན་མ་བྱས་པ་ནི་གྲྭ་བའི་སྤུས་ཚད་ཇེ་ཞན་དུ་འགྲོ་བའི་རྒྱུ་རྐྱེན་ཉག་གཅིག་ཡིན་པས་ཆེད་དུ་དགོན་སྡེའི་སློབ་གསོ་རགས་ཙམ་གླེང་འདོད་པ་ཡིན།

སྤྲོ་བ་ཞིག་ནི་དགོན་པ་ལ་ལས་འཇུག་སྒོའི་སློབ་གྲྭ་བཙུགས་ཡོད་པ་དེ་ཡིན།དེ་ནི་འདུལ་བ་ལས་གསར་བུ་རྣམས་ཀྱིས་གནས་ཀྱི་བླ་མ་བརྟེན་དགོས་པའི་དགོངས་དོན་དང་ཡོངས་སུ་མཐུན་ལ་མིག་སྔའི་གྲྭ་བའི་རྒྱུ་སྤུས་ཇེ་ལེགས་སུ་འགྲོ་བ་ལ་དགེ་མཚན་ཤིན་ཏུ་ཆེ།དེ་བས་ཁོ་བོའི་བསམ་པར་དེ་ནི་དགོན་སྡེའི་འཇུག་སྒོའི་སློབ་གསོའི་ཐབས་ཤིན་ཏུ་ལེགས་པོ་ཞིག་ཏུ་མཐོང་བས་དགོན་སྡེ་དག་ཐབས་ལམ་འདི་ལ་ཞུགས་ན་བཀའ་དྲིན་ཤིན་ཏུ་ཆེ།སློབ་གྲྭ་འཛུགས་ཐུབ་མིན་གང་ལྟར་ཡང་གཤམ་དུ་བརྗོད་པའི་འཇུག་སྒོའི་སློབ་གསོ་འདི་ནི་མེད་དུ་མི་རུང་བ་ཞིག་ཡིན།

 

དང་བོ། དགོན་སྡེའི་འཇུག་སྒོའི་སློབ་གསོའི་དམིགས་བྱ་དང་བྱེད་ཐབས།

 

 

དགོན་སྡེའི་འཇུག་སྒོའི་སློབ་གསོའི་དམིགས་བྱ་ནི་གསར་དུ་རབ་ཏུ་བྱུང་བ་དག་ཡིན་ལ།དེ་དག་ནང་བའི་རབ་བྱུང་གི་སྡེར་ཐོག་མར་ཞུགས་པས་རབ་བྱུང་བའི་འགྲོ་འདུག་སྤྱོད་གསུམ་མི་ཤེས་ལ་ཐ་ན་གྲྭ་བ་ཞེས་པའང་ཅི་ཡིན་གསལ་བོར་མི་ཤེས།ལྷག་པར་གཞུང་ཆེན་མོར་སྦྱོང་བར་བསམ་པའི་ཐད་དང་ཀུན་སྤྱོད་ཀྱི་ཐད། ཤེས་ཡོན་གྱི་ཐད་གང་ནས་ཀྱང་རྨང་གཞི་ཅི་ཡང་མེད་པས་ལམ་ལོག་ཏུ་འགྲོ་སླ།དེ་བས་འཇུག་སྒོའི་སློབ་གསོ་ནི་དགོན་སྡེའི་རྨང་གཞིའི་སློབ་གསོ་ཡིན་ཏེ་བསམ་བློ་དང་ཀུན་སྤྱོད།ཤེས་ཡོན་བཅས་ཀྱི་ཐད་ནས་གྲྭ་བ་ཚད་དང་ལྡན་པ། སྤྱོད་པ་ཡིད་དུ་འོང་བ། ཤེས་ཡོན་རྨད་དུ་བྱུང་བའི་རྨང་གཞི་འདིང་དགོས་པ་ཡིན།

དེ་བས་འཇུག་སྒོའི་སློབ་གསོའི་བྱེད་ཐབས་ནི་བསམ་བློའི་སློབ་གསོ་ཡིན།བསམ་བློའི་སློབ་གསོ་ཞེས་པ་ནི་གཙོ་བོ་བསམ་བློའི་སྟེང་ནས་སློབ་གསོ་མྱོང་དུ་འཇུག་པ་དེ་ཡིན།གསར་བུ་དག་ནི་བློ་ལང་ཤོར་དུ་སོང་མེད་པས་བསམ་བློའི་སྟེང་ནས་སློབ་གསོ་གཏོང་སླ་བ་ཡིན།ཁོ་ཚོར་བསམ་བློའི་སློབ་གསོ་མྱོང་བ་དེ་ལག་ལེན་དུ་བསྟར་བར་བྱས་ནས་ཀུན་སྤྱོད་རྣམ་དག་ཏུ་འགྲོ་བ་དང་དེའི་འབྲས་བུར་ཀུན་སྤྱོད་ཀྱི་སྟེང་ནས་སློབ་གསོ་མྱོང་ཡོད་མེད་ལ་རྒྱུན་དུ་ལྟ་རྟོག་བྱས་ནས་གོམས་ཤིང་འདྲིས་པར་བྱ་དགོས།

དགོན་སྡེའི་འཇུག་སྒོའི་སློབ་གསོ་འདི་མ་མཐའ་ཡང་ལོ་གསུམ་ནས་ལོ་བཞི་ལ་མྱོང་དུ་བཅུག་ན་ལེགས་ལ་འདིར་འཇུག་པའི་གང་ཟག་ནི་རབ་ཏུ་བྱུང་མ་ཐག་པའི་གྲྭ་བ་སྟེ་རང་དགོན་ཏུ་འཇུག་ངེས་དག་ལས་ལོ་ཚོད་ལ་ཚད་མ་བཟུང་ན་ལེགས།ཨ་རིག་དགེ་བཤེས་ཆེན་མོས།སྐྲ་དཀར་མིག་རྩ་དམར་བ་རྒན་པོའི་ཁྲོད་དུ་མི་རུང་ངོ༌།།ཞེས་གསུངས་པ་ལྟར་ལོ་ཆེ་མིན་ལ་མ་བལྟས་པར་འཇུག་སྒོའི་སློབ་གསོ་འདི་ངེས་པར་མྱང་དགོས།

ཡིན་ནའང་སྔོན་འབྲི་ཀློག་དང་སུམ་རྟགས་དག་གསུམ་བསྟན་པའི་བྱུང་རབས་བཅས་ལ་སྦྱངས་པ་ཐོན་པ་ཞིག་ཡིན་ན་ཡིག་རྒྱུགས་བཏང་ནས་འཛིན་གྲྭ་ཐོད་བརྒལ་བྱས་ན་བཟང་མོད།གྲྭ་བའི་འགྲོ་འདུག་སྤྱོད་གསུམ་གྱི་སློབ་གསོ་དེ་ངེས་པར་མྱང་ན་བཟང༌།

 

གཉིས་པ། ཡི་གེ་འབྲི་ཀློག་ནི་འཇུག་སྒོའི་སློབ་གསོའི་གོ་རིམ་དང་བོ་ཡིན།

 

 

ཡི་གེ་འབྲི་ཀློག་ནི་བསྟན་པ་ལ་འཇུག་པའི་རྨང་གཞི་སྟེ་གོ་རིམ་དང་བོ་ཡིན།སྔོན་ཆད་དགོན་སྡེ་དག་ཏུ་ཡི་གེའི་འབྲི་ཀློག་ལ་དེ་འདྲའི་དོ་སྣང་མི་བྱེད་པས་དགེ་བཤེས་ཆེན་པོའི་ནང་ནའང་ཡི་གེ་འབྲི་མི་ཤེས་པ་མང་བོ་ཡོད།ཡི་གེ་འབྲི་ཚུལ་སོགས་ལ་སྦྱངས་ན་དྲུང་ཡིག་བྱེད་རྒྱུ་ཡིན་ནམ་ཞེས་ཟུར་ཟ་བྱེད། དེ་ནི་དགོན་སྡེ་ཆེན་པོ་དག་གི་མཚང་ཡིན་པ་སྨོས་མ་དགོས།ཡིན་ནའང་ངྷཱི་ཚ་བཀྲ་ཤིས་ཆོས་སྡིངས་སོགས་ན་ཡི་གེ་འབྲི་ཀློག་སོགས་རིག་གནས་སློབ་པའི་སྲོལ་བཟང་བོ་ཡོད་པ་དེ་དག་ལས་ཐོན་པའི་དགེ་བཤེས་དག་ནི་མཆེ་སྡེར་དང་གཡུ་རལ་སོགས་ཐམས་ཅད་འཛོམས་པའི་སེང་གེར་གྱུར་འདུག

དེ་བཞིན་དགོན་སྡེ་ལ་ལར་སྲོལ་ཡོད་པ་བཞིན་གཞུང་དང་མཐུན་པའི་འཕྲལ་སྦྱོར་གྱི་ཀློག་རྣམ་དག་ཅིག་ལོབས་སུ་འཇུག་དགོས་པས་ཀློག་གི་དགེ་རྒན་མཚན་ཉིད་དང་ལྡན་པ་ཞིག་བསྐོས་ནས་སུམ་རྟགས་ཀྱི་གཞུང་དང་མཐུན་པའི་འཕྲལ་སྦྱོར་ཀློག་ལ་བསླབ་དགོས།དེ་ནི་གཅིག་ཏུ་གཞུང་ལུགས་དང་མཐུན་པར་བྱ་བ་དང་གཞུང་ལུགས་ཀྱིས་ལག་ལེན་ལ་སློབ་སྟོན་གནང་བའི་ཕྱིར་ཡིན་ལ་སྦྱོར་ཀློག་རྣམ་དག་ཅིག་བྱུང་ན་རྗེས་སུ་གང་ལ་ཞུགས་ནའང་སྟབས་བདེ་བོ་ཡིན།

དེ་བྱང་ཆུབ་རྗེས་ཡི་གེ་འབྲི་བ་ལ་སྦྱང་དགོས། སྔོན་ཆད་བླ་བྲང་ན་ཡིག་གཟུགས་སྦྱོང་བའི་ཕྱག་ལེན་ཡོད་ལ་ཡིག་གཟུགས་ལ་སྦྱངས་པ་ཐོན་པའི་དགེ་རྒན་ཡང་གང་མང་ཡོད།ལྷ་སའི་སྐུ་དྲག་དག་ཡིག་གཟུགས་ལ་སྦྱོང་བ་གལ་ཆེན་པོར་འཛིན། ཡིན་ནའང་དགོན་པ་ཆུང་ངུ་དག་དང་ཆེན་པོ་སྐོར་ཞིག་གིས་ཡིག་གཟུགས་སྦྱོང་བ་ལ་དོ་སྣང་ཅི་ཡང་མི་བྱེད་པ་དེ་ནི་ཤིན་ཏུ་མི་ལེགས།དེ་བས་ཡིག་གཟུགས་ལ་སྦྱངས་པ་ཐོན་པའི་དགེ་རྒན་རེ་བསྐོ་བའམ་གལ་ཏེ་ཆ་རྐྱེན་དེ་འདྲ་མི་འཛོམས་ཚེ་ཡིག་གཟུགས་མ་ཕྱི་ཚད་ལྡན་ཞིག་གཞིར་བཟུང་ནས་སློབ་མ་དག་ལ་སྦྱོང་དུ་འཇུག་རྒྱུ་ནི་ཤིན་ཏུ་གལ་ཆེ།

ཡིག་གཟུགས་སྦྱོང་བ་ལ་ཐོག་མར་དབུ་ཅན་ལ་སྦྱངས་ནས་རིམ་བཞིན་དབུ་མེད་སུག་རིང་འབྲུ་ཚ།ཚུགས་ཆུང་རྒྱུགས་བྲིས་ལ་སྦྱངས་ཏེ་ལྷ་སའི་ལྕགས་ཐག་མར་གྲགས་པའི་འཁྱུག་འབྲིའི་རྩལ་གྱི་ཡང་རྩེར་སོན་པ་དེ་སྦྱང་ཐུབ་པར་བྱས་ན་ཤིན་ཏུ་ལེགས།

 

གསུམ་པ། གྲྭ་བའི་འགྲོ་འདུག་སྤྱོད་གསུམ་གྱི་བསླབ་བྱ་ཤེས་པ་ནི་འཇུག་སྒོའི་སློབ་གསོའི་གཙོ་བོ་ཡིན།

 

 

དེང་སང་རབ་བྱུང་བསྒྲུབས་རྗེས་གྲྭ་བར་གྱུར་སོང་སྙམ་ནས་སུས་ཀྱང་ཁ་ཡ་མི་བྱེད།འདི་ནི་ཤིན་ཏུ་མི་ལེགས་པ་སྟེ་བོད་ཀྱི་གྲྭ་བའི་ཀུན་སྤྱོད་མི་ལེགས་པའི་རྒྱུ་རྐྱེན་གཙོ་བོ་རེད།སྔོན་བདག་ཅག་གི་སྟོན་པས་གྲྭ་བ་གསར་བུ་དག་གི་ཀུན་སྤྱོད་བག་མེད་དུ་གྱུར་པ་དེ་འགོག་པའི་ཆེད་དུ་རང་ཉིད་འདུལ་བ་ལ་སྦྱངས་ནས་རང་ཚུགས་མ་ཐོན་པའི་བར་དུ་གནས་ཀྱི་བླ་མར་བརྟེན་དགོས་པའི་ཁྲིམས་བཅས་ཡོད་ཀྱང་ད་ལྟ་སུས་ཀྱང་དོ་སྣང་མེད།དོན་དེ་ཐག་གཅོད་པའི་ཆེད་དུ་གྲྭ་བའི་འགྲོ་འདུག་སྤྱོད་གསུམ་གྱི་བསླབ་བྱ་ཤེས་པར་ཉམས་སུ་ལེན་དུ་གཞུག་རྒྱུ་ནི་འཇུག་སྒོའི་སློབ་གསོའི་གཙོ་བོར་གྱུར་ཡོད།

དེ་བས་གསར་བུ་དག་གིས་དགེ་ཚུལ་སློང་གི་སྡོམ་པ་བླངས་མ་ཐག་ཏུ་རང་ཉིད་དགེ་ཚུལ་སློང་ཡིན་པ་ངོས་ཟིན་པར་བྱས་ནས་ན་བཟའ་གྱོན་སྟངས་དང༌།སྐད་ཆའི་སྨྲ་བརྗོད།གཟན་སྐྱོར་འབེབ་སྟངས། རྒན་པ་ལ་བརྩི་བཀུར་བྱེད་ལུགས། མཉམ་པར་འགྲོགས་ཚུལ།འགྲོ་འདུག་ཟ་འཐུང༌། ཐ་ན་གཤང་གཅི་འདོར་ཚུལ་སོགས་ཤེས་སུ་འཇུག་དགོས།

དེ་དག་ཤེས་སུ་འཇུག་པ་ལ་དམར་ཁྲིད་བྱ་དགོས་ལ་དེ་ཡང་ངེས་པར་དགེ་རྒན་ ཞི་ཞིང་དུལ་ལ་ཀུན་སྤྱོད་ཡིད་དུ་འོང་བའི་དགེ་སློང་འདུལ་བ་འཛིན་པ་ཞིག་དགེ་རྒན་དུ་བསྐོས་ནས་དངོས་སུ་མཛུབ་སྟོན་དང་ལག་ལེན་ལ་ལྟ་རྟོག་གིས་གོམས་པར་བྱ་དགོས།

དེ་ནས་བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོ་སྦྱང་དགོས་ལ། ཐོག་མར་དཀོན་མཆོག་གསུམ་དང་དེའི་ཡོན་ཏན་ཤེས་པར་བྱས་ནས་སྐྱབས་འགྲོའི་ངོ་བོ་དང་ཁྱད་པར།དགག་སྒྲུབ་ཀྱི་བསླབ་བྱ་དང་སྐྱབས་སུ་སོང་བའི་ཕན་ཡོན་བཅས་རགས་པ་དང་གོ་སླ་བའི་སྒོ་ནས་ཤེས་པར་བྱ་དགོས།

དེ་ནས་དགེ་ཚུལ་དང་རབ་བྱུང་གི་མཚན་ཉིད་དང༌། སྤང་བྱའི་གྲངས་འདྲེན།ཉམས་པ་གསུམ་དང་བླངས་འདས་སོ་དྲུག་གི་ངོ་བོ་སོགས་ཤེས་པར་བྱས་ནས་རྒྱུན་དུ་དེ་ལ་འཇུག་པར་ལྟ་རྟོག་བྱ་དགོས།དེ་ལྟར་ཕྲ་ས་ནས་བཟུང་ན་རགས་ས་ནས་དབང་མེད་དུ་འོང་བ་ཡིན། ད་དུང་ཤེས་དགོས་པ་ཞིག་ནི་གསོ་སྦྱོང་དང་ཕྱིར་བཅོས་ཀྱི་དགོས་པ་དང་དེའི་གལ་ཆེན་རང་བཞིན་ཤེས་པར་བྱས་ནས་དེ་དག་གི་ཆོ་ག་བློར་བཟུང་སྟེ་རྒྱུན་དུ་གསོ་སྦྱོང་ཆག་མེད་དུ་འགྲིམ་དགོས་ཤིང་འཇུག་སྒོའི་སྐབས་འདིར་དབྱར་གནས་ལའང་ཆག་མེད་དུ་བཞུགས་པར་བྱས་ན་ཤིན་ཏུ་ལེགས།

 

བཞི་བ། བསྟན་པ་དང་སྟོན་པ་ངོས་ཟིན་པ་ནི་འཇུག་སྒོའི་སློབ་གསོའི་གལ་ཆེ་བའི་བསླབ་བྱ་ཡིན།

 

 

དགོན་སྡེའི་འཇུག་སྒོའི་སློབ་གསོའི་ཁྲོད་དུ་ཆེས་གལ་ཆེ་བ་ཞིག་ནི་བསྟན་པ་དང་སྟོན་པ་ལ་ངོས་ཟིན་རགས་པ་ཞིག་ཅིས་ཀྱང་འབྱུང་དགོས་པ་དེ་ཡིན།ད་ལྟ་གྲྭ་བ་མང་བོ་ཞིག་གིས་བསྟན་པ་དང་སྟོན་པ་ངོས་ཟིན་ཅི་ཡང་མེད་པའི་ཁར་ཐ་ན་རང་ཉིད་གྲུབ་མཐའ་གང་ཞིག་ཡིན་པའང་མི་ཤེས།ད་ལྟ་གྲྭ་བ་འགའ་རེས་རང་ཉིད་ཀྱི་གོ་རྟོགས་མཐོ་བའི་ཁུལ་གྱིས་ལས་རྒྱུ་འབྲས་མི་ཤེས་པར་ལས་རྒྱུ་འབྲས་ལ་དགག་ཁུལ་བྱེད་པ་སོགས་ལྟ་ལོག་ན་གཞོན་སྐྱ་བོ་འགའ་རེའི་རྗེས་སུ་འབྲངས་ནས་རང་མཚང་རྗེན་པར་སྟོན་པ་སོགས་ཡོད་པའི་རྐྱེན་ཡང་བསྟན་དང་སྟོན་པ་ངོས་མ་ཟིན་པའི་སྐྱོན་ལས་གཞན་དུ་མིན།དེ་བས་འཇུག་སྒོའི་སློབ་གསོའི་སྐབས་འདིར་དེ་དག་ཆེད་དུ་སྦྱང་དགོས་པ་ཞིག་ཡིན་པས་སྐབས་འདིར་ཆེད་དུ་ཤེས་དགོས་པའི་ཕྱོགས་འགའ་ཡོད།

1དགེ་རྒན་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་ལ་དེ་བསམ་པ་དང་སྦྱོར་བའི་སྒོ་ནས་སྟེན་ཚུལ་སོགས་ལམ་རིམ་ལས་འབྱུང་བ་ལྟར་ཤེས་པར་བྱེད་པ་ནི་རྟེན་འབྲེལ་གྱི་མགོ་མ་ཡིན།དེ་ལྟར་ཤེས་པར་བྱས་ནས་རབ་ཏུ་བྱུང་བ་ནས་རྟེན་འབྲེལ་གྱི་གནད་མ་ལོག་པར་བྱེད་པ་ནི་ཤིན་ཏུ་གལ་ཆེ།ད་ལྟ་དགེ་རྒན་བསྟེན་མི་ཤེས་པའི་ཁར་དགེ་རྒན་གླ་བ་དང་གདམས་ངག་གླ་རྩིར་འཛིན་པའི་སྲོལ་ངན་པ་ཞིག་ཁྱབ་བཞིན་པ་ནི་ཉེས་པ་དུ་མའི་འབྱུང་གནས་སུ་ངེས་པར་ཤེས་དགོས།

2ནང་བ་ཞིག་ཡིན་ན་དེའི་ལོ་རྒྱུས་ཤེས་པ་ནི་ཤིན་ཏུ་གལ་ཆེ། སྟོན་པ་སངས་རྒྱས་ཀྱི་ལོ་རྒྱུས་མདོར་བསྡུས་དང༌།རྒྱ་གར་ལ་བསྟན་པ་ཇི་ལྟར་འབྱུང་བ། བོད་བརྒྱུད་ནང་བསྟན་དང་རྒྱ་བརྒྱུད་ནང་བསྟན། ལྷོ་བརྒྱུད་ནང་བསྟན་བཅས་ཀྱི་ལོ་རྒྱུས་རགས་རིམ།བསྟན་པ་སྔ་དར་དང་ཕྱི་དར།བོད་ཀྱི་གྲུབ་མཐའ་སོ་སོར་གྱེས་ཚུལ་རགས་བསྡུས་ཤིག་ཨ་ཀྱཱ་ཡོངས་འཛིན་གྱི་གྲུབ་མཐའ་བྱུང་ཚུལ་གྱི་ལོ་རྒྱུས་ཀྱི་སྟེང་ནས་ངེས་པར་བྱས་ན་ལེགས།

3རབ་བྱུང་བའི་ལས་སུ་བྱ་བའི་རིམ་པ་ནི་གཉིས་ཏེ་ཀློག་པ་ཐོས་བསམ་དང་སྒོམ་པ་བསམ་གཏན་གྱི་རིམ་པ་གཉིས་ལས་དགྲ་འདུལ་གཉེན་སྐྱོང་དང་ཁེ་ཚོང་བུ་ལོན་སོགས་ནི་ཁྱིམ་པའི་ལས་ཡིན་པའི་སྐོར་གསལ་བོར་ཤེས་དགོས་པས་དེ་ཕྱོགས་ཀྱི་སློབ་གསོ་གཏོང་བ་ནི་ཤིན་ཏུ་གལ་ཆེའོ།།

4ལུང་རྟོགས་ཀྱི་བསྟན་པ་ནི་ནང་བའི་བསྟན་པའི་སྤྱི་ཁོག་ཡིན་པ་ཤེས་པར་བྱས་ན་རྟ་རྒྱུགས་པའི་དཀྱུ་ས་བསྟན་པ་བཞིན་སླད་མར་དགེ་མཚན་ཆེན་པོ་ཞིག་འབྱུང་ངེས།གྲྭ་བ་ཞིག་ཡིན་ན་མ་མཐའ་དེའི་འགྲོ་ཕྱོགས་ཙམ་ཤེས་དགོས།

5སློབ་གཉེར་བྱས་པའི་ཕན་ཡོན་དང་མ་བྱས་པའི་ཉེས་དམིགས་སོགས་སྔོན་བྱོན་མཁས་པའི་གཞུང་ལྟར་ཤེས་པར་བྱས་ན་སློབ་གཉེར་བྱེད་པར་ཕན་པ་ཆེན་པོ་འབྱུང༌།དེ་བས་སློབ་གཉེར་ཇི་ལྟར་བྱེད་པའི་ཚུལ་གསལ་བོར་ཤེས་པའི་ཆེད་དུ་གུང་ཐང་བསྟན་པའི་སྒྲོན་མེའི་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་སྦྱངས་ན་ཤིན་ཏུ་ལེགས་སྙམ།

6ལས་འབྲས་དང་སྐྱེ་བ་སྔ་ཕྱི་ནི་ནང་བསྟན་གྱི་རྨང་གཞི་ཡིན་ལ་འདིའི་སྟེང་ནས་ད་བཟོད་གཞི་ལམ་འབྲས་གསུམ་དོན་སྙིང་ལྡན་པར་འོང་བ་ཡིན།དེང་སང་གྲྭ་བའི་སྤྱོད་པ་མི་ཤེས་ཤིང་ལོག་ལྟ་ཅན་དང་སྟོན་པའི་བཅས་པར་ཁྱད་དུ་གསོད་པ་ནི་ལས་འབྲས་དང་སྐྱེ་བ་སྔ་ཕྱི་ལ་ངེས་པ་མ་རྙེད་ཅིང་ཡིད་ཆེས་མེད་པའི་རྐྱེན་ལ་ཐུག་པ་ཡིན།

དེ་བས་འཇུག་སྒོའི་སློབ་གསོའི་སྐབས་སུ་སྐྱེ་བ་སྔ་ཕྱི་དང་ལས་འབྲས་ཀྱི་རྣམ་བཞག་དགེ་བ་བཅུའི་རྣམ་བཞག་རེ་ཤེས་པར་བྱས་ན་དགེ་མཚན་ཤིན་ཏུ་ཆེ།

 

ལྔ་བ། སུམ་རྟགས་དག་གསུམ་ནི་འཇུག་སྒོའི་སློབ་གསོའི་སྐབས་སུ་མེད་དུ་མི་རུང་བའི་བསླབ་བྱ་ཡིན།

 

 

སྔོན་ཆད་དགོན་སྡེ་དག་ཏུ་ཐ་སྙད་རིག་གནས་སྦྱང་བར་གེགས་སུ་འཛིན་པས་ཐ་སྙད་རིག་གནས་དེ་འདྲ་དར་མ་ཐུབ་ལ་འཆད་རྩོད་རྩོམ་གསུམ་ལ་མངའ་བརྙེས་པའི་མཁས་པའང་དེ་འདྲ་བྱུང་མ་ཐུབ།ངྷཱི་ཚ་བཀྲ་ཤིས་ཆོས་སྡིངས་བཏབས་ནས་ལོ་མང་བོ་མ་འགོར་ཡང་འཆད་རྩོད་རྩོམ་གསུམ་ལ་མངའ་བརྙེས་པའི་མཁས་པ་ཆེན་པོ་མང་དུ་བྱུང་བ་ནི་ཐ་སྙད་རིག་པ་དང་ནང་དོན་རིག་པ་གཉིས་ཟུང་དུ་སྦྲེལ་ནས་སྦྱངས་པའི་རྒྱུ་མཚན་གྱིས་ཡིན།

དེའི་རྒྱུ་མཚན་ཡང་ཐ་སྙད་རིག་གནས་ཏེ་སུམ་རྟགས་དག་གསུམ་ལ་དེ་འདྲ་མ་སྦྱངས་ན་གཞུང་ཆེན་མོ་ལ་གོ་བ་དཔྱིས་ཕྱིན་པར་གཏན་ནས་ལོན་མི་ཐུབ།མཁས་པའི་གསུང་ན་སྒྲ་ཤེས་ན་དོན་ལ་མི་རྨོངས་ཞེས་པ་ནི་ཆེས་ཡང་དག་པ་སྟེ། དོན་ནི་ཚིག་ལ་བརྟེན་ནས་ཤེས་པ་ཡིན་པས་ཐ་སྙད་ཀྱི་གོ་བ་ནི་གཞུང་ཆེན་མོར་མེད་དུ་མི་རུང་བ་ཡིན།དེ་བས་ཐ་སྙད་རིག་གནས་སྦྱོང་བ་ནི་གཞུང་ཆེན་མོར་སྦྱོང་བའི་སྔོན་དུ་འགྲོ་དགོས་མོད་བླ་བྲང་གི་ཕྱག་ལེན་ལ་དབུ་མ་བརྩད་རྗེས་ཐ་སྙད་རིག་གནས་ལ་སྦྱོང་བའི་སྲོལ་ཡོད་པ་དེ་དེ་འདྲ་ལེགས་པོ་ཞིག་མིན།ཡིན་ནའང་གཞུང་ཆེན་མོ་ལ་སྦྱོང་དུས་ཐ་སྙད་རིག་གནས་ལ་དོ་གལ་ཆེན་པོར་བཟུང་ན་གཞུང་ཆེན་མོར་སྦྱོང་བའི་གེགས་སུ་འགྲོ་ལ་ལྷག་པར་དེའི་སྐབས་སུ་ཐུན་མོང་རིག་གནས་གཙོ་བོར་བཟུང་ཆེ་ན་དངོས་གནས་རྩ་བ་བོར་ནས་ཡལ་ག་བཟུང་བའི་དཔེར་འགྱུར་བས་འཇུག་སྒོའི་སློབ་གསོའི་སྐབས་སུ་སུམ་རྟགས་དག་གསུམ་དང་སྙན་ངག་ལ་སྦྱངས་ན་གནད་དོན་དེ་དག་བདེ་བླག་ཏུ་ཐག་གཅོད་ཐུབ་པ་ཡིན།

 

དྲུག་པ། དགོན་པའི་བཅའ་ཡིག་ལ་སྦྱོང་བ་ནི་འཇུག་སྒོའི་སློབ་གསོའི་གནད་འགག་ཅིག་ཡིན།

 

 

དགོན་པའི་བཅའ་ཡིག་ནི་དགོན་སྡེའི་སློབ་གསོའི་སྒྲིག་རིམ་ཁ་ཚང་ཞིག་ཡིན་མོད།སྔོན་ཆད་དགེ་བསྐོས་ཀྱི་ཕྱག་ཏུ་བཟུང་བས་ཆོས་ཐོག་གི་སྐབས་སུ་སྒྲོག་པ་ཙམ་ལས་གྲྭ་རྐྱང་དག་གི་ཀློག་པའི་སྐལ་བ་མེད།དགོན་པའི་བཅའ་ཡིག་དགོན་པའི་ཁྲིམས་ལུགས་སམ་སློབ་གསོའི་སྒྲིག་གཞི་ཁ་ཚང་ཞིག་ཡིན་པའི་ཆ་ནས་དགོན་པའི་གྲྭ་བ་ཡོངས་ཀྱིས་ཤེས་པར་བྱེད་པ་ཤིན་ཏུ་གལ་ཆེ།དེ་བས་འཇུག་སྒོའི་སྐབས་སུ་དགོན་པ་རང་གི་བཅའ་ཡིག་ཁྲིད་ན་དགོན་པའི་སྒྲིག་ལམ་ཤེས་ཤིང་སྒྲིག་ལམ་དུ་ཚུད་པའི་དགོས་པ་ཡོད་ལ་སྔོན་གྱི་ཕྱག་བཞེས་བཞིན་སྐྱོང་བ་ལ་ཕན་ཐོགས་ངེས་ཅན་ཞིག་ཡོད།དེང་སང་གྲྭ་བ་མང་བོ་ཞིག་གིས་དགོན་པའི་འགྲོ་སྟངས་ཙམ་ཡང་མི་ཤེས་པ་དེར་བལྟས་ན་འདི་ལྟ་བུའི་སློབ་གསོ་ནི་འཇུག་སྒོའི་སློབ་གསོའི་སྐབས་སུ་མེད་དུ་མི་རུང་བ་ཞིག་ཡིན།

དེ་ལྟར་དགོན་པའི་རང་གི་བཅའ་ཡིག་གི་ཟུར་འདེབས་ཀྱི་ཚུལ་དུ་ཀིརྟི་རིན་པོ་ཆེའི་ལུགས་གཉིས་གསུང་འཕྲིན་བསླབ་བཏུས་སློབ་དེབ་ཏུ་འདེམས་ནས་ཁྲིད་ཐུབ་ན་ཤིན་ཏུ་ལེགས།དེ་རུ་དགོན་པ་མང་བོའི་བཅའ་ཡིག་གི་གནད་བསྡུས་ཤིང་འདུལ་བའི་ཉམས་ལེན་གྱི་ཕྱོགས་བསྡུས་ནས་གོ་སླ་ཞིང་ལག་ཏུ་བླང་བདེ་བ།དོན་གྱི་གོ་བ་ཆེ་ཞིང་འདུལ་བའི་ཉམས་ལེན་ལ་སྨན་པ་དག་བརྗོད་ཡོད་པས་སོ། །

 

མཇུག་གི་གཏམ།

 

 

གོང་དུ་བཤད་པ་དག་ནི་ཁོ་བོས་ལོ་མང་བོར་དགོན་སྡེའི་སློབ་གསོ་ལ་དོ་སྣང་བྱས་པ་ལས་བྱུང་བའི་བསྡོམས་ཚིག་ཡིན་ལ།ང་ཚོས་དེའི་སྐོར་ལ་བགྲོ་གླེང་བྱས་པ་བརྒྱུད་ནས་དགོན་པ་ཆེ་ཆུང་འགའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷ་ཁང་གི་ཀྲུའུ་རིན་འགས་དངོས་འཕྲད་དང་ཁ་པར་གང་རུང་གི་ལམ་ནས་འདི་ལྟ་བུ་ཞིག་བྲིས་ན་དགོན་སྡེའི་སློབ་གསོའི་ཐད་ནས་ལག་ཏུ་བླང་བདེ་ཞེས་སྐུལ་བ་བཞིན་རང་གིས་ཀྱང་འདི་ལ་དགེ་མཚན་ཅུང་ཆེ་བར་མཐོང་ནས་གྲོགས་པོ་འགས་མྱུར་ཏུ་འགྲུབ་དགོས་པའི་རེ་བ་བཞིན་འཚབ་འཚུབ་ཀྱིས་རྫོགས་པར་སྦྱར་བའོ།།

 

                                          རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།