ཆུ་ཤིང་ངོས་འཛིན།

    སྤེལ་དུས།  2016-03-11 13:28:43     རྩོམ་པ་པོ།   བྱ་མདོ་རྒྱལ་མཚན།    ཀློག་ཐེངས།  

732090115584125618.jpg
                   ཆུ་ཤིང་ནི་བོད་ལ་འགྱུར་བའི་ནང་ཆོས་ལས་སྙིང་བོ་མེད་པའི་དཔེ་རུ་མང་དུ་གསུངས་ན་ཡང་། བོད་ཁུལ་དུ་སྐྱེས་པའི་སྡོང་བོ་རིགས་ཤིག་མ་ཡིན་པས་དེ་ལ་འགྲེལ་བཤད་སྣ་ཚོགས་ཤིག་ཡོད། སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི།། འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། ། བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། ། འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར།།ཞེས་གསུངས་པ་ལྟར་ཆུ་ཤིང་ནི་འབྲས་བུ་ཐོག་པའམ་སྨིན་དུས་ཁོ་འཆི་འགྲོ་བ་ཞིག་ཡིན་ཞིང་། གཞུང་གཞན་དག་ལས་ཤེས་པ་ལྟར་ན། སྤྱིར་བཏང་ཆུ་ཤིང་ལ་ཁྱད་ཆོས་གསུམ་འདུག་སྟེ། 
           གཅིག ཁོག་སྟོང་ཞིང་ནང་སྙིང་མེད་པ་ཞིག་དང་། གཉིས། འབྲས་བུ་མི་ཐོག་པ།གལ་ཏེ་འབྲས་བུ་ཐོག་ཚེ་སྡོང་བོ་འཆི་འགྲོ་བ་ཞིག་ཡིན། གསུམ། སྙི་མོ་ཙོང་ལྟ་བུ་ཞིག་ཡིན་འདུག དེ་བས་བོད་ཀྱིས་ཆུ་ཤིང་འདི་ལ་ངོས་འཛིན་སྣ་ཚོགས་ཤིག་བྱས་མྱོང་སྟེ་ཆུ་ཤིང་ཞེས་པའི་མིང་ཚིག་འདི་ནི་བཤེས་པའི་སྤྲིངས་ཡིག་དང་ལམ་རིམ་སོགས་སུ་མང་དུ་སྣང་ལ་༼བེའུ་བུམ་སྔོན་པོའི་མིང་བརྡ་བཤད་པ་༽ལས་ཆུ་ཤིང་ནི་སྨྱུག་མ་དང་།ཡང་ཨེ་རཎྜ་ཞེས་ཀྱང་བྱུང་།ཞེས་དང་།༼དབྱངས་ཅན་དགའ་བློའི་བརྡ་དཀྲོལ་ལས་༽ཆུ་ཤིང་ནི་སྨྱུག་མ་ཡིན་ཟེར་མཁན་མང་ངོ་།སྨྱུག་མ་མེ་ཏོག་ཤར་བའམ་འབྲས་བུ་སྨིན་ན་སྐམ་པའི་རྟགས་སུ་བཤད་ཅེས་དང་།༼ལམ་རིམ་ཆེན་མོའི་བརྡ་དཀྲོལ་ལས༽ཆུ་ཤིང་ནི་སྨན་གཞུང་མང་པོར་ཆུ་ཀླུང་གི་འགྲམ་དུ་བྱེ་མའི་ནང་དུ་སྐྱེས་པའི་འོམ་བུ་ཡིན་པར་བཤད་ཅིང་།འོམ་ནག་ཅེས་ཀྱང་འབྱུང་ངོ་ཞེས་དང་།༼བོད་རྒྱ་ཚིག་མཛོད་ཆེན་མོར་༽འབྲས་བུ་ཐེངས་གཅིག་སྐྱེས་རྗེས་སྐམ་པའི་ཤིང་ཞིག མིང་གི་རྣམ་གྲངས་ལ་གླང་བོའི་ལྕུག་མ་དང་།རྒྱུད་རྣམ་འཛིན།འཆི་འབྲས་ཅན།ནད་ཀྱི་འབྲས་ཅན།མཛོད་ལུས།ཤིང་འཛིན་བཅས་སོ།།ཞེས་སོགས་གསུངས་འདུག་གོ། 
303896248515207150.jpg

                   འོ་ན་འདོད་ཚུལ་དེ་དག་ལ་ནོར་ས་གང་ནས་བྱུར་ཟེར་ན། སྨྱུག་མ་ཆུ་ཤིང་ཡིན་པར་འདོད་པ་ནི་སྨྱུག་མ་ལ་ཁོག་སྟོང་ཞིང་འབྲས་བུ་མི་ཐོག་པའི་ཁྱད་ཆོས་དང་། གལ་ཏེ་འབྲས་བུ་སྨིན་ན་ཁོ་འཆི་འགྲོ་བའི་ཁྱད་ཆོས་འཛོམས་པས་རེད། ཙོང་ཆུ་ཤིང་ཡིན་པར་བཤད་པ་ནི་སྙི་མོ། རྒྱས་ཤིང་འཁྲེང་བ་ཡིན་པས་རེད།འོམ་བུ་ཆུ་ཤིང་ཡིན་པར་འདོད་པ་ཡང་ཁོག་སྟོང་ཡིན་པས་རེད། ཡིན་ཡང་འོམ་བུ་དང་སྨྱུག་མ་ནི་སྲ་མཁྲེགས་རང་བཞིན་ཅན་ཡིན་པས་ཆུ་ཤིང་དུ་འདོད་པ་མི་འཐད་ལ།སྨྱུག་མ་ལ་མངོན་བརྗོད་དུ་ཤུན་མཁྲེགས་ཞེས་བརྗོད་པས་ཀྱང་ཤེས།ཙོང་འབྲས་བུ་སྨིན་ན་ཡང་ཁོ་རང་མི་འཆི་བ་དང་མཐའ་གཅིག་ཏུ་ས་དམའ་སར་སྐྱེས་པས་ཀྱང་ངེས་པ་མེད་པས་ཆུ་ཤིང་གི་ཁྱད་ཆོས་མི་འདུག
            འོ་ན་ཆུ་ཤིང་ནི་གང་ལ་ངོས་འཛིན་དགོས་ཟེར་ན།དགེ་ཆོས་ཀྱི་ལམ་ཡིག་ལས་ཧི་མ་ལ་ཡ་རི་འདབས་སུ་ཆུ་ཤིང་མང་བར་བཤད་པ་དང་། བོད་པས་ཆུ་ཤིང་དེ་ཇི་ལྟ་བུ་ཡིན་པ་གསལ་བོར་ཤེས་ཆེད། དགེ་ཆོས་ཀྱིས་བླ་བྲང་ཨ་ཁུ་བརྩོན་འགྲུས་ཟེར་བར་ཆུ་ཤིང་བསྐུར་བའི་གཏམ་རྒྱུད་འདུག ལམ་རིམ་ཆེན་མོ་རྒྱ་ཡིག་ལ་སྒྱུར་མཁན་法宗གིས་ཆུ་ཤིང་ནི་芭蕉树ཞེས་བསྒྱུར་འདུག་ལ། བོད་ཀྱི་མངོན་བརྗོད་དུ་ཆུ་ཤིང་ལ་འཆི་འབྲས་ཅན། 死果者ཟེར་ལ།芭蕉树ནི་ཁོང་སྟོང་ཞིང་འབྲས་ཐོག་ཚེ་ཁོ་འཆི་འགྲོ་བར་མ་ཟད། སྙི་ཞིང་བུད་མེད་ཀྱི་བརླ་ལྟར་རྒྱས་ཤིང་འཁྲེང་བའི་ཁྱད་ཆོས་ཡོད་པ་དང་རྒྱ་དཀར་ནག་གཉིས་ས་བབས་དམའ་བས་ངོས་འཛིན་དེ་བདེན་ཤས་ཆེ་ལ། བོད་རྒྱ་ཚིག་མཛོད་ཆེན་མོ་ལས།ཆུ་ཤིང་ལ་རྒྱ་ཡིག་གི་འགྲེལ་བཤད་དུ། 芭蕉。结一次果后即会枯萎的一种植物。ཞེས་芭蕉པ་ཅོད་དུ་འགྲེལ་འདུག་པས་ན་ཆུ་ཤིང་ནི་རྒྱ་ནག་གི་པ་ཅོད་芭蕉ཟེར་བའི་ལྗོན་ཤིང་དེ་ཡིན་པར་འདོད་དོ།།
212045736916685847.jpg

            དེ་རིང་ང་ཚོ་རྒྱ་ནག་གི་ལྷོ་བརྒྱུད་དུ་གཏོགས་པའི་དེང་རབས་ཅན་གྱི་深圳ཧྲིན་ཀྲིན་གྲོང་ཁྱེར་གྱི་བྱང་རིར་ལྟ་སྐོར་བྱེད་དུས་སྔར་རིག་མ་མྱོང་བས་ལྗོན་ཤིང་སྣ་ཚོགས་ཤིག་མཐོང་ཞིང་རྒྱ་རིགས་གྲོགས་པོ་དེས་芭蕉树མཚམས་སྦྱོར་བྱས་ཤིང་ངས་ཆེད་དུ་芭蕉树ཆུང་ཆུང་ཞིག་དངོས་སུ་ཤུན་པ་བཀོག་ནས་བལྟས་པ་ཡིན། ཤུན་པ་ནི་དངོས་གནས་སྙི་མོ་ཙོང་གི་ཤུན་པ་དང་འདྲ་ཞིང་དེའི་ཤུན་པ་བཀོག་ན་ང་ཚོས་ཙོང་ཤུན་བཤུས་པ་དང་འདྲ་བོ་འདུག དེའི་དཀྱིལ་དུ་ནང་སྙིང་ལྟ་བུ་ཞིག་འདུག་མོད། དེ་ནི་ཤུན་པར་ལོག་དགོས་པ་ཞིག་ཡིན་འདུག 芭蕉树ཡང་འབྲས་བུ་སྨིན་ན་ལྗོན་ཤིང་འཆི་འགྲོ་བར་བཤད། པ་ཅོད་དམ་ཆུ་ཤིང་གི་སྡོང་བོ་འདི་ནི་ངང་ལག་གི་སྡོང་བོ་香蕉树དང་ཧ་ཅང་འདྲ་མོད། རྒྱ་རིགས་གྲོགས་པོ་དེས་བཤད་པ་ལྟར་ན་蕉ཅོད་ཟེར་བའི་སྡོང་བོ་འདི་ལ་རིགས་མང་བས་ངང་ལག་གི་སྡོང་བོ་དང་མི་གཅིག་པར་བཤད། དེ་གཉིས་ཀྱི་སིལ་འབྲས་ཀྱང་ཆེ་ཆུང་འདུག་ལ། སྡོང་བོ་ཡང་ངང་ལག་གི་སྡོང་བོ་ལས་ཆུ་ཤིང་གི་ལྗོན་པ་གཟུགས་བོང་ཅུང་ཆུང་འདུག་ན་ཡང་ལོ་འདབ་ལེབ་མོ་ཆེན་པོར་ཡོད་པ་འདྲའོ།། གཤམ་གྱི་པར་འགའ་ནི་ཆུ་ཤིང་ངམ་པ་ཅོད་སྡོང་བོ་རེད།

སྤྱི་ལོ2015ལོའི་ཟླ་དང་བོའི་ཚེས་གསུམ་ལ།

གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn
 

བརྒྱུད་འགོད།