ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པ་ཞེས་པའི་མཚན་གསོལ་བར་དཔྱད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-04-26 20:59:42     རྩོམ་པ་པོ།   འབོ་རའི་ཡོན་ཏན།     ཀློག་ཐེངས།  

                

IMG_0095.JPG

                    རྒྱལ་བའི་བསྟན་པ་ལ་རྒྱལ་བ་རང་ཉིད་བྱོན་པ་དང་སྒོ་ཀུན་ནས་མཚུངས་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་བ་ཆེན་པོའི་རིང་ལུགས་འཛིན་སྐྱོར་སྤེལ་གསུམ་བྱེད་པའི་མཁས་གྲུབ་ཀླུ་དབང་བྱེ་བའི་གཙུག་རྒྱུན།      འཆད་རྩོད་རྩོམ་གསུམ་དང་།   མཁས་བཙུན་བཟང་གསུམ་གྱིས་བསྟན་པ་ཕྱོགས་མཐར་སྤེལ་བ་ལ་གཞན་དྲིང་མི་འཇོག་པ།  ནང་སྒོས་མདོ་སྨད་བསྟན་པའི་བདག་པོར་མངའ་དབང་དོན་གྱིས་གསོལ་བའི་བདག་ཉིད་ཀྱི་བླ་མ་དམ་པ་འདིའི་སྐུ་ཚེ་འཕྲེང་རྒྱུད་དང་།      ནང་སྒོས་དབལ་ཤུལ་ངག་དབང་བརྩོན་འགྲུས་སམ་བླ་མ་དགེ་འཕེལ་བ་མཆོག་ལ་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཞེས་ས་གསུམ་ན་སྙན་པར་གྲགས་པའི་དོན་ལྡན་གྱི་མིང་འདི་གསོལ་སྟངས་མི་འདྲ་བའི་བཤད་རྒྱུན་ལ།   ཁ་ཅིག་གིས་ནི་འཇམ་པའི་དབྱངས་ཀྱི་གཟིགས་སྣང་ལས་བཏགས་པ་ཡིན་ཟེར་མོད།       གདན་རབས་ལྷའི་རྔ་ཆེན་དུ་འདི་ནི་རང་འདོད་ཀྱི་གཏམ་དུ་བྱ་བར་གསུངས།   ཡང་འགའ་ཞིག་གིས་ཤེས་བྱའི་གནས་ཚུལ་ཀུན་ལ་ཐོགས་མེད་ཅིང་། །བློ་གྲོས་ཟེར་གྱིས་འཇམ་དབྱངས་ཞལ་གྱི་པད། །རབ་ཏུ་བཞད་བྱེད་ཐུབ་བསྟན་དཔལ་གྱུར་པ།  །ཞེས་པ་ལྟར་ཁོང་གི་རྣམ་དཔྱོད་ཀྱི་བློ་གྲོས་ནི་ཉི་མ་དང་རྗེ་བཙུན་འཇམ་པའི་དབྱངས་གྱི་མཆུ་སྒྲོས་ནི་མེ་ཏོག་པད་མའི་གཟིགས་སུ་བཀོད་པ་འདི་ལས་ཤེས་ཟེར།  

     ཐུན་མོང་བའི་བཤད་རྒྱུན་ནི།    དགོང་ལོ་ཉེར་གཉིས་པར་ཆོ་འཕྲུལ་སྨོན་ལམ་དུ་གྲྭ་མང་དང་ལྷན་མཆོད་མཇལ་ཕེབས་སྐབས། ཁོང་གིས་འཇམ་དབྱངས་གྱང་ཐིམ་མ་ཟེར་བའི་གྱང་ཐང་དེར་སྙན་དར་ཕུལ་བ་ཕྱག་གིས་བླངས་ཤིང་།   གསུང་ཡང་འབྱོན་གིན་ཡོད་སྣང་དང་།     སྒོས་སུ་འཛུམ་མལ་མལ་བྱེད་ཀྱིན་པའི་རྣམ་པ་བསྟན་པས་དེར་འདུས་ཀྱི་མཆོད་མཇལ་བ་ཚང་མས་འཇམ་དབྱངས་བཞད་ཀྱིན་འདུག་རབས་དང་ཕྱིས་སུ་ཁོང་ལ་འཇམ་དབྱངས་བཞད་པ་ཞེས་སུ་གྲགས་པ་རེད་ཟེར། འདི་ནི་ཁ་རྒྱུན་ཙམ་ལས་དོན་གྱིས་ནི།  ཐུགས་མཉེས་ཆེ་བའི་ཚུལ་དེ་དག་གཞན་གྱིས་ཚོར་བར་དོགས་ནས་ཅི་ཡང་མ་བྱུང་བའི་ངང་ནས་ཁོང་ཕེབས་སོང་བ་སོགས་རྣམ་ཐར་རྒྱས་བསྡུས་གཉིས་ཀར་གསལ་བོར་གསུངས་ཡོད་དོ།  །

           མདོ་སྨད་ལོ་རྒྱུས་ཆེན་མོ་གཙོས་པའི་ལོ་རྒྱུས་གཞན་དག་ཏུ་རྒྱལ་དབང་དྲུག་པ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོས་བཏགས་པར་གསུངས།   མ་ཟད་སྐབས་དེའི་མཚན་གསོལ་བའི་ཚིག་གི་འཕྲེང་བ་ནི་འདི་ཡིན་ཏེ།    བརྡ་སྤྲོད་རྟོག་གེ་གཞན་དག་ཚར་གཅོད་ཆོས། །རྗེས་འཛིན་བཟོ་གསོ་ཚིག་ཕྲེང་མཛེས་བྱེད་རྒྱན།   །རང་ཉིད་ཀུན་ཤེས་ནང་དོན་རིག་པ་སོགས། །ཀུན་མཁྱེན་འཇམ་དབྱངས་བཞད་པར་གསོལ་བ་འདེབས།  །ཞེས་པ་འདི་ཤེས་བྱེད་དུ་དྲངས་ཀྱིན་འདུག ཡིན་ནའང་ཁོང་དྲུག་པ་ཆེན་མོས་ཀུན་མཁྱེན་ཞེས་བཀས་སྔགས་པ་ལས་འཇམ་དབྱངས་བཞད་པ་ཞེས་པའི་མིང་འདི་མ་བཏགས་པར་འདྲ་སྟེ།  གདན་རབས་ལྷའི་རྔ་ཆེན་དུ།  ཀུན་མཁྱེན་ཞེས་རྒྱལ་བའི་དབང་པོ་རིན་པོ་ཆེའི་བཀས་བསྔགས་པ་ཡིན་ཏེ།  རྒྱལ་དབང་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོོས་མཛད་པའི་རྗེ་འདི་ཉིད་ཀྱི་གསོལ་འདེབས་ལས། ནས།  ཀུན་མཁྱེན་འཇམ་དབྱངས་བཞད་པར་གསོལ་བ་འདེབས། །ཞེས་པའོ། །

        དེས་ན་འཇམ་དབྱངས་བཞད་པ་ཞེས་སུ་གྲགས་པའི་མིང་འདི་དོན་གྱིས་སུས་གསོལ་བ་རེད་ཟེར་ན།  གདན་རབས་ལྷའི་རྔ་ཆེན་དུ་རིག་པའི་གནས་ཀུན་ལ་གཟིགས་རྒྱ་ཆེ་ཞིང་།        སྲིད་འབྱོར་རིག་གསུམ་ལ་མངའ་དབང་བསྒྱུར་བའི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྒྲའི་དཀའ་གནད་ཀྱི་དོགས་པ་བཞི་དབུས་ཀྱི་ཕྱོགས་སོ་སོར་བཀྲམ་པ་ལ་རྗེ་འདིས་ཞིབ་རྒྱས་སུ་ལན་གནང་བར་ཐུགས་དགྱེས་ནས་འཇམ་དབྱངས་བཞད་པ་ཞེས་པའི་དོན་ལྡན་གྱི་མིང་འདི་གསོལ་བར་གསུངས་སྟེ།  དེ་ཉིད་དུ།  སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྒྲའི་དཀའ་གནད་ཀྱི་དོགས་པ་ཕྱོགས་སོ་སོར་བཀྲམ་པ་ལ་རྗེ་འདིས་ལན་རྣམ་དཔྱོད་ཅན་ཞིག་ཕུལ་བའི་སྐབས་སུ་མཚན་དེ་ལྟར་ཕུལ་བར་སྐྱབས་མགོན་རྡོ་རྗེ་འཆང་གིས་གསུངས་སོ།  །ཞེས་གསུངས། 

       ཡིན་ནའང་བསེ་ཚང་གིས་བརྩམས་པའི་ཀུན་མཁྱེན་རྣམ་ཐར་ཀཻ་ཏ་ཀའི་འཕྲེང་བ་རུ།      སྡེ་བས་སྒྲ་གཞུང་གི་དཀའ་གནད་བཞི་ལ་དྲི་བ་བཀོད་ནས། དབུས་ཕྱོགས་སུ་བཀྲམས་ནས་ལན་ཐོབ་ཟེར།         སྒྲ་བ་ཐམས་ཅད་ཀྱིས་ལན་གཞུང་ལ་ཕུལ།   ནས། ཕྱིས་སུ་སྡེ་བས་ཀྱང་རྗེ་འདི་ལ་ཁྱོད་ཀྱིས་སྒྲ་དེ་ཙམ་མཁྱེན་པ་མ་ཤེས།      ཁྱོད་ཀྱི་སུ་ལས་བསླབ་ཟེར་བ་ངས་མ་གོ  སྒྲ་བ་ཨང་གི་བསྒྲིགས་དུས་ཁྱེད་དང་པོ་ལ་འོས་ཀྱང་ཁྱེད་ཀྱིས་ལབ་འཕྱིས་ནས་འཚམས་དེར་མ་སླེབ་ལ།  དྲི་བ་གཅིག་ལ་ལན་ཡང་མི་འདུག  ཨང་གི་དེ་ཡང་འགའ་ཞིག་དེ་ཙམ་མཁས་པ་མི་འདུག་ཀྱང་བདག་རྐྱེན་དགོས་བྱུང་ཟེར་ནས་ཤད་སྦྱངས་བྱས། ཞེས་གསུངས།   

གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།རྩོམ་ཁུངས།རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།