ཉི་མ་བླ་བྲང་ཚང་གི་ཐོག་མའི་གྲྭ་རྒྱུན་འགའི་རྣམ་ཐར་ཉུང་བསྡུས་སུ་བཀོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-16 22:35:32     རྩོམ་པ་པོ།   འབོ་རའི་ཡོན་ཏན།     ཀློག་ཐེངས།  

 

fb99ea.jpg

        ༄༅།།སྤྱིར་ན་ཉི་མ་བླ་བྲང་ཚང་གི་ཐོག་མའི་གྲྭ་རྒྱུན་འགའི་ལོ་རྒྱུས་ཉུང་བསྡུས་སུ་བཀོད་པ་འདི་ལ་དམིགས་བསལ་གྱི་དགོས་པ་གང་ཡོད་ཁ་གསལ་བོས་བཤད་རྒྱུ་མེད་ནའང་།དྲ་ལམ་དུ་ཚན་པ་རེ་འགའ་སྤེལ་བ་ལ་རྒྱུན་སྐྱོང་དགོས་པ་དང་རང་སར་ཁྱེར་ནས་སྤེལ་མཁན་མང་དུ་བྱོན།དེ་དག་གི་རེ་སྐུལ་དང་ཕྱིས་སུ་རང་གིས་ཀྱང་ཉི་མ་བླ་བྲང་ཚང་གི་རྒྱུ་འབྲས་གོ་རིམ་འདི་ལ་མཇལ་ན་བསམ་པའི་ཚོར་ཤུགས་དྲག་པོས་བྲིས་པ་ལགས།ཡིན་ནའང་འདིར་བཀོད་པའི་མཁས་ཤིང་གྲུབ་པའི་དབང་ཕྱུག་འདི་ག་ཙམ་གྱིས་ག་ལ་འཐུས།གདན་རབས་རིམ་བྱོན་དང་སྒོས་སུ་མདོ་སྔགས་ཟུང་འབྲེལ་གྱི་ཤིང་རྟའི་སྲོལ་འབྱེད་ཆེན་མོ།ཆོས་ཀྱི་རྒྱལ་བོ་ཤར་ཙོང་ཁ་བ་ཆེན་མོའི་རིང་ལུགས་ཕྱོགས་མཐར་སྤེལ་བ་ལ་འགྲན་ཟླ་མ་མཆིས་པའི་ངེས་པ་དོན་གྱི་རྒྱལ་ཚབ་དམ་པ།ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་ཞེས་སྙན་པའི་བ་དན་ས་གསུམ་ན་གཡོ་བའི་མངོན་པར་མཐོ་བ་དེ་ཉིད་ཀྱི་སྐུ་ཡི་འཕྲེང་བར་རྒྱ་གར་རྒྱན་དྲུག་མཆོག་གཉིས་དང་། གྲུབ་ཆེན་བརྒྱད་ཅུ་སོགས་དམ་པ་མང་པོ་བསམ་བཞིན་ཕེབས་པའི་ཚུལ་སོགས་བརྗོད་ཀྱིས་མི་ལོང་།མ་ཟད་སྐུ་དེ་ཉིད་ཀྱི་འཁོར་དུ་བསམ་བཞིན་བྱོན་པའི་བསེ་ཁྲི་རྒན་ཚང་གཙོས་པའི་དམ་པ་དེ་དག་གི་མཛད་རྣམ་དང་།འཕྲིན་ལས་སོགས་བདག་ལྟ་བུས་བརྗོད་པར་མ་ནུས་ནའང་རྒྱས་བསྡུས་རན་པའི་རྣམ་ཐར་སྣ་ཚོགས་སུ་མཇལ་ཐུབ་པས་ངལ་བ་ལྷུར་ལེན་བྱས་མེད།  འོན་ཏེ་འདི་གར་བཀོད་པའི་མཁས་ཤིང་གྲུབ་པའི་དབང་ཕྱུག་དང་།ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་འདི་དག་གི་མཚན་ཙམ་ལས་གོ་ཡུལ་ཏུ་མ་གྱུར་བར་བསམ་ནས་ལོགས་སུ་བྲིས་པ་ཡིན།སྒོས་སུ་འཛིན་གྲྭ་གོང་འོག་གི་དགེ་བཤེས་རྒན་གཞོན་མང་པོ་གཅིག་ཏུ་བསྡུས་པའི་དབུ་མའི་སེམས་བསྐྱེད་ཀྱི་འཛིན་གྲྭའི་ནང་གི་འགྱང་རོ་སྤྲུལ་སྐུ་ངག་དབང་བསྟན་འཛིན།གསེར་ཁ་བ་བསོད་ནམས་རྒྱ་མཚོ།རྐང་ཚ་བ་ངག་དབང་མཁྱེན་རབ།དབལ་མང་བློ་བཟང་དོན་གྲུབ། གླིང་དོན་གྲུབ་རྒྱ་མཚོ།རྔ་བ་རབ་བརྟན་རྒྱ་མཚོ།རྔ་བ་ཆོས་སྐྱོང་རྒྱ་མཚོ། རྔ་བ་གོ་ཐོབ།ཐར་མི་ཆི་བློ་བཟང་དོན་གྲུབ།རྔ་བ་མཁར་དཀར་མཁར་ནག་གཉིས་ཀརབ་འབྱམས་པ་ཀུན་དགའ་བཀྲ་ཤིས།ད་ལྟ་བ་རིན་ཆེན་ཆོས་བཟང་། འབོ་ར་ཆོས་མཛད།བསྟན་འཛིན་རྒྱ་ཡུ་མ།རབ་འབྱམས་པ་ངག་དབང་བསོད་ནམས་སོགས་མང་ནའང་རེ་འགའ་གདན་རབས་སུ་གསལ་བ་དང་།རེ་འགའ་ཞིབ་རྒྱས་སུ་འབྲི་བའི་དཔྱད་གཞི་མ་རྙེད་པས་ཐབས་མེད་པ་དང་།ལ་ལར་ནོར་བ་དང་ཁ་གསབ་ཀྱི་རིགས་ཡོད་ན་གསུང་རྒྱུ་རེ་སྐུལ་ཞུ་བ་ལགས།                                                                            

                                            འཁོར་ལྔ་སྡེ།  

    རྐང་ཚའི་ཕྱོགས་ནས་རྒྱལ་བའི་བཀའ་འགྱུར་དང་ཐོག་མའི་གྲྭ་རྒྱུན་དུ་གྲྭ་བ་ལྔ་ཕུལ་བར་ཀུན་མཁྱེན་མཆོག་ཐུགས་ཤིན་ཏུ་དགྱེས་ནས་འདི་རྣམས་ངའི་འཁོར་ལྔ་སྡེ་ཡིན་ཞེས་གསུངས།ཕྱིས་སུ་དེ་རྣམས་ལ་འཁོར་ལྔ་སྡེ་ཞེས་པའི་མིང་ཡོངས་གྲགས་སུ་སོང་བར་མ་ཟད་ངེས་པ་དོན་གྱི་ཆོས་ཀྱི་སྐྱེས་བུ་ཤ་སྟག་ཏུ་འཁྲུངས་པར་ཆོས་འབྱུང་ལས་གསུངས།འོན་ཏེ་ལྔ་བོའི་མཚན་དང་མཛད་པ་ཅི་ཡང་མི་གསལ་བས་འབྲི་མ་ནུས། དེའི་གྲས་ཀྱི་ཨ་རིག་བརྩོན་འགྲུས་ཞེས་པ་ནི་འོག་ཏུ་ཆོས་མཛད་བཞིའི་སྐབས་སུ་བྲིས་ཡོད་པས་དེར་གཟིགས། གཞན་པ་ལག་སོན་མ་བྱུང་།

                                            གསེར་ཁ་བ་བསོད་ནམས་རྒྱ་མཚོ།

        གསེར་ཁ་བསོད་ནམས་རྒྱ་མཚོ་ཁོང་ནི་རྐང་ཚའི་གསེར་ཁ་ནས་འཁྲུངས།ཁྲི་ངག་དབང་བཀྲིས་པའི་བུ་སློབ་གཙོ་བོའི་གྲས་སུ་ཚུདཔར་མ་ཟད།བསེ་ཁྲི་རྒན་ཚང་རང་གི་རྒྱལ་ཚབ་ཏུ་རེ་དོགས་ཆེ་བར་འདུགབཀྲིས་འཁྱིལ་གྱི་དགེ་བསྐོས་བཞུགས།མདོ་སྔགས་ཡོངས་རྫོགས་ཀྱི་མཁས་པའི་སྙན་པ་གྲགས་པས་དཔོན་ཚང་གིས་བཀུར་བའི་བླ་མ་བྱས། ཀུན་མཁྱེན་གོང་མ་ནས་བརྒྱུད་པའི་མན་ངག་གསུམ་སོགས་སྙན་རྒྱུད་ཀྱི་གདམས་པ་མང་བོ་བྲག་དཀར་དཀའ་བཅུ་བ་ལ་གནང་བའི་རྒྱུན་གདན་ས་རང་དུ་དར་རྒྱས་སུ་བྱུང་བས་ཉི་མ་བླ་བྲང་ཚང་ལ་བཀའ་དྲིན་བླ་ལྷག་མཆིས།དེར་མ་ཟད་སྙན་རྒྱུད་ཀྱི་མངའ་བདག་ཆེན་མོ་ངག་དབང་གྲགས་པ་དབུས་སུ་མ་བྱོན་གོང་དུ་རྗེ་བླ་མ་གསེར་ཁ་བའི་དྲུང་ནས་འཇིག་ས་བྱེད་ཀྱི་དབང་དང་།རིམ་གཉིས་ཆ་ལག་དང་བཅས་གསན། རྗེས་སུ་གྲྭ་ས་ནས་སྐྱབས་མགོན་འཇིགས་མེད་དབང་བོ་ཚང་ཕེབས་འཕྲལ་དུ་ངག་དབང་གྲགས་པ་མདུན་དུ་སོང་ནས་སྔར་དབུས་སུ་མ་སོང་གོང་གསེར་ཁ་དཔོན་སློབ་རིན་པོ་ཆེར་ཆོས་འབྲེལ་ཡོད་ཚུལ་སོགས་ཞུས་པར་མ་ཟད།སྐུ་མདུན་དུ་འགྲོ་རྒྱུའི་དགོངས་པ་ཞུས་པས་ཁོང་ཐུགས་ཤིན་ཏུ་དགྱེས་ནས་དེ་ལེགས་པོ་བྱུང་འདུགཁྱེད་རང་ཡང་དང་ཡང་དུ་སོང་ལ་སྐུ་གོང་མ་ནས་བརྒྱུད་པའི་གདམས་ངག་སྔར་ཐོབ་པ་རྣམས་དག་གིམ་ཐོབ་པ་རྣམས་ནན་ཏན་དུ་ཞུས་ནས་ཞིབ་མོར་སློབས།ང་ལ་ཡང་དྲི་རྟོག་བྱེད་རྒྱུ་མང་པོ་ཡོད་གསུང་ནས་མཚམས་འདྲིའི་ཁ་བཏགས་ཀྱང་བསྐུར།ཁོས་བཀའ་བཞིན་རྡོ་རྗེ་འཆང་ནས་མན་ངག་གསུམ་དང་།ཕྱག་ལེན་གྱི་སྐོར་གཉིས་ཀྱི་གསུང་རྒྱུན་བསླབ་ནས་ཁོང་གི་བཀའ་ལན་ཞིབ་རྒྱས་སུ་འབུལ། ཕྱིས་སུ་ཀུན་མཁྱེན་འཇིགས་མེད་དབང་བོར་མཇལ་ནས་ཚེ་རབས་རྗེས་འཛིན་གྱི་སྐྱབས་འཇུག་ཞུས།དེ་ནས་ངག་དབང་གྲགས་པར་སྲད་རྒྱུད་རྡོ་རྗེ་འཆང་ནས་བརྒྱུད་པའི་མན་ངག་ཕྲན་ཚེགས་ཁྱེད་ལ་བྱིན་ཡོད་པ་གཞན་ལ་དགོས་པ་མེད།སླར་བཀྲ་ཤིས་འཁྱིལ་ལ་འཕྲོད་པར་རེམ།ཞེས་གསུངས།འདིའི་སྐབས་ཀྱི་ངག་དབང་གྲགས་པ་ཟེར་བའི་བླ་མ་འདི་སྔར་གྱི་བྲག་དཀར་བཀའ་བཅུ་བ་དེ་ཨེ་ཡིན་སྙམ།སྤྱི་ལོ་༡༧༥༤ལོར་གཙོས་སུ་ཕེབས་ནས་མཁན་ཁྲི་གསུམ་པ་མཛད།ལོ་ངོ་གསུམ་ལ་པོ་ཏི་ལྔ་གཙོས་པའི་འཆད་ཉན་རྒྱ་ཆེར་སྤེལ།ལོ་དེའི་ཡས་མས་སུ་འབོ་རའི་སྔོན་པོ་ཐང་དུ་ཕེབས་ནས་འཆད་ཉན་གྱི་རྒྱུན་མང་བོ་སྤེལ་བར་མ་ཟད།དགོན་གནས་འདི་མ་ཅིག་ལབ་སྒྲོན་གྱིས་ས་མདོ་གསུམ་ཏུ་ཉན་ཐོས་དགོན་ཆེན་རེ་འབྱུང་ཞེས་པའི་ལུང་བསྟན་འདིའི་དངོས་བསྟན་ཡིན་པར་གསུངས།དེ་མིན་ཆོས་ཕྱོགས་ཀྱི་མཛད་པ་རྒྱ་ཆེར་སྤེལ།དགུང་ལོ་གྱ་དྲུག་ཡས་མས་སུ་ད་རུང་འཆད་ཉན་སྤེལ་བར་ཆོས་འབྱུང་ལས་གསུངས།ཕྱིས་ཀྱི་སྐུ་ཕྲེང་རིམ་བྱོན་བིས་མདོ་གྲྭ་ཚང་དུ་བཞུགས།

                                                 རྐང་ཚའི་མཁྱེན་རབ།

        རྐང་ཚའི་མཁྱེན་རབ་མཆོག་ནི་བསེ་ཁྲི་རྒན་ཚང་གི་དངོས་སློབ་གཙོའི་གྲས།འདི་དང་གསེར་ཁ་བསོད་ནམས་གཉིས་མདོ་སྔགས་ཀྱི་གནད་ཡོངས་སུ་རྫོགས་པའི་མཁས་པའི་གྲལ་མགོར་ཕྱིན།དེའི་ཕྱིར་དཔོན་ཚང་གི་བཀུར་བའི་བླ་མའང་ཡིན་ནོ།།ཕྱིས་སུ་གཙོས་སུ་ཕེབས་ནས་མཁན་ཁྲི་མ་མཛད་ཀྱང་འཆད་ཉན་ཡུན་རིང་མཛད་པར་གཙོས་ལོ་རྒྱུས་སུ་འཁོད་འདུག  

                                              ཐར་མི་ཆི་བློ་བཟང་དོན་འགྲུབ།

        རྗེ་འཇིགས་མཛད་རྣལ་འབྱོར་བ་ཐར་མི་ཆི་༧རྗེ་བློ་བཟང་དོན་འགྲུབ་ནི་ཙ་ཡུས་དཔོན་བརྒྱུད་དུ་འཁྲུངས། དགུང་ལོ་བཅུ་གཅིག་པ་ལྕགས་སྟག་ལ་ཀུན་མཁྱེན་མཆོག་རྒྱ་སྒར་ཐང་དུ་ཕེབས་པ་དང་མཇལ།བཅོ་ལྔའི་ཐོག་ཏུ་བཀྲ་ཤིས་འཁྱིལ་དུ་བསེ་ཁྲི་རྒན་ཚང་གི་མདུན་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་། རྗེ་ཉིད་ཀྱི་མདུན་ནས་བསྡུས་གྲྭ་ནས་བསླབ། ཀུན་མཁྱེན་མཆོག་གི་མདུན་ནས་ཉི་ཤུ་བ་ལ་བསྙེན་པར་རྫོགས། མ་ཟད་ཀུན་མཁྱེན་མཆོག་གིས་ཀྱང་དངོས་ཀྱི་སློབ་མ་རྒྱལ་རོང་ནམ་མཁའ་ལྷུན་གྲུབ་བའི་སྤྲུལ་བ་ཡིན་པར་གསུངས།དེའི་གོང་མ་སེ་ར་བསྟན་དར་བ་ཡིན་པར་འཇིགས་མེད་དབང་བོ་ཚང་གིས་གསུངས།   དེའི་གོང་མ་རྭ་ལོ་ཙྰ་བ་ཡིན་པར་རྣམ་ཐར་དུ་གསལ། རེ་འགས་རྒྱལ་རོང་བའི་སྤྲུལ་བ་ཡིན་པར་རང་ལ་རྣམ་རྟོག་ཅི་ཡོད་ཅེས་སོགས་དོགས་འདྲི་བྱས་པའི་ལན་དུ། གྲུབ་མཐའ་ཆེན་མོ་ལ་གོ་བ་ལེགས་རབ་བྱུང་བས་བསྐུལ་མཁན་གྱི་རྟེན་འབྲེལ་ཡིན་ནམ་གསུངས།གྲུབ་མཐའ་ཆེན་མོའི་མཇུག་རྩོམ་དུའང་མཁས་པའི་མཁས་པ་ངེས་པར་གཞུང་བརྒྱ་སྨྲ་བའི་དབང་བོ་ནམ་མཁའ་ལྷུན་གྲུབ་ཀྱིས་བདེ་ཆེ་ལེགས་བྲིས་ཤོག་བུ་སུམ་བརྒྱ་དང་བཅས་རྒྱུ་མཚན་སྙན་ཚིག་གིས་དྲངས་པའི་བསྐུལ་བ་དང་། ཞེས་པའོ། །གཞན་རྒྱུད་གྲྭ་གསར་འཛུགས་ཀྱི་སྐབས་སུ་མི་ཏྲ་དང་ཁྲིད་ཆེན་བརྒྱད་སོགས་གསན་བཞེད་གནངས། བསྡུས་གྲྭའི་དུས་ལ་བློ་རྟགས་དང་རྣམ་འགྲེལ་རྩ་བ། ཡིག་ཆའི་རྣམ་འགྲེལ་ཕལ་ཆེ་བློར་བཟུང་། ཕར་ཕྱིན་སྐབས་ཕར་ཕྱིན་སྟོད་སྨད་དང་ཟུར་བཀོལ་བཞི་བློར་བཟུང་།དབུ་མའི་སྐབས་སུ་ཡིག་ཆ་རྒྱས་པ།མཛོད་ཀྱི་རྩ་བ་དང་མཐའ་དཔྱོད་རྣམས་བཟུང་།དགུང་ལོ་ཉེར་གསུམ་ཐོག་ཏུ་འཛིན་གྲྭ་གོང་འོག་གི་དགེ་བཤེས་གཅིག་བསྡུས་ཀྱི་གྲས་སུ་ཚུད་ནས་དབུ་མའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ཡོངས་རྫོགས་བརྩིབཞག་ཏུ་ཕུལ། བཤད་པ་དོགས་གཅོད་གང་རྒྱས་ཀྱིས་ངང་ནས་དབུ་མ་ལ་མཁས་པའི་ཚད་དུ་བཟུང་། དེ་ནས་འདུལ་བ་སྦྱངས། ཁྲི་ཆེན་ལས་འཇིགས་བྱེད་བཅུ་གསུམ་མའི་དབང་གསན་པ་ནས་ལོ་གཉིས་ལ་བསྙེན་པ་མཛད་པས་རྩ་སྔགས་དང་ལས་སྔགས་བྱ་ཆེན་རེ་སོང་བས་མཆོག་གི་དངོས་གྲུབ་ཀྱི་ལྟས་བྱུང་། གཞན་ལམ་རིམ་ཆེ་ཆུང་དང་སྔགས་རིམ། འགྲེལ་བ་བཞི་སྦྲགས།  འགྲེལ་ཆུང་དོན་གསལ་དང་གྲུབ་མཐའ་ཆེན་མོ།བསམ་གཟིགས་ཆེན་མོ་དང་གསེར་ཕྲེང་།ལེགས་བཤད་སྙིང་བོ་དང་རྣམ་བཤད་དགོངས་པ་རབ་གསལ། བྱམས་ཆོས་སྡེ་ལྔ། འབུམ་ཊིག བཞི་བརྒྱ་བ། སྤྱོད་འཇུག ཀུན་བཏུས། བསླབ་བཏུས། སྐྱེས་རབས་སོ་བཞི་བ། རིགས་ཚོགས་དྲུག་སོགས་ལ་གཟབ་བཤད་དང་།ཁྲིད་དང་དབང་རྗེས་ལུང་གསུམ་སོགས་སྐབས་དེའི་གང་ཡོད་ཐུགས་སུ་བཏེགས།ཁྱ་དགེ་དཔོན་སློབ་ལས་བདེ་བསང་འཇིགས་གསུམ་སོགས་ཀྱི་དབང་གསན།   ཁྲི་ཆེན་སེངྒེ་ལས་བདེ་མཆོག་ལུས་དཀྱིལ་དང་ལྷ་ལྔ་སོགས་ཀྱི་དབང་གསན། མཚོ་བཞི་བློ་བཟང་དར་རྒྱས་ཟེར་བའི་ལྟ་བ་རྙེད་པ་ཞིག་གི་མདུན་ནས་ལྟ་ཁྲིད་ཡང་ཡང་ཞུས།ཕྱིས་སུ་ཁྲི་རྒན་ཚང་གི་ལུང་བསྟན་བཞིན་ལྟ་བ་བརྟགས། རྩ་ཤེས་དང་སྤྱོད་འཇུག་རྒྱུན་དུ་ཞལ་འདོན་མཛད། འཇིགས་བྱེད་བསྒྲུབ་པའི་ཐོ་ཡིག་ནང་བཞིན་ལོ་གཅིག་ལ་བསྒྲུབས། དེ་འབྲེལ་ལོ་ཉེར་ལྔའི་རིང་མཚམས་ཁོང་ནས་རྩ་སྔགས་དུང་ཕྱུར་ལྷག་དང་ལས་སྔགས་དུར་ཕྱུར་གསུམ་ལྷག་སོང་། ཤེས་རབ་འཕེལ་བ་སོགས་ལྟས་ཁྱད་པར་ཅན་མང་དུ་བྱུང་།   ཡོངས་གྲགས་ལ་དོང་བརྐོས་པའི་ནང་དུ་རྩྭ་བཏིང་པས་ལོ་བཅུ་གཉིས་ལ་ཡི་དམ་གྱི་སྒྲུབ་པ་མཛད་པས་དོང་རུལ་ཐོགས་ཀྱང་ཟེར།ཡི་དམ་མང་བོས་ཞལ་གཟིགས་དང་རྗེས་སུ་འཛིན་པའི་ཚུལ་སོགས་གསང་རྣམ་དུ་ཡོད་། ཀུན་མཁྱེན་འཇིགས་མེད་དབང་བོ་ཚང་གིས་བླ་མ་ལ་ཁྱེད་ཚོས་གསེར་ཁ་སོགས་བཟང་ཟེར་གི་འདུག་ཀྱང་ངས་བལྟས་ན་ཐར་མི་ཆི་ལས་བཟང་བ་མི་འདུགཁོང་གི་ཤེས་རབ་ལྷག་པའི་ལྷས་བྱིན་གྱིས་བརླབས་པའི་ཤེས་རབ་ཡིན་པ་རེད།ཅེས་གསུངས།ཀུན་མཁྱེན་མཆོག་གཤེགས་རྗེས་སུ་ཨརྒེ་མཚོ་སྔོན་དམག་གིས་བཅོམ་ནས་བཀྲ་ཤིལ་འཁྱིལ་ཚང་དཀའ་བའི་གནས་སུ་ལྷུང་དུས་རྗེ་འདི་དང་། སྒོམ་པ་རིན་ཆེན་བསྟན་འཛིན། མཁྱེན་རབ།གསེར་ཁ་བསོད་ནམས། ཕུན་ཚོགས་བསྟན་འཛིན་སོགས་སྒྲུབ་རྒྱུད་ལ་མངའ་འབྱོར་བའི་དེ་དག་གིས་མངོན་སྤྱོད་ཀྱི་བཟློག་རིགས་མང་དུ་མཛད།དེ་ནས་དཔོན་ཚང་གིས་བཀུར་བའི་བླ་མར་ཕེབས། ལྕང་སྐྱ་རོལ་བའི་རྡོ་རྗེ་དང་མཇལ་ནས་དབུས་ཀྱི་དགེ་བཤེས་ཤིག་དང་རྩོད་པ་བྱས་ནས་ཁོང་ཐུགས་ཤིན་ཏུ་དགྱེས། ཆིང་ལྦང་བསྟན་འཛིན་ལ་ཁོང་ལ་གནང་དགོས་པའི་བཀའ་གནང་།དགུང་ལོ་ང་དགུའི་ཐོག་འདན་མཁན་པོ་མཆོག་གིས་ཞུས་པ་བཞིན་ཆོས་སྡེ་ཆེན་པོ་འབོ་རའི་སྔོན་པོ་ཐང་ཕྱག་འདེབས་མཛད། འདོན་སྒྲིག་སོགས་གང་ཅིའི་ཐད་ནས་བཀྲ་ཤིས་འཁྱིལ་དང་མཐུན་པར་བྱས།ཁོང་གིས་འཆད་ཉན་གྱི་ཁུར་བཞེད་ནས་མི་ལོ་ཉི་ཤུའི་རིང་བསྐྱངས། ས་སྔོན་པོ་ཐང་དང་གནམ་སྔོན་པོ་ཐང་ཞེས་འཆད་ཉན་བཤད་སྒྲུབ་དར་བའི་དགོན་པ་དངོས་གཙང་བ་ཞིག་འཁྲུངས།དེ་ལྟར་ཀུན་མཁྱེན་འཇིགས་མེད་དབང་བོ་ཚང་གིས་ཀྱང་བསྟོད་བསྔགས་དཔག་མེད་གནང་བར་རྣམ་ཐར་དུ་གསལ།དངོས་ཀྱི་བུ་སློབ་ལ་བསེ་ཁྲི་རྒན་སྐུ་འཕྲེང་གཉིས་པ་ངག་དབང་འཇམ་དབྱངས་བཀྲ་ཤིས།འདིས་ཁོང་གིས་རྣམ་ཐར་རྒྱས་པ་ཞིག་ཡང་མཛད་ཡོད་། དགའ་ལྡན་རབ་འབྱམས་པ། བདེ་ཐང་བློ་བཟང་ཡོན་ཏན་སོགས་མང་པོ་ཡོད་པར་མ་ཟད།གསུང་རྩོམ་ལ་རྗེ་གོང་མའི་བསྟོད་པ་དང་བསེ་ཁྲི་རྒན་ཚང་གི་རྣམ་ཐར་དད་པའི་སྙེ་མ་ངོ་མཚར་ཕྲེང་མཛེས།རྟེན་འབྲེལ་འཁྲུལ་སྤོང་ལེགས་བཤད་སྒྲོན་མེ།བསྟོད་ཚོགས་མང་པོ།ལམ་རིམ་བློ་སྦྱོང་། སྤྲིང་ཡིག་ལྟ་བུ་མང་པོ། འཁྲུལ་སེལ་གློག་ཕྲེང་དང་སྙན་བསྐུལ་ལྷའི་ཇོ་བོ་རྗེ།གཞན་ཚད་མ་དང་དབུ་ཕར། བསྐྱེད་རྫོགས་སོགས་མང་བོ་ཡོད་ནའང་ད་ལྟ་རེ་གཉིས་ལས་མ་མཆིས་པས་འཚོལ་བཞིན་ཡོད།ཁོང་གི་རྣམ་ཐར་ལ་བསེ་སྐུ་འཕྲེང་གཉིས་པས་རྩོམ་གནང་མཛད་པ་ཞིག་དང་གསང་རྣམ་དང་འབྲེལ་བའི་རྣམ་ཐར་ཞིག་རྒྱལ་མཁན་པོ་མཆོག་གིས་མཛད་ཡོད།གཞན་ཚིག་བཅད་ཀྱིས་བྲིས་པའི་ཤོག་གྲངས་བཅུ་གཅིག་ཅན་ཞིག་དང་གསོལ་འདེབས་བཅས་བཞི་ཡོད་པས་དེ་དག་ད་ལྟ་མཇལ་རྒྱུ་ཡོད།   སྐུ་འཕྲེང་རིམ་བྱོན་སྔོན་པོ་ཐང་ནས་གདན་སར་བཀོད། 

                                                 རྔ་བ་གོ་ཐོབ།

       རྔ་བ་གོ་ཐོབ་ནི་རྣམ་དཔྱོད་དང་སྦོབས་པ་ཀློང་དུ་བརྡོལ་བས་དཔྱད་པ་བཏང་ན་འདི་མི་ཤེས་ཟེར་བ་ཞིག་མེད་པར་ཀུན་ལ་གྲགས།པི་ལྦང་གི་སྒྲ་དང་བསང་ཆུའི་གཉེར་མ་ལ་བརྟེན་ལྟ་བ་བརྙེད་པར་དབལ་མང་ཚང་གི་རང་རྣམ་དུ་ཡོད་ཟེར།གཞན་ཁྲི་རྒན་ཚང་གིས་ཆོས་གོས་ལན་གསུམ་གནང་ནས་བསྟན་པའི་བདག་པོར་བསྐོས་བ་དང་གཞན་པའི་གཏམ་རྒྱུད་ཡ་མཚན་པ་འདུགཡིན་ནའང་ཆུང་ངུ་དུས་ནས་ཐོས་པ་ཞིག་ཡིན་པས་གསལ་བོ་མེད་ཀིཡོད་པ་དག་གཤམ་གྱི་འདི་གར་མཇལ་ན་དོན་ལ་གནས།ཕྱིས་སུ་འབོ་རའི་སྔོན་པོ་ཐང་དུ་བུ་སློབ་དང་བཅས་ཕེབས་ནས་རྒྱུན་བཞུགས་སུ་གནང་།སྐུ་གདུང་ཡང་ང་བརྒྱད་ལོའི་བར་དུ་ཡོད་པའོ།།རྣམ་ཐར་རྒྱས་བསྡུས་རན་པ་ཞིག་ད་སྔར་མེད་པས་འབྲི་འདུན་ཤིན་ཏུ་ཆེ་ནའང་དཔྱད་གཞི་མེད་པས་སྟོང་བསམ་དུ་ལུས་ཡོད།འོན་ཏེ་ད་ཐེངས་ཡར་མར་གྱི་དཔེ་ཀློག་མང་བོ་བྱས་མཐར་འདི་ཙམ་ལག་སོན་བྱུང་།

         ཁོང་ནི་རྔ་བའི་སྤྲོ་ཚིགས་ནས་ཡིན་པ་དང་།མཚན་དངོས་ངག་དབང་རྒྱ་མཚོ།ཡོངས་གྲགས་སུ་རྔ་བ་གོ་ཐོབ་དང་རྔ་བ་སྤྲོ་ཚིགས་པ་ཞེས་པའོ། །རིག་པའི་གནས་ཀུན་ལ་མཁས་པས་ཁྲི་རྒན་ཚང་གིས་དགེ་བཤེས་གོང་མ་རྣམ་པའི་འཕྲོས་པའི་དགེ་རྒན་དུའང་བསྐོས།མ་ཟད་བསེ་ཁྲི་རྒན་ཚང་དང་ཁོ་གཉིས་ཀས་གསོལ་ཚིགས་སམ་གུང་ཟས་ལྷན་དུ་གང་མང་གནང་།ཉིན་གཅིག་བསེ་ཁྲི་རྒན་ཁོང་གིས་འདི་ཚང་བོས་ནས་དཀའ་གནད་ཅིག་དྲི་བར་ལན་མ་ཞུས་པར་མ་ཟད།ཤ་དང་ཐུད་སོགས་དགའ་རྟགས་སམ་ཐུགས་སྤྲོ་བའི་སླད་དུ་ཅི་ཙམ་གནང་ནའང་ཁ་མ་གྲགཞབས་ཕྱི་བ་ཚོས་ཀྱང་མཐེ་བོང་བསྟན་ནའང་ཆུ་ནང་གི་རྡོ་ལ་བཤད་པ་བཞིན་ཁ་མ་གྲགཉིན་ཞིག་རྟེན་འབྲེལ་ཆེན་མོའི་ཚོགས་གླེང་སྐབས་སུ་༼རྟེན་འབྲེལ་ཆེན་མོ༽ར་ཁྱབ་པ་བཅད་ཡོད་པ་ཞིག་ལ་ཁོང་གིས་འགལ་ཁྱབ་ཀྱི་ལན་བཏབ།མ་ཟད་འདི་ལ་ཆུ་བོ་གངྒཱ་ཚུན་ན་མ་ཁྱབ་ཟེར་མཁན་ཞིག་ཨུ་ཡོད་སོགས་མང་བོ་ཞིག་སྨྲས།ཕྱི་ཉིན་གཞུང་རྩོམ་པ་བོ་བསེ་ཁྲི་རྒན་ཚང་གི་མདུན་དུ་བདག་རྐྱེན་རག་པར་འདོད་ཕྱིར་སོང་དུས།ཁོང་གིས་ཁ་སང་དེ་འདྲ་ལབ་པ་དེ་ང་ལ་བཤད་ནི་རེད་མོ། ཁྱོད་དམ་བཅའ་སྡོད།ངེད་གཉིས་རྩོད་གསུངས་པར་ཁྱེད་ལྷོད་དལ་བཞུགས་དང་ངའི་རང་ལུགས་མིན་ཞེས་ཞུས།དབལ་མང་བློ་བཟང་དོན་འགྲུབ།ཐར་མི་ཆི་བློ་བཟང་དོན་འགྲུབ།རྔ་བ་རབ་བརྟན་རྒྱ་མཚོ།རྔ་བ་ཆོས་སྐྱོང་རྒྱུ་མཚོ་བཞི་ནི་འཛིན་གྲྭའི་དགྲ་ལོག་ཡིན་པས་ཕན་ཚུན་འཛིན་གྲྭ་གཏུགས་དུས་ཟླ་བོ་ཚོས་སེམས་ཁྲལ་ཤིན་ཏུ་ཆེ་ནའང་།ཁོང་གིས་མགོ་ཁྲ་དང་སེར་ལི་གཉིས་ལ་ཁྱོད་ཚོས་ཉམས་ཞོགགུམ་རིས་༼དབལ་མང་བློ་བཟང་དོན་འགྲུབ༽དང་ང་ཐོད་གཏུགས་ཟེར་ནས་གང་ལ་མི་སྐྲག་པའི་སྦོབས་པས་བཀང་།ཉིན་ཞིག་རྒན་གྱའི་བུ་མོས་ཁྱོད་དང་ཆོས་སྐྱོང་གཉིས་ལས་སུ་བཟང་དྲིས་པར་ཁོང་གིས་སྔ་མོ་ང་བཟང་།ང་དམ་བཅའ་བསྡད་དུས་འདི་འཕང་ན་འདི་དངོས་འགལ་ལ་འཕུད།ཁོ་དམ་བཅའ་བསྡད་དུས་འདི་འཕང་ན་འདི་གཅོད།དུས་ཕྱིས་ངས་དཔེ་ཆ་མ་བལྟས་པས་ད་ཁྱི་ནག་ནག་ཁོ་བཟང་ངམ་སྙམ་ཞེས་གསུངས།ཚོགས་སུ་ཕེབས་ལམ་དུ་ངོ་མ་ཁྱི་ཞིག་གིས་བཙོ་ཟ་བར་གཟིགས།དེ་རྩ་ཡིན་མིན་དཔྱད་པ་བཏང་བས་ཚོགས་གྲོལ་དུས་གཞན་གྱིས་སློང་དགོས་པ་བྱུང་། ༼བདག་གི་གོ་ཐོས་སུ་བསྡུས་གྲྭའི་ཁ་དོག་དཀར་དམར་དུ་རྟ་དཀར་བོ་རྟ་ཡིན་མིན་གྱི་རྩོད་པ་བྱེད་མཚམས་སུ་ལམ་བར་ནས་རྟ་དཀར་བོ་ཞིག་མཐོང་བར་བརྟེན་ཚོགས་སུ་རིགས་པ་གཅིག་བསྒྲིམས་ཀྱིས་སྤུ་ཉག་རེ་རེ་དཀར་བོ་ཡིན་མིན་དཔྱད་མཐར་ཚོགས་གྲོལ་སོང་བར་མ་ཤེས་ནི་རེད༽ཞེས་པའོ།།ཉིད་ཀྱི་གསོལ་ཕོར་རམ་ཅ་ནེ་ཤིན་ཏུ་ཆེ་བས་ཁ་བཀང་སོང་ན་ཕྱག་བདེ་བ་དག་གི་དཔུང་ཡང་བོ་ཞིག་ཏུ་འགྱུར་འགྲོ་སྐད།དེ་ལ་འདྲ་མིན་གྱི་སྐད་ཆ་མང་དུ་ཤོད་ཀྱིན་ཡོད་ལ།ཉིན་ཞིག་དགེ་བསྐོས་ཤིག་གིས་འདི་ལྟར་ཚོགས་གཏམ་གནང་།ཅ་ནེ་ཁ་ནས་ཀི་བཏབ་ན་ཞབས་ནས་མི་གོ་གིཞེས་སུ་བསྒྲགས།།མིང་གིས་མ་གཟུང་བའི་ཚོགས་གཏམ་དེས་རྔ་བ་གོ་ཐོབ་ཀྱིས་རང་ལ་བཤད་ཀྱིན་ཡོད་པ་ཤེས་ནའང་།གཡས་གཡོན་དང་མདུན་རྒྱབ་ཀྱི་གྲྭ་བ་ཚོས་ཁྱེད་ལ་བཤད་ནི་རེད།ཅེས་སོགས་ངོ་འཛུམ་འདྲ་མིན་གྱིས་བཤད།ཁོང་གིས་ཕྱིར་རྒྱབ་རི་ནས་ཀི་བཏབ་ན་དགོན་མཐིལ་ནས་གོ་བས་འདུ་ཁང་འདིར་མི་གོ་བ་ཞིག་མེད་ཟེར།འདིས་ནི་ཕྱོགས་གཉིས་ཀར་ཚ་རྒྱབ།གསུང་རབ་ཀྱི་ཡིག་འབྲུ་རེ་རེ་ལ་དཔྱད་ནས་སྤྱོད་ལམ་གང་ཡིན་དེའི་ངང་ལ་ཉིན་ཞག་དུ་མར་འགོར་འགྲོ་བ་དང་། རི་མོ་དང་པི་ལྦང་སོགས་རོལ་ཆས་དུ་མར་བསླབས།ལྷག་པར་བསང་ཆུའི་འགྲམ་ནས་ཆུ་གཉེར་གྱི་རི་མོ་བརྟག་པ་ལ་སོགས་པས་ལྟ་བ་རྙེད་པར་གསུངས།དེ་འདྲའི་པི་ལྦང་དེ་རྟེན་དུ་ཡུན་རིང་བཟུང་ནས་ཐར་སློབ་མ་ཞིག་ལ་གནངས། སྤྱོད་ལམ་སོགས་གཞན་དང་མི་མཐུན་པས་མི་མང་གི་གྲལ་དུ་མི་ཚུད་པ་སོགས་ངག་རྒྱུན་དང་གདན་རབས་སུ་བཀོད་འདུགཡིན་ནའང་ནང་གི་ཡོན་ཏན་དང་རིག་པའི་གནས་ལ་གཞན་དྲང་མི་འཇོག་པའི་ཚུལ་དུ་མ་མཆིས་པར་འདུགནམ་ཞིག་སྒྲ་གཞུང་དུ་མར་མཁས་པའི་རྒན་པོ་ཞིག་ཡོད་པ་གྲལ་གོང་དུ་བཞག་ནས་བསླབ་པ་ལ་འདུག་མ་བཟོད་པར་ཕྱིར་ནུད་བྱེད།ཁོང་གིས་སྐྱོན་མེད།ཁྱེད་ཀྱིས་ངས་མི་ཤེས་པ་ཞིག་བསླབ་པ་རེད་མོ་ཅེས་གསུངས།ཡོན་ཏན་ཅན་ལ་བརྩི་བཀུར་བྱེད་པའི་དགེ་བཤེས་ཐོག་འདྲ་བ་ཁོང་འདྲ་དཀོན་པོ་རེད་ཟེར་ན་རྒན་པོའི་རགས་པ་ཧད་དེ་འདུགཉིན་ཞིག་རྒན་གྱའི་བུ་མོས།ཁྱོད་ལ་བཟང་བཤད་ངན་བཤད་སྣ་ཚོགས་བྱེད་ཀྱིན་འདུགཁྱེད་རང་གིས་གཟིགས་ན་ཅི་འདྲ་འདུག་སྙམ་ཅེས་དྲིས་པར།ངས་གསུང་རབ་ཀྱི་དགོངས་དོན་ལ་དཔྱད་པ་བཏང་ན་འདི་མི་ཤེས་ཟེར་རྒྱུ་མེད་པས་བཟང་ཡང་སྙམ།སྡིག་པ་མི་དགེ་བའི་ཕྱོགས་སུ་བསམ་བློ་བཏང་ན་འདི་མི་དྲན་གི་ཟེར་རྒྱུ་མེད་པས་ངན་སྙམ།གང་ལྟར་ངའི་ཚོད་ངས་མི་ཐིག་ཅེས་གསུངས།བསེ་ཁྲི་རྒན་ཁོང་གིས་ཉིན་ཞིག་ལ་དགེ་བཤེས་ཚོ་ཨང་རིམ་བསྒྲིགས་ནས་ཡོང་དུས་འདི་བ་དང་ཐར་མི་ཆི་བཟང་བློ་དོན་འགྲུབ་པ་དང་།རྔ་བ་ཆོས་སྐྱོང་རྒྱ་མཚོ་གསུམ་དང་པོ་དང་།འབེ་བན་བསྟན་འཛིན་དང་མཛོད་དགེ་དོན་སང་།རྐང་ཚའི་མཁྱེན་རབ་གསུམ་ཨང་གཉིས་པ་དང་།མཁན་པོ་བནྡེ་དང་ཁྱ་ཞར་བནྡེ།རྔ་བ་རབ་བརྟན་གསུམ་ཨང་གསུམ་པར་བཞགདེར་མ་ཟད་བསེ་ཁྲི་རྒན་ཚང་གིས་ཆོས་གོས་ལན་གསུམ་ཁོང་ལ་གནང་ནའང་གཞན་ལ་བཙོང་།ཁྱོད་ཀྱིས་ཅི་བསམ་པ་ཡིན་དྲིས་དུས།བྱིས་པ་ཞིག་མདུན་རི་འདིའི་སྐེད་ལ་བཏེགས་ནས་སྡོད་དུ་བྱས་ན་དེས་གང་བྱེད་ཨང་ཞེས་འདུག་འདོད་མེད་པའི་སྐད་ཆ་དྲང་མོ་དེ་ཞུས།ཁྲི་རྒན་ཁོང་གིས་ད་ཁྱོད་མཐའ་ཞིག་ལ་བསང་ཆུ་འདི་དང་འགྲོགས་ནས་མ་སོང་ན་ངའི་རྣ་བ་ཆོད་ཅེས་བཀའ་བཀྱོན་ཚད་མེད་གནང་།ཕྱིས་སུ་ངོ་མ་དགོན་པ་ནས་ཕེབས་དགོས་པ་བྱུང་།འདི་ལ་བཤད་ཚུལ་འདྲ་མིན་མཆིས་ནའང་དཔྱད་བསྡུར་བྱས་མེད།རྣམ་འགྲེལ་ཁ་འཐོར་སུ་ལའང་མ་མཁོ་བ་ཞིག་རྔ་བའི་གསར་བ་ཞིག་ཡོད་པ་དེ་ལ་གནང་བའི་རྟེན་འབྲེལ་གྱིས་ད་ལྟའི་བར་རྔ་བའི་གྲྭ་རྒྱུན་ཕལ་ཆེར་སློབ་གཉེར་བ་ཤ་སྟག་བྱུང་ཟེར།འདི་ལ་འཐེན་འཁྱེར་གྱི་བྲིས་རྩོམ་ཡོད་ཀྱང་མི་བཤད།དེ་ནས་བླ་མའི་ལུང་བསྟན་བཞིན་ཁ་གྱར་ཕེབས།དགོན་མཐའི་མ་ཎིའི་ཁང་བ་ཞིག་གི་ནང་དུ་ཞག་བཞུགས་མཛད།སྐྱབས་མགོན་མཆོག་དེར་ཕེབས་པ་དང་མཇལ་ནས་ཕྱིར་དགོན་པའི་ནང་དུ་ཕེབས་དགོས་པའི་བཀའ་སློབ་གནང་བར་མ་ཟད། ནས་བྲེ་ཁ་ཤས་ཀྱང་གནངས།དེ་ནས་གཙོད་ཆོས་གླིང་དུ་ཕེབས་ནས་ཟླ་བ་ཁ་ཤས་བཞུགས།དེ་ནས་ཞབས་ཀྱི་པད་མོ་འབོ་རའི་སྔོན་པོ་ཐང་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་དུ་བཞད་པ་ནས་བཟུང་། སྐུ་ཚེ་གང་བོར་ལུགས་གཉིས་ཀྱིས་བསྐྱངས་པའོ།།སྐྱེ་བ་རྗེས་མར་ལུང་རིགས་གཉིས་འཛོམས་ཀྱི་སྐྱེས་པུ་དམ་པ་ཞིག་ཏུ་འཁྲུངས་པར་མ་ཟད།བཅུ་ཕྲག་རིག་པའི་གནས་སྤྱི་དང་བྱེ་བྲག་གང་ལའང་ཐོགས་པ་མི་མངའ་བའི་ངེས་པ་དོན་གྱི་དམ་པ་ཞིག་གི་སྐུའི་སྐྱེ་བ་བཞེད་ནས་ཉི་མ་བླ་བྲང་གི་ཆོས་གྲྭ་བ་ཞིག་ཡིན་པར་གདན་རབས་སུ་གསལ། 

                                              རྔ་བ་ཆོས་སྐྱོང་།

         རྔ་བ་ཆོས་སྐྱོང་རྒྱ་མཚོ་མཆོག་ནི་རྔ་བ་མཁར་རིལ་ནས་ཡིན་པ་དང་།ཁོང་ནི་བླ་བྲང་གསར་འཛུགས་ཀྱི་གྲྭ་ཁྲལ་གྱི་གྲས་སུ་གཏོགས།འདུལ་ཁྲིམས་གཙང་བའི་ཚད་དུ་བྱེད།བརྩོན་འགྲུས་ཆེ་བས་སྐུ་གཤེགས་ཀྱི་བར་དུ་པོ་ཏི་ལྔའི་ཞལ་འདོན་དང་ཚིག་ཊིག་མང་བོ་བློ་ཐོག་ནས་འགྲོལན་ཅིག་སྐྱབས་མགོན་བཞད་པའི་རྡོ་རྗེ་མཆོག་ལ་མཇལ་བར་ཕྱིན་དུས་ཐུགས་དགྱེས་པའི་འཛུམ་ཞལ་གྱིས་རྣམ་འགྲེལ་རྩ་བ་ཞིག་གནང་ཞོར་འདི་ལ་འགྲེལ་གྱིས་གསུངས་པར་རང་དོན་ལེའུའི་རང་འགྲེལ་ཐོགས་མེད་དུ་འཆད།གཞན་གསུམ་ལྷ་ཤཱག་གཉིས་ཀའི་གཞུང་ལྟར་ཐོགས་པ་མེད་པ་བྱུང་།ཡིན་ནའང་ལེའུ་གསུམ་པའི་ནང་གི་ཕྲུ་མའི་འབྲས་ནི་ཚོས་པ་བཞིན་ཟེར་བ་འདི་མི་ཤེས།འབྲས་ཚོད་སྣོད་ཅིག་ཡིན་ནམ་ཞུས།འཛིན་གྲྭ་གོང་འོག་གི་དཔེ་ཆ་བ་ཆེས་བཟང་ཤོས་ཏག་ཏག་དབུ་མའི་འཛིན་གྲྭ་གཅིག་ཏུ་བྱས་པའི་གྲས་ཡིན་པར་མ་ཟད།བསེ་ཁྲི་རྒན་ཚང་དབུ་བཞུགས་སུ་ཡོད་པའི་སེམས་བསྐྱེད་དང་པོའི་སྟོན་མོ་རུ་ཁོང་ལ་ཕུལ་བའི་པཎྚལ་གྱི་ཚོམ་བུ་ལ་བརྟེན་ནས།རང་ངོས་ནས་མ་གྲུབ་པའི་ལྟ་བ་རྟོགས་པར་དབལ་མང་པཎ་ཊི་ཏའི་རྣམ་ཐར་དུ་གསུངས།འདིའི་སྐབས་སུ་ཀུན་མཁྱེན་དབུ་མ་ཆེན་མོ་ཡོངས་རྫོགས་བློ་རྒྱུགས་སུ་ཕུལ་མཁན་ཁོང་དང་ཐར་མི་ཆི་རྣམ་པ་གཉིས་ཀ་ལགས།གཞན་བསེ་ཁྲི་རྒན་ཚང་གི་གསུང་བཤད་དབུ་མ་རྒྱས་པ་ཤོག་བུ་ལྔ་བརྒྱ་དང་བསྡུས་པ་ལྔ་བཅུ་ཅན།ཟུར་བཀོལ་བཞི།ཕར་ཕྱིན་སྐབས་བཞི་བ་ཡན་གྱི་ཟིན་བྲིས་ཡོད་པ་འདི་གའོ།།ད་རུང་སྔོན་པོ་ཐང་དུ་དཔར་ཤིང་ཡོད་པའི་ཟིན་བྲིས་བཅུ་གསུམ་སོགས་མང་བོ་འདུགདགོང་གྲངས་མ་ངེས་ནའང་ཁོང་སྟག་ཚང་དཔལ་གྱི་རི་བོའི་སྐྱབས་མགོན་གསེར་ཁྲི་ཚང་གིས་གདན་དྲངས་པ་བཞིན་དེའི་གའི་དགེ་རྒན་དུ་ཕེབས་ནས་སྐུ་ཚེ་གང་བོར་བཞུགས།སྐུ་ན་བའི་དུས་ཤིག་ལ་རྗེ་འཇིགས་མཛད་རྣལ་འབྱོར་བ་ཐར་མི་ཆི་༧རྗེ་བློ་བཟང་དོན་འགྲུབ་མཆོག་གདན་དྲངས་པ་བཞིན་ཁོང་གི་མདུན་ནས་མདོ་སྔགས་ཀྱི་གནད་ཡོངས་སུ་རྫོགས་པ་གྲོལ་བར་བྱས།མ་ཟད་ཐར་མི་ཆི་དང་ལྷན་དུ་ཀུན་མཁྱེན་ཡབ་སྲས་ཀྱི་བསྟན་པ་འཛིན་པའི་ཐུགས་སྨོན་རྒྱ་ཆེན་པོ་གནང་།ད་རུང་སྤྱན་ཆུབ་འགག་མི་ཐུབ་པ་ཞིག་བྱང་བས་ཡུན་ཙམ་ལུས་པར་གསུངས།འདི་འདྲ་ཞིག་བྱུང་བའི་དུས་ཤིག་ཡོད་པར་བསེ་ཁྲི་རྒན་ཚང་གིས་ལུང་བསྟན་ཡོད་ཟེར་ནས་ཐར་མི་ཆིར་ཞུས།།

 འདིའི་ནི་ཐར་མི་ཆིའི་རྣམ་ཐར་དད་པའི་སྒོ་འབྱེད་དང་ཁྲི་སེངྒེ་རྒྱལ་མཚན་སྐུ་འཕྲེང་གཉིས་པའི་རང་རྣམ།   གཞན་ཆོས་འབྱུང་སོགས་ལས་བཏུས་པའོ། །

                                              བསྟན་འཛིན་རྒྱ་ཡུ་མ།

         བསེ་ཁྲི་རྒན་ཚང་གི་དངོས་སློབ་ཐམས་ཅད་ལས་ཐུན་མིན་གྱི་ཁྱད་ཆོས་རེ་ཡོད་པའི་དགེ་བཤེས་བཞི་ནི།ཁྲི་རྒན་རང་གི་རྣམ་ཐར་རྩོམ་པ་བོ་བསྟན་འཛིན་རྒྱ་ཡུ་མ།དབལ་མང་དོན་གྲུབ།ངག་དབང་རྒྱ་མཚོའམ་ཡོགས་གྲགས་སུ་རྔ་བ་གོ་ཐོབ།འགྱང་རོ་བཞི་ཡིན་ལ།དུས་དེར་ཁོ་ཚོར་ཐུན་མིན་གྱི་ཁྱད་ཆོས་ཡོད་པ་ནི་རྒྱ་ཡུ་མའི་རིག་པ།གོ་ཐོབ་ཀྱི་གོ་བ།དོན་གྲུབ་ཀྱི་ཐལ་སྐད།འགྱང་རོའི་ཐལ་སྒྲ་ཞེས་སུ་གྲགས་པ་རེད།དབལ་མང་དོན་གྲུབ་ཀྱིས་ཐལ་སྐད་བཏང་བ་ཁ་དཀར་ཀླད་ནས་ཀྱང་ཐོས།འོན་ཏེ་ལུང་རིགས་མེད་པའི་ཐལ་སྐད་སྐམ་པོ་ཙམ་བཏང་བས་གྲགག་པ་རྒྱས་སོང་བ་ཞིག་ག་ལ་ཡིན།ཁོང་གི་རང་རྣམ་ལ་གཟིགས།དེ་ལས་བསྟན་འཛིན་རྒྱ་ཡུ་མ་ནི་ཁམས་ཧོར་ནས་ཕེབས་པ་ཞིག་ཏུ་ལགས་ནའང་མ་ཡོང་གོང་དུ་རིགས་སྨྲ་འགྲན་ཟླ་མེད་པ་ཞིག་ཡིན་པས་ཁྲི་རྒན་གྱི་དངོས་སློབ་གནས་བརྟན་པའི་རྩོད་ཟླ་གཅིག་བུར་གྲགས།དེ་མ་ཟད་རིག་གནས་སྤྱི་དང་བྱེ་བྲག་གང་ལའང་ཐོགས་པ་མི་མངའ་བའི་བློ་གྲོས་ཅན་ཞིག་རེད།ཕྱིས་སུ་དགོན་ལུང་དུ་དམ་བཅའ་བཞགདབུས་ཀྱི་གྲྭ་ས་གསུམ་ན་འགྲན་པའི་ཟླ་དང་བྲལ་བའི་དགེ་བཤེས་དཔའ་རེ་ཁྱ་ཁོ་ཟེར་བ་ཞིག་ཕེབས་ཡོད་པ་དེ་ལངས་ནས་རྟགས་གསལ་བཏང་།མཇུག་ཏུ་དགེ་བཤེས་གང་དེས་རྒྱ་ཡུ་མར།ཁྱེད་ལ་མི་དགོས་པ་གསུམ་ཡོད་པའི་ཕྱིར་ཏེ།ཁ་ལ་མི་དགོས་པའི་ཨ་ར།ལག་ལ་མི་དགོས་པའི་ཕྲེང་ཀོགསེམས་ལ་མི་དགོས་པའི་སྟོང་ཟོབ་ཅིག་ཡོད་པའི་ཕྱིར།ཞེས་ཀུ་རེ་བྱས་པ་ཙམ་ལ།ཁོང་ཡར་ལངས་ཞོར་འཁོར་གསུམ་བསྐོར་ནས།ངེད་ལ་དགོས་པ་ཐམས་ཅད་ཚང་བའི་སྟེང་དུ་མི་དགོས་པ་གསུམ་ཡོད་ཀྱང་།ཁྱེད་ལ་དགོས་པ་གསུམ་མ་ཚང་བའི་ཕྱིར་ཏེ།ལུས་ལ་དགོས་པ་ཤ་མེད།ངག་ལ་དགོས་པ་ཐལ་སྐད་མེད།ལག་ལ་དགོས་པ་ཐལ་སྒྲ་མེད་པའི་ཕྱིར།ཞེས་འཕངས་པའི་ཚིག་གི་མཇུག་ཐོག་ཏུ་དགེ་བཤེས་འདིས་སེར་འབྲས་དགེ་གསུམ་གྱི་དཀྱིལ་ནས་སྨྱོ་ལབ་འདི་འདྲ་བྱས་ནི་ཡིན་རྒྱུ་རེད།ཞེས་གད་མོ་དང་བཅས་གསུངས་དུས།དབུས་ཀྱི་དགེ་བཤེས་ཁོང་གིས་ཚིག་འཁྲི་བཏང་བ་ལ་གང་ཟག་གི་རྒྱུད་ན་རྣམ་མཁྱེན་མེད་པར་ཁས་བླངས་དགོས་པ་ཡོད།དེ་ཡ་མཚན་རྒྱུ་ཅང་མེད་ཟེར་ནས་བསྡད།ཡང་ཁོང་གིས་དབུས་ཀྱི་དགེ་བཤེས་ལ་གང་ཟག་གི་རྒྱུད་ན་རྣམ་མཁྱེན་ཡོད་པར་ཐལ་བྱས་པས་འདོད་ཟེར།འོ་ན།གང་ཟག་གི་སྟོད་ན་ཆོས་གོས་གྱོན་ཡོད་པར་ཐལ་བྱས་པ་ལ།ཁོང་གིས་འདོད་ཟེར། དེས་ན་གང་ཟག་གི་ཁོག་སྨད་ན་རྐང་ལྷམ་གྱོན་ཡོད་པར་ཐལ།འདོད་ཟེར།གང་ཟག་གི་སྟོད་ན་ཆོས་གོས་དང་སྨད་ན་རྐང་ལྷམ་གཉིས་སྦྲགས་ཡོད་པར་ཐལ།ཞེས་ཁྱབ་འགྲིག་ཉམས་དགའ་བ་མང་བོ་འཕངས་པ་སོགས་རང་བཞིན་གྱི་རིགས་པ་ཡོད་སྐད་གྲགས།སྐབས་ཤིག་ལ་སྒོ་མང་བླ་མ་དམ་ཆོས་ཀྱི་དུས་དེར་ཀུན་མཁྱེན་ཡིག་ཆ་བསྐྱར་གྲབས་ཀྱི་གཏམ་ཞིག་ཐོས་པས་འདི་དང་ཁ་གྱའི་དགེ་བཤེས་ཨོང་ཤ་ཟེར་བ་དང་།གཙོད་འབྲོང་ལྕེ་སྡེ་བར་འཁྲུངས་པའི་འབེ་བན་བློ་བཟང་བསྟན་འཛིན་གསུམ་ལ་ཀུན་མཁྱེན་ཡིག་ཆ་འཛིན་སྐྱོར་སྤེལ་བའི་རྩོད་འདུན་ཤུགས་དྲགས་པས་ལྷ་ལྡན་དུ་བྱོན།ཁོང་གསུམ་ནི་བླ་བྲང་གི་གྲྭ་རྒྱུན་ནང་གི་ཆེས་ཐོག་མའི་དབུས་སུ་ཕེབས་མཁན་རེད། ༼ངག་ནས་བརྒྱུད་པའི་སྐད་ཆ་ནི་དེ་ལས་ཀྱང་འཐུས་ཚང་བ་ཞིག་རེད།ཁོ་ཚོས་དུས་རྒྱུན་རྩོད་པ་བྱེད་པའི་སྒྲ་སྐད་ཉིན་དང་མཚན་དུ་ཆད་པ་མེད་པས་འཛུགས་ཤིང་འགྲམ་ངོགས་ཀྱི་དགེ་བསྐོས་ཡི་མ་རང་བའི་ཚུལ་དུ་ཁོང་ཚོར་སྒོ་མ་མཁན་པོ་གང་དེས་ཀུན་མཁྱེན་ཡིག་ཆར་སྐྱོན་གཏོང་རབས་དང་བསྐྱུར་རབས་ཀྱི་འགྲིག་འགྲིག་འགའ་ལབ་པ་ཐོས་འཕྲུལ་དུ་དབུས་སུ་བྱོན་པའི་སྐད་ཆ་གོསྐབས་དེར་ལོ་ན་ཅུང་ཆུང་བས་གསལ་བོ་མེད་ནའང་།རྗེས་ཀྱི་སྐད་ཆ་དག་ཁ་གྱའི་དགེ་བཤེས་ཁོང་གི་རྣམ་ཐར་ཐད་དུ་ཡོང་ངེས་ཡིན།༽དགེ་བཤེས་ཁོང་ཅག་ལོ་ལྔ་དྲུག་ཙམ་ལ་དབུས་ནས་བཞུགས། ནམ་ཕེབས་ནམ་འོང་གི་ལོ་ཚིགས་གང་ཡང་མ་ངེས་ནའང་ལྷ་ལྡན་ནས་ཕྱིར་ཕེབས་པ་འདིས་འགྲུབ།སྔ་གཞུག་ཏུ་མཚོ་སྔོན་ཕྱོགས་སུ་ལན་གསུམ་ཕེབས།དང་པོའི་དུས་དེར་གྲོང་ཆོག་ལ་མ་བྲིན་པས་གྲོད་པ་བཞི་རླུང་གིས་སྤར་བའི་སྟེང་དུ་འབར་མ་བཞག་པ་ཞིག་ཐམས་ཅད་ཀྱི་མཐོང་སར་མཚོ་ལ་སྐྱོན།གཏིང་དུ་མ་ནུབ་པར་རྒྱང་རིང་དུ་སོང་བའི་ཚུལ་འདི་འུར་སོང་བར་བརྟེན་དཀའ་ཚེགས་མེད་པར་གྲོང་ཆོག་གི་འཕྲིན་ལས་རྒྱས།རྗེས་མའི་སྐབས་སུ་རང་ཡུལ་ནས་ཐོན་དུས།ཚ་བོ་བསེ་དཔལ་ལྡན་ལ་བུ་མོ་གཞོན་ནུ་མ་བཅུ་གཉིས་ཀྱིས་ཁོང་གི་གདན་ཁྱེར་བ་ཞིག་རྨིས།དེ་ནི་མཚོ་སྔོན་དུ་བསྟན་མ་བཅུ་གཉིས་གནས་པས་ད་ལན་ཡུལ་དུ་ལྡོག་རྒྱུ་མེད་པའི་ལྟོས་སུ་གསུངས།ལམ་ཀར་བློན་པོ་གསེར་ཆེན་རི་ངོས་ཀྱི་ས་མིག་གཅིག་དཔལ་ལྡན་ལ་བསྟན་ནས་ང་ཤི་ན་འདིར་ཞོགཞེས་ཞལ་ཆེམས་ལྟར་བསྒྲུབས་པ་ཆོས་འབྱུང་དུ་གསལ།རྣམ་ཐར་རྒྱས་བསྡུས་གང་ཞིག་ད་རུང་སུས་ཀྱང་མཛད་མེད་ཚོད་དུ་སྣང་།    

                                                 ཁ་གྱའི་དགེ་བཤེས།

         ཁ་གྱའི་དགེ་བཤེས་ཁོང་གི་མཚན་དངོས་མི་གསལ་ནའང་ཡོངས་གྲགས་སུ་དགེ་བཤེས་ཨོ་ཤ་ཟེར། །ཁོང་ཁ་གྱའི་སྤྲེལ་ལུང་མདོ་ནས་ཡིན་པ་དང་།སྐད་གྲགས་ཆེ་བའི་དགེ་བཤེས་མང་བོའི་གྲས་ཡིན་པར་མ་ཟད་རྩོད་ཟླ་མི་ཡོང་བ་ཞིག་རེད།དེར་མ་ཟད་ཁ་རི་ཁ་ཐུག་གིས་བཤད་བཞག་ནི་དེ་མོ་ཞིག་ཡིན་ས་རེད།ཉིན་མཚན་ལ་དབྱར་བ་མེད་པར་འཛིན་སྐྱོར་སྦྱང་དང་ཚོགས་ཆོས་གྲྭ་ཆག་མེད་དུ་བྱས།དེར་མ་ཟད་རྩོད་པ་སོགས་ཀྱིས་དུས་འདའ་བར་བྱས་པས་ནམ་ཞིག་འཛུགས་ཤིང་འགྲམ་ངོགས་ཀྱི་དགེ་བསྐོས་གང་དེའི་དུས་རྒྱུན་གཉིད་སློང་གིན་ཡོད་པས་ཡིད་མ་དགའ་བས་ཁོ་ཚོར་འདི་སྨྲས།སྒོ་མང་བླ་མ་དམ་ཆོས་ཀྱིས་རང་རེའི་ཀུན་མཁྱེན་ཡིག་ཆར་སྐྱོན་བཏང་བ་དང་།བསྐྱུར་གྲབས་འདུག་པས་ཁྱེད་ཅག་མངར་ན་དེར་སོང་།ཞེས་སྨྲས།ཐོས་འཕྲུལ་དུ་ཁོ་དང་བསྟན་འཛིན་རྒྱ་ཡུ་མ་དང་།འབེ་བན་བསྟན་འཛིན་གསུམ་རྩོད་འདུན་གྱིས་དབུས་སུ་བྱོན།འདི་ཀའི་གྲྭ་རྒྱུན་དབུས་སུ་ཡིན་ཚོད་དུ་སྣང་།ཁོ་ཚོ་དབུས་སུ་བདེ་ལེགས་ངང་ཐོན་པར་མ་ཟད་དང་པོ་ཆོས་གྲྭའི་གློ་སྒོ་ཆུང་ངུ་ཞིག་ཡོད་པ་དེའི་སྒོ་ཁར་ཁ་གྱའི་དགེ་བཤེས་ཁོ་རང་གཞུང་པོ་ཏི་ལྔའི་མཚོན་བྱེད་དུ་ཤིང་ལེབ་གཉིས་ཀྱི་བར་དུ་གཅུར་ནས་འཕྲེད་དུ་ལོགདུས་དེར་མཁན་པོ་མཆོག་ཕེབས་ནས་ཡོང་དུས་ཞབས་ཕྱི་བས་ཕར་ལོགས།ཕར་ལོགས།སྐྱེས་བུ་དམ་པ་ཞིག་ཕེབས་ནས་ཡོང་གིན་འདུག་ཟེར།ཁོས་སྐྱེས་བུ་ཡིན་པར་འདོད།དམ་པ་ཡིན་པར་རྟགས་མ་གྲུབ།ཅེས་གསུངས།དེ་ནས་ཁོ་ཚོས་ཡིག་ཆ་དབང་བཞགམཁན་པོ་གང་དེས་རང་གིས་བཏིང་བའི་གདིང་བ་བཅུ་གསུམ་དབང་བཞགདེ་ཡང་དོན་གྱིས་ཁས་ལེན་བཅུ་གསུམ་ཕུད་ཐུབ་སོང་ན་ཡིག་ཆར་མགོ་བོ་དུད་པར་མཚོན།དེ་ནས་ཉིན་དང་མཚན་དུ་རྩོད་པ་བྱེད་མཐར་མཁན་པོས་བཏིང་བའི་གདིང་བ་རེ་རེ་འདྲུད་ནས་མཐར་མེད་པ་ཞིག་ཏུ་ཆགས།དེར་མ་ཟད་ཁ་གྱའི་དགེ་བཤེས་ཁོང་གིས་དམ་བཅའི་ནང་འགལ་ཞིག་ལ་འཁོར་གསུམ་བསྐོར་ཞོར་དབུ་ལ་འཕོངས་ཤ་བཞག་སོང་བས་ཕྱིས་སུ་ཁོ་ལ་རྟེན་འབྲེལ་དེ་ཙམ་ཡག་པ་མ་ཡོང་བར་བཤད།དུས་དེ་ནས་བཟུང་ཁོ་ལ་ཁ་གྱའི་ཨོང་ཤ་ཟེར་ནས་མཚན་ཐག་སོང་བར་བཤད་མཁན་རེ་ཟུང་ཡོད་པ་འདྲ།ཕྱིས་སུ་མཁན་པོ་གང་དེས་ལུང་མང་པོ་འདྲེན་རྒྱུ་ལས་སླ་བར་བསམ་བྱུང་།རང་ལུགས་བཞག་ནས་ལུང་གཅིག་དྲངས་ན་ཚིག་གོང་འོག་ཚང་མར་དཔྱད་དགོས་པས་དེ་འདྲ་སླ་བ་ཞིག་མ་ཡིན་ཟིགཡིག་ཆ་མཚོན་ན་ཡབ་སྲས་གསུམ་དང་རྒྱ་གཞུང་མང་པོ་དྲངས་ནས་གཅིག་རྗེས་གཅིག་ལ་སྒྲུབ་ཡོད་པས་ངོ་མ་ཧ་ལས་པ་རེད།འདི་འདྲ་གསུང་གིན་ཡོད་པ་རྭ་བསོད་ནམས་དབང་རྒྱལ་གྱིས་དངོས་སུ་གསུངས་ཟེར་ནས་ཆོས་འབྱུང་དུ་གསལ།ཁོང་གསུམ་འཛིན་གྲྭ་གོང་འོག་གང་དུ་དམ་བཅའ་ཕེབས་ནའང་ལས་སླ་བས་ཚ་གཏོང་བ་དང་འཁོར་གསུམ་འགྲོ་མཁན་དཀའ་བར་བཤད།གཞན་གཉིས་ཀ་རྣམ་དཔྱོད་དང་རིག་ལམ་མྱུར་བས་ལོ་ཁ་ཤས་རིང་ཆོས་གྲྭར་འགྲིམས།འདི་བ་ཡིད་དུ་གང་ཡོང་ཐད་ཀར་གསུང་བཞག་ནི་དེ་མོ་ཞིག་ཡིན་པས་ཡུན་རིང་བཞུགས་མ་ཐུབ་པར་ཕྱིར་གྲྭ་ས་རང་དུ་སླེབས།ཡིན་ནའང་དམ་བཅའ་ཆེ་ཆུང་གང་དུའང་ལུང་རིགས་ཀྱིས་ཚར་བཅད་ཀྱིན་ཡོད་པས་དགའ་ནི་དེ་ཙམ་མེད་ཚོད་དུ་སྣང་།སྨོན་པ་ཡོད་ནི་ཚོས་གུང་ཚིགས་གཞུང་ལས་པ་དང་མཉམ་པ་བྱེད།ཕྱིས་སུ་ལས་ཐོགས་པར་མཛད་ཀྱིན་ཡོད་པའི་སྐབས་ཤིག་ལ།མ་ཁ་རྒྱ་ནག་པས་བསེ་ཁྲི་རྒན་གྱི་གསུང་བཀོད་བཞིན་གུང་ཚིགས་མ་དྲངས།དེའི་ཐོག་དམ་བཅའི་མདོ་ཡིན་ན་བཀའ་ཡིན་པས་ཁྱབ་པའི་ཕྱིར།ཞེས་ཁྲི་རྒན་ཚང་ལ་རྟགས་གསལ་བཏང་།ཁོང་གིས་ཁྱབ་གསུངས།དེས་ན་རྒྱལ་ཡོལ་མདོ་ཆོས་ཅན།བཀའ་ཡིན་པར་ཐལ།མདོ་ཡིན་པའི་ཕྱིར་བྱས་པར།རྟགས་མ་གྲུབ་གསུངས།འོ་ན།རྒྱལ་ཡོལ་ཕུ་ཕུ་མ་ཡིན་པར་ཐལ།རྒྱལ་ཡོལ་མདོ་མདོ་མ་ཡིན་པའི་ཕྱིར་བྱས་པ་ལ།ཁོང་གིས་མ་ཁྱབ་གསུངས།ཡིན་པ་འདི་སྔར་ཁ་གྱའི་དགེ་བཤེས་ལ་བཏང་བའི་རྟགས་གསལ་ཅིག་ཡིན་པར་མ་ཟད་ཁོང་གིས་ཀྱང་འདི་ལྟར་ཁས་ལེན་བཟུང་ཡོད་པ་བསེ་ཁྲི་རྒན་ཚང་གིས་བཟུང་བ་འདི་དང་མཐུན་པ་བྱུང་ཡོད་པས་ཤིན་ཏུ་དགའ་བོ་མ་བྱུང་།བསེ་ཚང་ལ་ཁྱེད་ལ་སློབ་མཁན་མང་གི་ཟེར།དེ་ནས་ཉིན་ཞིག་ལ་རྒྱ་ནག་པས་མཚན་གྱི་ཆོས་གྲྭ་གྲོལ་དུས་ཁ་གྱའི་དགེ་བཤེས་ལ་བརྡུང་།ཁོང་གིས་ཁྲི་རྒན་རིན་པོ་ཆེ་མཆོག་ལ་གཏུགས།རྒྱ་ནག་པ་ཚོགས་ནས་ཕུད།རྗེས་ཀྱི་ཉིན་ཞིག་ལ་རྒྱ་ནག་པས་འདུ་ཁང་རབ་གསལ་དུ་ཁ་གྱའི་དགེ་བཤེས་ལ་མཇལ་བ་མང་པོ་ཚུབ་ལིང་ལིང་བྱེད་པ་མཐོང་ནས།ལྭ་རིང་ཞིག་གི་འོག་ཏུ་གྲི་རིང་ཞིག་རྐེད་ལ་བརྒྱབ་ནས་མཇལ་དུ་ཕྱིན།ཁྲི་ཆེན་མཆོག་གིས་མཐོང་ནས་ད་དུང་མ་སོང་བ་ཅི་ཡིན་ཞེས་བཀའ་བཀྱོན་གནང་དུས། ཁོས་ཨོང་ཤ་བསད་ནས་ད་འགྲོ་རྒྱུ་ཡིན་ཟེར། དེ་དགུང་ཙམ་ལ་གསོད་ཐུབ་པར་འདྲ་ཞུས་པས།འཕྲལ་དུ་ཞལ་ངོ་ལ་བཀའ་གནང་ནས་མཆོད་མེ་སྙན་དར་དང་ཕྱིར་ཚོགས་ལ་ཞུགས་སུ་བཅུགལན་ཅིག་ཁ་གྱའི་དགེ་བཤེས་ཁོང་ན་བའི་སྡུག་བསྔལ་གྱིས་གཟུར་བས་དགེ་ཕྲུག་ཚོས་གཤེགས་འགྲོ་བར་དོགས་ནས་འོད་དཔག་མེད་ཀྱི་ཞིང་བཀོད་ཀྱི་ཐང་ག་བཀྲམ།ཞིང་མདོའི་དཔེ་ཆ་ཞིག་ད་རུང་ཁོང་ལ་ཕུལ་ནས་གཟིགས་ཞུས་པར།ཁོས་དེ་མི་དགོས།ངའི་སྤུན་ཟླ་འབོ་རའི་ཆོས་མཛད་བོས།ཅེས་གསུངས།༼འདི་ནི་བསེ་ཁྲི་རྒན་ཚང་གི་དངོས་སློབ་ལས་ཆོས་རྗེ་རྣམ་བཞིའི་གྲས་ཡིན་པས་རྣམ་ཐར་རྗེས་སུ་ཡོང་ངེས་ཡིན༽ཆོས་མཛད་ཁོང་ཕེབས་ནས་རྩ་ལ་བལྟས།སྲང་ན་ཡོད་པའི་རུས་རྙིང་ཞིག་གདུང་དུ་བཅུགདེའི་རུས་ཁུ་ཕབས་ཡོད་པ་དེར་སྨན་བཏབ་ནས་འཐུང་དུ་བཅུགས།ཕྱི་ཉིན་རྩར་བལྟས་ནས་གསུངས་རྒྱུ།ངས་ཁྱོད་ཚོའི་འོད་དཔག་མེད་ཚེ་དཔག་མེད་བྱས་ཡོད་ཀིད་ང་འགྲོ་རྒྱུ་ཞེས་གསུངས།དེར་མ་ཟད་ལུང་བསྟན་དུ་འདི་སྐད་སྨྲ་སྟེ།སྡོམ་གསུམ་དག་ཅིང་མངོན་ཤེས་མངའ། །སྐུ་ཚེའི་མཇུག་ཡང་ཡུལ་དུ་བཞུགས།།གཤེགས་ཁ་གདིང་བ་ཐོངས། ཐུགས་དམ་ལ་འདུག་དགོས།ཨོང་ཤས་སེར་འབྲས་དགེ་གསུམ་ལ་ཁ་བཏང་བཏང་ནས་རྟ་འཆི་འཆི་བྱས་སོང་ཞེས་མི་ཁ་ཡོང་ནི་རེད།ཞེས་གསུངས།ཕྱིས་སུ་ངོ་མ་ཡར་གདིང་བའི་ཁར་འཕོ་ཁྲིད་རང་གིས་རང་བཏབ་ནས་བདེ་བར་གཤེགས།    

         ཟུར་མཆན། རྣམ་ཐར་འདིའི་ས་བོན་མང་ཙམ་ཆུང་དུས་འབོ་ར་མདོའི་དགེ་སློང་ཆོས་འབྱོར་རམ་ཨ་ཁུ་ཆོས་འབྱོར་ཟེར་བ་གང་དེའི་ངག་ནས་གོ གཞན་ཆོས་འབྱུང་དང་དང་དཔལ་མ་ཚང་གི་རང་རྣམ་ལས་བཏུས་པའོ།།

                                                འབེ་བན་བསྟན་འཛིན་རྒྱ་མཚོ།

        འབེ་བན་བསྟན་འཛིན་རྒྱ་མཚོ་ནི་གཙོས་འབྲོང་ལྕེའི་འབེ་རྟ་མགྲིན་མགོན་པོ་ཚང་ནས་འཁྲུངས། བཀྲིས་འཁྱིལ་གྱི་གྲྭ་རྒྱུན་ཐོག་མའི་གྲས།འདི་དང་དབལ་མང་བློ་བཟང་དོན་འགྲུབ་གཉིས་སྡེ་བ་ཚང་གི་ཐུགས་སྲས་གཙོ་བོ་དང་།བསེ་ཁྲི་རྒན་ཚང་གི་དངོས་སློབ་ལས་འདི་དང་མཛོད་དགེ་དོན་སེང་གཉིས་སྐབས་རེར་དགེ་བཤེས་ཨང་རིམ་གཉིས་པར་ཚུད།ཡིན་ནའང་སྡེ་ཁྲི་ཚང་གི་ཕྱོགས་སུ་ལངས་ཆེ་བས་དཔོན་བསྟན་འཛིན་དབང་ཕྱུག་ལ་ཕོག་ཐུག་གང་མང་བཟོ་བར་བརྟེན་དབུས་སུ་ཕེབས།ལྕང་སྐྱ་རིན་པོ་ཆེ་ནས་ཡང་དག་མཐའ་མང་པོ་གནང་བ་དང་།སྒོས་སུ་ཤེས་སྒྲུབ་ཕྲ་མོ་སྤོང་བ་དེའི་བཞོན་པོའི་རླུང་འགོག་པའི་གཉེན་པོ་བདེ་ཆེན་ཡེ་ཤེས་ལ་ལྟོས་ཚུལ་ཞུས་པ་ཐུགས་ལ་བབས་ཏེ།རྗེ་དེ་ཉིད་དབུས་ལ་ཕེབས་དུས་དགེ་བཤེས་མང་པོར་དེ་ཁོ་ན་དྲི་བ་གནང་ཡང་ལན་ཞུ་མཁན་མ་བྱུང་།ཉིད་ནས་བཀྲིས་འཁྱིལ་བ་ཞིག་གིས་འདི་འདྲ་ཟེར།ཞེས་ངོམ་ངོམ་བྱས་ནས་གསུང་འདུགའདི་ལྟར་རྗེ་ཤེས་རབ་རྒྱ་མཚོས་རང་གི་འཇིགས་བྱེད་ལྷ་བཅུ་མའི་རྫོགས་རིམ་ཏུ་གསུངས་ཡོད།གཞན་མདོ་སྔགས་ཀྱི་དཀའ་གནད་ལས་བརྩམས་པའི་དྲི་བ་མང་པོར་ལན་ཞིབ་རྒྱས་སུ་འབུལ།དེ་ནས་ཨ་རུ་ཧོར་ཆིན་ཧོ་ཤུལ་སྤྱིའི་དགོན་པར་བླ་མ་ཞིག་དགོས་པར་བེ་ལིས་ལྕང་སྐྱ་རིན་པོ་ཆེར་ཞུས་པ་བཞིན་འདི་པ་མངགས།ཕེབས་ནས་མདོ་སྔགས་ཀྱི་བཤད་གྲྭ་བཙུགས། ཆོས་རྗེ་བླ་མའི་བསྡུས་གྲྭར་གྲགས་པ་གསར་རྩོམ་མཛད།དེར་མ་ཟད་འདི་དང་ཁ་གྱའི་དགེ་བཤེས། བསྟན་འཛིན་རྒྱ་ཡུ་མ་གསུམ་འབྲས་སྒོ་མར་ཕེབས་ནས་ཀུན་མཁྱེན་ཡིག་ཆ་སླར་འཛུགས་ལ་བཀའ་དྲིན་འགྲན་ཟླ་མེད་པ་བཞགསྐབས་ཤིག་ལ་དགེ་བཤེས་ཅིག་གིས་ཁས་ལེན་ཚབ་ཆེན་ཤོར་བས་འཇིང་བ་ཞོན། དགེ་བཤེས་གང་དེས་སྐྱུག་བྲོ་བོ་མར་སོང་།ངའི་སྐེད་ན་པཎ་ཆེན་རིན་པོ་ཆེའི་ཕྱག་མདུད་ཡོད་ཅེས་སྨྲས་པ་ལ།འབེ་བན་གྱིས་པཎ་ཆེའི་ཕྱག་མདུད་ཀྱི་སྟེང་དུ་པོ་ཏི་ལྔ་བཞག་མི་ཆོག་པ་ཨུ་རེད།ཅེས་སྨྲས།ཕྱིས་སུ་རྒྱལ་བ་བསྐལ་བཟང་རྒྱ་མཚོས་གསན་ནས་དེ་ངོ་མཚར་བ་འདུགདེ་འདྲ་བྱས་པ་ཁྱད་གསོད་མ་རེད།པོ་ཏི་ལྔའི་གཟེངས་བསྟོད་ཡིན་པས་ཤིན་ཏུ་བདེན་ཞེས་གསུངས་ཟེར།   དེ་ལྟར་དབུས་འབྲས་སྒོ་མའི་གྲྭ་ཚང་ཆེན་མོར་གྲགས་འགུལ་བཟོས། རང་བཞིན་གྱིས་རྣམ་དཔྱོད་ཆེ་བས་རྨི་ལམ་དང་ཉམས་སྣང་མང་པོར་དཔྱད་ནས་ལྟ་བ་རྙེད་པར་གསུངས། 

                                                 ཆོས་རྗེ་རྣམ་བཞི།

         ཆོས་རྗེ་རྣམ་བཞི་ནི་བསེ་ཁྲི་རྒན་ཚང་གི་དངོས་སློབ་རྐྱང་བ་ཡིན་ལ།མདོ་སྨད་ཆོས་འབྱུང་དུ་འདི་བ།ད་ལྟ་བ་རིན་ཆེན་ཆོས་བཟང་།ཆས་པ་སྐུ་སྐྱེས།འབོ་ར་ཆོས་མཛད་བཞི་ལ་ཆོས་རྗེ་བཞི་ཟེར།ཞེས་པའོ། །འདི་བ་ཞེས་འདི་འདྲའི་སྙེག་གཞི་ནི་ཨ་རིག་ཆོས་རྗེ་བརྩོན་འགྲུས་ཚང་ཡིན་པའོ། །ལོ་རྒྱུས་གཞན་དུ་ཆོས་རྗེ་བཞི་ཟེར་ནས་མི་འབྲི་བར་ཆོས་མཛད་བཞི་ཟེར་ནས་བྲིས་ཡོད་པས་དེ་ནི་ནོར་བ་ཡིན།ཁོང་ཚོའི་མཛད་རྣམ་རག་པ་ཞིག་མ་ངེས་ནའང་གང་ཡོད་དྲན་སྐུལ་ཙམ་དུ་བྱ།

                                               ཨ་རིག་ཆོས་རྗེ་བརྩོན་འགྲུས།

         ཨ་རིག་ཆོས་རྗེ་བརྩོན་འགྲུས་ཁོང་ནི་མཚོ་སྔོན་རྐང་ཚ་ནས་འཁྲུངས།ཐོག་མའི་གྲྭ་རྒྱུན་འཁོར་ལྔ་སྡེའི་གྲས་ཀྱང་ཡིན།དགོན་པ་གསར་ཚུགས་ཀྱི་ལོ་སར་ནང་ལ་ཁོས་ཚོགས་གླེང་བྱས་ཨེ་ཆོག་ཅེས་ཀུན་མཁྱེན་ལ་སྙན་ཞུ་ཕུལ་དུས་ཆོག་གསུངས།ཚོགས་གླེང་བྱས་པས་དེར་འདུས་ཐམས་ཅད་ཡ་མཚན་པ་བྱུང་།འགའ་ཞིག་གིས་པུ་གུ་དེ་ཚོའི་ཁ་གསལ་དོན་འབྲས་ཡོད་པའི་རྟགས་གསལ་འབྱོར་བ་སྙིང་རྗེ་བོ་འདུག་ཟེར་ནས་གླེང་བར་ཀུན་མཁྱེན་བཞད་པའི་རྡོ་རྗེ་མཆོག་གིས་ཁྱེད་ཚོས་སྙིང་རྗེ་མ་ཟེར།འདི་ཚོའི་ནང་ན་ཁྱུང་ཕྲུག་བྱམས་པ་བཀྲིས་ཀྱི་སྐྱེས་པ་འདྲ་ཡོད་ན་ཐང་མོད་ཅེས་གསུངས།ནམ་ཞིག་ཆོས་རྫོང་ནས་གདན་སར་ཕེབས་དུས་བསང་ཆུ་བྲུབ་པས་ཐང་ཐམས་ཅད་ཆུས་བཀང་།རབ་དཀའ་བས་སྒུག་དགོས་བྱུང་ནའང་བསེ་ཁྲི་རྒན་ཚང་གིས་ཟླ་མེད་སྟོན་པ་མ་ཐོན་ལ་གང་ཡིན་ས་ཞིག་ནས་ཤོག་དང་སྐྱོན་མེད་ཅེས་པ་བཞིན་སྐྱོན་ཅི་ཡང་མ་བྱུང་།གཤེགས་ཁར་ཀུན་མཁྱེན་བར་མའི་མདུན་དུ་དངོས་འབུལ་ཕྲན་ཚེགས་དང་།ཚེ་རབས་རྗེས་འཛིན་གྱི་སྐྱབས་འཇུག་ཞུས་པ་དང་བཅད་སྟོང་ཉིད་ཕྱག་རྒྱ་ཆེན་མོས་ངང་གཤེགས།གདན་རབས་ལྷའི་ཆེན་དུ་ཨ་རིག་བརྩོན་འགྲུས་ཞེས་པ་དགུང་ལོ་བདུན་ཅུ་རྩ་གྲངས་ཀྱི་སྐབས་ཤིག་སྦ་འཁར་ལ་བརྟེན་ནས་ཕེབས་ཏེ་གཟིམས་ཆུང་ཐུབ་བསྟན་ཕོ་བྲང་དུ་ཀུན་མཁྱེན་སྐུ་འཕྲེང་གཉིས་པའི་ཞལ་མཇལ། མཎྚལ་དང་ཕྱག་རྟེན་ཕུལ་ནས་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པའི་སྐྱབས་འཇུག་ཞུས། སྐུ་མདུན་དེར་གདན་གྱི་སྟེང་དུ་ཐུགས་དམ་ལ་བཞུགས་ནས་གཤེགས་སོང་བ་ཕྲན་བུ་སོགས་ཆོས་ཉན་པ་དུ་མས་མངོན་སུམ་དུ་མཐོང་སྟེ་འཕྲོས་དོན་ཙམ་མོ།།ཞེས་གསུངས།ཀུན་མཁྱེན་མཆོག་གིས་ཀྱང་བླ་རྒན་ཚང་ཕེབས་སོང་བ་འདྲ་གསུངས་ནས་མི་སོགས་མངགས།ཞེས་ཆོས་འབྱུང་དུ་གསུངས།  གཞན་ཆས་པ་སྐུ་སྐྱེས་ཀྱི་མཛད་རྣམ་ཅི་ཡང་མ་རག    

                                               ད་ལྟ་བ་རིན་ཆེན་ཆོས་བཟང་།

      ད་ལྟ་བ་རིན་ཆེན་ཆོས་བཟང་ཁོང་ནི་་མདོ་བ་ནས་ཡིན་པ་དང་།རུས་རྔོགཀུན་མཁྱེན་བཞད་པའི་རྡོ་རྗེ་ཅོ་ནེར་ཕེབས་སྐབས་ཤིན་ཚང་སྟེང་ཁ་ནས་མཇལ། ཆོས་འབྲེལ་ཞུས།བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། ཁྲི་ཆེན་དང་སྡེ་རྒན་གྱི་ནང་སློབ་བྱས།སྐྱབས་མགོན་མཆོག་གི་རིགས་ལུང་ཞབས་ཕྱི་དང་བརྩི་བཞག་སྐྱོར་གྲོགས་ཀྱང་བྱས། རྒྱལ་བའི་དཀའ་འགྱུར་གྱི་ལུང་མཉམ་དུ་གསན་སྦྱང་གནང་།བིས་མདོ་ཨ་ར་ཅན་ཆེ་བ་བློ་བཟང་དར་རྒྱས་དང་ཁོང་རྣམ་གཉིས་ཚོགས་གླེང་སྐབས།ཁྱོད་དེ་རིང་བར་དུ་ད་ལྟ་བ།ངས་དེ་རིང་འདས་པ་བྱས་པ་ཡིན་ཞེས་ངར་ངར་བྱས་ཀྱང་མངོན་ཆུང་གིས་བཞུགས། བཤད་གྲྭ་མང་པོར་གྲྭ་སྐོར་གནང་སྐབས་ཀྱང་ཞི་དུལ་བག་ཡོད་དང་དུ་བླངས་པས་ཐམས་ཅད་ལྷག་པར་མོས།དེ་ནས་ཐོར་གོད་ཇ་སག་གི་བླ་མར་བྱོན།དེར་འབུམ་སོགས་བཀའ་འགྱུར་གྱི་པོ་ཏི་མང་པོའི་ལུང་གནངས།འགྲེལ་རྐང་དང་པོའི་མགོ་ཙམ་ནས་རྗེས་མ་ཤར་ཤར་ངག་ནས་སྐྱོར་། སྒྲུབ་པ་སྙིང་པོར་མཛད། གཤེགས་ཁར་ཀུན་མཁྱེན་བར་མ་མདུན་དུ་ཕེབས།   ཞབས་སྤྱི་བོར་བླངས་ཏེ་དེ་ལྟར་མཁའ་དབྱིངས་མ་གསུང་བ་སོགས་འདས་རྟགས་ངོ་མཚར་བ་བསྟན།  

                                              འབོ་ར་ཆོས་མཛད།

        འབོ་ར་ཆོས་མཛད་ནི།འབོ་རའི་རྩྭ་ས་ནས་འཁྲུངས།བཀའ་པོད་ལྔ་དང་སྨན་རྩིས་ལ་སྦྱངས་པ་རྩེར་སོང་།ཚོགས་ཆེན་དགེ་བསྐོས་དང་།མཛོད་དགེ་ཚོ་བ་བཅུ་གཉིས་ཀྱི་བླ་མར་བྱོན།སྨན་དང་རིམ་གྲོལ་སོགས་ཀྱིས་འགྲོ་བའི་སྡུག་བསྔལ་བསད།སྐྱབས་མགོན་མཆོག་ཚོགས་དབུས་གདན་དྲངས་ནས་རྟ་བརྒྱ་དང་།མར་ཆུར།ཕྱིང་བ་བསྡོམས་སྟོང་འབུལ།ཚོགས་སུ་རས་ཆེན་རེ་འགྱེད་གནང་།ཁོང་གི་སྤུན་ཚེ་རིང་བཀྲ་ཤིས་ལ་བསང་ཁོག་ནས་འབྲོག་འཛིན་དུ་བཅུགལྷ་སྡེ་དུད་ཁྱིམ་རེ་འགའ་བསྒྲིགས།རྟ་བརྒྱ།ལུག་བདུན་བརྒྱ་བཅས་གནང་ནས་དགོན་པ་ཇི་སྲིད་གནས་པ་དེ་སྲིད་དུ་འོ་ཐིག་རེ་ཞལ་འདེབས་རེ་ཨེ་ཐུབ་ལྟོས་གསུངས།གཤེགས་ཁར་སེང་གེ་འགྱིང་སྟབས་ཀྱི་ཚུལ་དུ་གཤེགས།འདིའི་སྤྲུལ་སྐུ་གུང་ཐང་འཇམ་པའི་དབྱངས་ལས་རབ་བྱུང་དང་བསྙེན་རྫོགས་སོགས་བསྒྲུབས།སློབ་གཉེར་ལེགས་པས་ཐམས་ཅད་ཀྱིས་བསྔགས་པར་བརྗོད་སའི་ཡུལ་དུ་གྱུར།འདིའི་སྤྲུལ་སྐུ་དགོན་གསར་བསྟན་འཕེལ་གླིང་གི་ཁྲིར་སོགས་བཞུགས།ཆོས་མཛད་ཁོང་ནི་བསེ་ཚང་གིས་དགེ་བཤེས་རྣམས་དབུ་མའི་འཛིན་གྲྭ་གཅིག་ཏུ་བྱས་པའི་གྲས་ཀྱི་ཆོས་གྲྭ་བ་ཡིན་ལ།ཐར་མི་ཆི་སོགས་དང་འཛིན་གྲྭ་གཅིག་པ་རེད།འཛིན་གྲྭ་འདིའི་ནང་གི་གྲྭ་བ་ཡོད་དོ་ཅག་ལ་དབུ་མའི་གཞུང་ལ་ཚིག་སྤྱི་ཙམ་མ་ཡིན་པར་གོ་བ་རྣམ་དག་རྙེད་པ་ཤ་སྟག་ཡིན་པར་ཐར་མི་ཆི་ཚང་གིས་མཛད་པའི་བསེ་ཚང་གི་རྣམ་ཐར་དུ་གསལ་བའོ།།དཔྱད་གཞི་འདི་དག་བསམ་ན་འབོ་ར་དགོན་དུ་ནང་ཆེན་ནམ་ནང་ཁག་ཡོད་པའི་ཨ་ལགས་འབོ་ར་ཚང་ཟེར་བ་དེའི་སྐུ་གོང་མའི་གོང་མ་ཡིན་པར་དོགས་གཞི་ཆེ་བས་ཁྱེད་དཔྱོད་ལྡན་དག་གིས་དཔྱད་པར་ཞུ།

                                              སྒ་བུ་བློ་བཟང་།

སྒ་བུ་བློ་བཟང་ངམ་མིང་གཞན་སྐྱོར་དཔོན་ཁྲ་རིས་སམ་བློ་བཟང་མཁས་མཆོག་ཏུ་འབོད་པ་ཁོང་ནི།ཡུལ་མདོ་སྨད་འབོ་ར་ནས་འཁྲུངས།ཁོང་ད་ལྟའི་བསེ་བསྡུས་གྲྭ་ཟིན་བྲིས་འདེབས་པ་བོ་ཡིན་ལ།བསེ་ཚང་གིས་བཀའ་བཞིན་རྔ་བ་གོ་ཐོབ་ཚང་གི་སློབ་མར་བསྐོས།ཉིན་ཞིག་གནས་བརྟན་པ་ཟེར་བའི་དབུས་པ་དགེ་བཤེས་ཞིག་དམ་བཅའ་བཞུགས།གྲྭ་ཚང་འདུས་པ་རྒྱ་མཚོའི་དཀྱིལ་ནས་ཁོང་རང་གཅིག་བུ་ཡར་བཞེངས་ནས་རིགས་ལུང་བཏང་བས་སྐུ་རིམ་ཐལ་སྐད་བཏང་རག་གི་བར་དུ་རྩད།སྐུ་རིམ་ཆོས་གྲྭ་གྲོལ་ནས་གནས་བརྟན་པའི་སློབ་མ་གཙོད་ངག་དབང་ཚུལ་ཁྲིམས་མདུན་དུ་སོང་དུས་དྲང་ངེས་རྣམ་འབྱེད་ཆེན་མོར་དཔེ་གཟིགས་མཛད་ཀྱིན་བཞུགས་པ་ལ།ཅི་གནང་གིན་ཡོད་དྲིས་དུས་ང་ཡང་སྒོ་མང་གྲྭ་ཚང་གི་རིགས་པ་སྨྲ་བ་ཞིག་ཡིན་ཏེ་དོ་ནུབ་མཁས་མཆོག་གི་རིག་མགོར་མི་ནོན་འདུག་གསུངས།སྐབས་དེའི་ཆོས་གྲྭར་རིགས་ལུང་ལ་མཁས་མཆོགགོ་བ་བློ་བཟང་ཟེར།འདི་གཉིས་ནི་བསེ་ཁྲི་རྒན་ཚང་གིས་རྔ་བ་གོ་ཐོབ་ཀྱི་སློབ་མར་བསྐོས།ཉིན་གཅིག་ལ་བསེ་ཚང་གིས་རྔ་བ་གོ་ཐོབ་ལ་འདི་གཉིས་ལ་གཞུང་དོན་གྱི་དོགས་པ་རེ་ཨེ་འཆར་ཞེས་བཀའ་འདྲི་གནང་དུས།ཁོང་གིས་མཁས་མཆོག་མི་འཆར།བློ་བཟང་ལ་འཆར་མི་འཆར་ཙམ་རེད་ཅེས་ལན་སློགསྔོན་ཞིག་ལ་རྣམ་པ་གཉིས་ཀ་དྲང་ངེས་རྣམ་འབྱེད་ཀྱི་ཚོགས་གླེང་བུད་སྐབས།མཚམས་ནས་གུང་བསང་བཏང་སྟེ་ཉིན་གང་བོར་བརྩད།གྲོལ་དུས་གསེར་ཏོག་ལ་གྲིབ་མ་བབས་པ་ཞིག་བྱུང་།བློ་འཛིན་འགྲན་དུས་བློ་བཟང་གིས་ཉིན་གཅིག་ལ་ཤོག་བུ་ལྔ་བཅུ་བཟུང་ཡོད་ནའང་།མཁས་མཆོག་གིས་དེའི་སྟེང་ལྷག་པ་བཅོ་ལྔ་ཙམ་བཟུང་།ཁོང་གཉིས་ལ་གོ་ཐོབ་ཚང་གི་སྟག་སེང་དུ་གྲགས།སྒ་བུ་བློ་བཟང་ཁོང་སྐབས་གང་ཞིག་དབུས་སུ་ཕེབས་ནས་ལམ་བར་དུ་རྟ་ཚང་རྗེ་དྲུང་རིན་པོ་ཆེ་རྒྱ་ཡུལ་དུ་ཕེབས་པ་དང་མཇལ་ནས་སྐྱེས་བརྟག་ཞུས་དུས།དཀོར་ལ་འཛེམས།དགེ་སྦྱོང་ལ་འབད་ན་དགའ་ལྡན་དུ་སྐྱེ་བར་གསུངས།དབུས་ཕེབས་ན་ཁྲི་ནམ་བཟང་ལ་གཏུགས།དགའ་ལྡན་ལ་སྨོན་ལམ་ཐོབ།རི་ཁྲོད་ལ་འགྲོ་མ་ཐུབ་ཀྱང་རི་ཁྲོད་པའི་ཚུགས་ཀ་བཟུང་།ཞེས་ལུང་བསྟན་གནངས།དབུས་སུ་བདེ་ལེགས་ངང་འབྱོར་ནས་༧རྗེ་ཕུར་ལྕོག་རིན་པོ་ཆེ་དང་མཇལ་ནས་ཀྱང་ཁོང་གིས་རི་ཁྲོད་པའི་ཚུགས་ཀ་བཟུང་ནས་བདེ་བ་ཅན་ལ་སྨོན་ལམ་ཐོབ་ཅེས་གསུངས།ཕྱིར་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཚོགས་ཆོས་གྲྭར་འགྲིམ་ཞིང་ཡིག་ཆ་སྐྱོར།དགུང་ལོ་ལྔ་བཅུ་བ་ལ་ཚོགས་ཆེན་དགེ་བསྐོས་བྱས།ཁོང་གི་ཆབ་རིལ་མདོང་མོ་ཟེར་བ་གང་དེར་ཕོ་ནད་ཀྱིས་བཟུང་ནས་གཤེགས།ཁོང་གི་མཚན་ལམ་དུ་དོང་མེ་འབར་བ་ཞིག་གི་ཁར་མདོང་མོས་གདན་བཏིང་ནས་བསྡད་ཡོད་པ་དུང་ནང་དུ་ལྷུང་བ་ཞིག་རྨིས་ནས་གཉིད་སད་པ་ཞིག་བྱུང་།དེའི་རྐྱེན་གྱིས་ལས་ཁུར་བཞག་འཕྲལ་ནས་མཚམས་བཞག་རྒྱུའི་དམ་བཅས།དེ་ནས་ཞལ་ངོའི་ལས་ཁུར་འགྲུབ་པ་ནས་དགུང་ལོ་གྱ་གསུམ་པ་སྐུ་འདས་ཀྱི་བར་དུ་སྐུ་མཚམས་ལ་བཞུགས་པའོ།།དེ་ཡང་དགེ་ལྡན་སྙན་རྒྱུད་ཀྱི་གདམས་པའི་གཏེར་མཛོད་རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་གི་འཇམ་དཔལ་དུས་དགྲའི་མ་ཧེའི་གདོང་ཅན་བཅུ་གསུམ་ལྷའི་འཁོར་ལོའི་རིམ་པ་དང་པོའི་ཟབ་ཁྲིད་ཟིན་བྲིས་ལས།སྒ་བུ་བློ་བཟང་མཁས་མཆོག་ལོ་སོ་གསུམ་དུ་མཚམས་མཛད་པས་དང་པོ་ལོ་བཅུ་ཙམ་ལ་བདག་འཇུག་ཆག་མེད་བྱས།དེ་ཕྱིན་ཆད་དྲན་ཤེས་བསྟེན་པ་གོམས་ནས་བདག་འཇུག་མི་དགོས་གསུངས།ཞེས་པའོ།།དེའི་སྤྲུལ་སྐུ་རྒན་གྱ་ནས་འཁྲུངས་པ་སྒ་བུ་ཞབས་དྲུང་བྱམས་པ་རྒྱ་མཚོ།བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས།ཤིས་ཚང་ཨ་གསལ་ནང་ཆེན་སྡེ་ཁྲི་རིན་པོ་ཆེར་ཕུལ་བའི་བླ་མར་མངགས་པ་དེར་གཤེགས། 

ཉང་ཚང་གཞུང་པ་ཁམས་ཚན་དང་དགོན་པའི་ལོ་རྒྱུས།ཆོས་འབྱུང་དང་དགེ་བའི་བཤེས་གཉེན་དག་གི་ངག་ལས་བཏུས་པའོ།། 

      གསལ་འདེབས། 
           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་
གསལ་པོར་དགོད་པར་ཞུ། དྲ་བའི་སྦྲེལ་ཐགhttp://www.tb1025.cn                               


བརྒྱུད་འགོད།