རྗེ་ཙོང་ཁ་པའི་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་ལས་སྒོམ་གྱི་སྐོར་རགས་ཙམ་གླེང་བ།

ཡོང་ཁུངས།   རོང་བོ་དགོན་པའི་འཕྲིན་སྟེགས།     སྤེལ་དུས།  2016-01-05 23:20:57     རྩོམ་པ་པོ།   རོང་བོ་བློ་བཟང་ཆོས་གྲགས།    ཀློག་ཐེངས།  

༡ལྟ་སྒོམ་སྤྱིའི་གལ་གནད་དང་བྱེ་བྲག་སྒོམ་གྱི་རབ་དབྱེ་ངོས་འཛིན་དང་ཁྱད་པར།

དེ་ཡང་འགྲོ་བ་ལྷ་དང་མི་གཙོ་བོར་གྱུར་བའི་རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ལ་ཕན་བདེ་འབའ་ཞིག་བསྐྱེད་པར་འདོད་ནས་གང་གསུངས་པའི་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་བརྗོད་བྱའི་འགག་གཅིག་ཏུ་དྲིལ་ན་ལྟ་སྒོམ་སྤྱོད་གསུམ་གྱི་ནང་དུ་མ་འདུས་པ་མེད་པས། སྙིང་ནས་གསུང་རབ་ཀྱི་དགོངས་པ་རྟོགས་པར་འདོད་ཅིང་དེ་ཉིད་ཉམས་སུ་བླངས་ནས་མཐར་ཐུག་གི་འབྲས་བུ་དོན་དུ་གཉེར་མཁན་ཞིག་ཡིན་ཕྱིན། དང་པོར་བཤེས་གཉེན་མཁས་པ་བསྟེན་ཏེ་ཐོས་བསམ་གྱི་སྒོ་ནས་ལྟ་སྒོམ་སྤྱོད་གསུམ་མ་ནོར་བ་ཞིག་ཤེས་སུ་འཇུག་རྒྱུ་ནི་གང་ལས་ཀྱང་གལ་ཆེ་བ་ཡིན་ཏེ། གསུང་རབ་ལ་ཐོས་པ་བྱེད་པའི་དགོས་པ་ནི་གཞན་དང་ཤགས་འགྱེད་པ་ཙམ་གྱི་ཆེད་མ་ཡིན་པར་འབྲས་བུ་ཐར་བ་ཐོབ་པ་དང་རྗེས་སུ་མཐུན་པའི་ལྟ་སྒོམ་སྤྱོད་གསུམ་མ་ནོར་མ་འཁྲུལ་བ་ཞིག་རང་ཉིད་ཀྱིས་ཤེས་སུ་འཇུག་རྒྱུའི་ཆེད་དང་། དེ་གསུམ་ཕྱིན་ཅི་མ་ལོག་པར་ཤེས་པའི་དགོས་པ་ཡང་སྒྲུབ་པ་ཉམས་ལེན་རྣལ་མ་ཞིག་བྱེད་རྒྱུའི་ཆེད་དང་། སྒྲུབ་པའི་དགོས་པ་ཡང་མཐར་གཏུགས་ན་གཏན་བདེ་བླ་ན་མེད་པའི་གོ་འཕང་ཐོབ་པ་ཁོ་ནའི་ཆེད་དུ་ཡིན་པའི་ཕྱིར་རོ། །

རྒྱུ་མཚན་དེའི་ཕྱིར་འབྲས་བུ་ཕྱི་མ་ཕྱི་མ་རང་རྒྱུད་ལ་ཕུན་སུམ་ཚོགས་པ་ཞིག་འབྱུང་བ་ལ་རྒྱུ་སྔ་མ་སྔ་མ་རྣམ་དག་ཅིག་སྔོན་དུ་འགྲོ་དགོས་པ་ནི་རྒྱུ་འབྲས་རྟེན་འབྲེལ་གྱི་ཆོས་ཉིད་རང་ཡིན་པས། བདག་ལེགས་སུ་འདོད་པ་རྣམས་ཀྱིས་ནི་ཐོག་མ་ཉིད་ནས་ཆོས་ཀྱི་རྗེས་འབྲང་གི་བསམ་བློ་ཡོད་པའི་སྒོ་ནས། མདོ་རྒྱུད་བསྟན་བཅོས་ཚད་མ་རྣམས་དང་མི་བསྟུན་པར་རང་བཟོའི་བརྡ་ཆད་འབའ་ཞིག་གིས་རྨོངས་པ་ངོ་མཚར་སྐྱེད་པའི་གཏམ་མང་དུ་སྨྲས་ནས་འདི་ལས་ལྷག་པའི་མན་ངག་མེད་ཚོད་བཤད་དེ་ཐོས་པ་ཆུང་ཞིང་བློ་གྲོས་དམན་པའི་སྐྱེ་བོ་མང་པོ་འཁོར་དུ་བསྡུ་ཞིང་བསླུ་བར་བྱེད་པའི་མཁས་རློམ་སྨྲ་ཁམ་ཆེ་བ་རྣམས་ཀྱི་རྗེས་སུ་མི་འབྲང་བར་མདོ་རྒྱུད་དྲི་མ་མེད་པ་རྣམས་ལ་ཤིན་ཏུ་འདྲིས་ཆེ་བའི་དགོངས་འགྲེལ་མཁན་པོ་སྤྱི་དང་། ཁྱད་པར་དུ་ཀླུ་སྒྲུབ་ཐོགས་མེད་ལྟ་བུའི་གཞུང་ལུགས་ཚད་ལྡན་རྣམས་དཔང་དུ་བཙུགས། ཕྱོགས་ལྷུང་དུ་མ་ཤོར་བའི་རང་གི་རྣམ་དཔྱོད་ཀྱི་རིགས་པས་ཀྱང་ཞིབ་ཏུ་བརྟགས་ནས་གང་ཞིག་ནི་ལྟ་སྒོམ་སྤྱོད་གསུམ་ཡང་དག་པ་ཡིན་ལ། གང་ཞིག་དེ་ལྟར་མ་ཡིན་པའི་དམིགས་གསལ་བོར་འབྱེད་རྒྱུ་ནི་གནད་ཀྱི་དོན་པོ་ཡིན་ནོ། །

འོ་ན་ལྟ་སྒོམ་སྤྱོད་གསུམ་གྱི་ཤན་འབྱེད་རྒྱུ་དེ་འདྲའི་གལ་ཆེ་བའི་རྒྱུ་མཚན་ཅི་ཡིན་ཟེར་ན། དེ་ཤིན་ཏུ་ནས་གལ་ཆེ་བ་ཡིན་ཏེ། ཕྱི་ནང་གི་གྲུབ་མཐའི་ཁྱད་པར་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མི་ལེན་དང་། སྲིད་རྩེའི་ཉོན་མོངས་ཀྱི་གཉེན་པོར་གྱུར་པའི་སྒོམ་ཡོད་མེད་དང་། འདོད་པ་བསོད་ཉམས་ཀྱི་མཐའ་དང་ངལ་ཞིང་དུབ་པའི་མཐའ་སྟེ་སྤྱོད་པ་མཐའ་གཉིས་སུ་ལྷུང་མ་ལྷུང་དང་། འབྲས་བུ་ཐར་པ་འགོག་བདེན་དུ་འདོད་མི་འདོད་དེ་ལྟ་སྒོམ་སྤྱོད་འབྲས་བཞི་ཁས་ལེན་ཚུལ་གྱི་སྟེང་ནས་འབྱེད་དགོས་པ་གསལ་བོ་ཡིན་ལ། དེར་མ་ཟད་རང་སྡེ་གྲུབ་མཐའ་སྨྲ་བ་བཞི་དང་མདོ་སྔགས་ཀྱི་ཁྱད་པར། བོད་དུ་དར་བའི་གྲུབ་མཐའ་ཁག་གི་ཁྱད་པར་རྣམས་ཀྱང་ལྟ་སྒོམ་སྤྱོད་གསུམ་ཡོངས་རྫོགས་སམ་ཡང་ན་ཅི་རིགས་ཀྱི་སྒོ་ནས་འབྱེད་དགོས་པའི་རྒྱུ་མཚན་གྱིས་སོ། །འོན་ཀྱང་། འོག་མ་འོག་མའི་ལྟ་བ་གོང་མའི་སྟེགས་ཡིན་པར་གསུངས་པ་ལྟར་མཐར་ཐུག་གི་ལྟ་བ་ངོ་ཐོག་པ་དེ་མ་ཡིན་ཀྱང་ཤེས་རབ་དམན་པའི་སྐྱེ་བོ་ཕལ་བ་རྣམས་ཀྱི་རྒྱུད་ལ་མཐར་ཐུག་གི་ལྟ་བ་དེ་སྐྱེ་བའི་ཐབས་སམ་སྟེགས་བུའམ་ཐེམ་སྐས་ལྟ་བུར་གྱུར་པའི་གནས་སྐབས་རེ་ཞིག་གི་ལྟ་བ་དེ་ཡང་ལྟ་བ་རྣམ་དག་ཏུ་རྩི་བ་ལྟར་སྒོམ་སྤྱོད་གཉིས་ལའང་མཚུངས་སམ་སྙམ་མོ། །

དེ་ཡང་ཐོས་བསམ་སྒོམ་གསུམ་གྱི་རིམ་པ་ནི་འདི་ལྟར་ཡིན་ཏེ། འབྲས་བུ་གང་རུང་ཞིག་ཐོབ་ཕྱིར་དུ་ལག་ལེན་དངོས་ཀྱི་སྟེང་ནས་གང་ཉམས་སུ་བླང་རྒྱུའི་དོན་དེ་དང་པོར་རང་སྟོབས་ཀྱིས་མི་ཤེས་པས་ཚུལ་དེ་ལ་འདྲིས་ཆ་དང་བྱང་ཆ་ལྡན་པའི་མཁས་པ་གཞན་ལས་མཉན་ནས་ཚིག་སྤྱི་ཙམ་མམ་ཡིད་དཔྱོད་ཙམ་གྱིས་ངེས་པར་བྱེད། དེ་ནས་གཞན་སྟོབས་ཀྱིས་གོ་བ་རགས་ཙམ་རྙེད་པའི་དོན་དེ་རང་ཉིད་ཀྱིས་ལུང་རིགས་རྣམ་པར་དག་པའི་སྒྲུབ་བྱེད་ལ་བརྟེན་ནས་བརྗོད་བྱའི་དངོས་པོ་དེའི་ཡིན་ཚུལ་ཇི་ལྟ་བ་བཞིན་དུ་བསམས་ཏེ་རང་སྟོབས་ཀྱིས་སྒྲོ་འདོགས་ཆོད་པའི་ཚུལ་གྱིས་ངེས་པར་བྱེད། དེ་ལྟར་ཐེ་ཚོམ་ཆོད་པ་ཞིག་ཐོས་བསམ་གྱི་སྒོ་ནས་གཏན་ལ་ཕེབས་པ་ན། གང་གཏན་ལ་ཕབ་པའི་དོན་དེ་ཉིད་ཡང་དང་ཡང་དུ་འདྲིས་པར་བྱེད་པ་དང་གོམས་པར་བྱེད་པ་ལ་སྒོམ་པ་ཞེས་ཟེར་ལ། དེ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་ཡང་དཔྱད་ཀྱིན་སྒོམ་པ་དང་གང་གཏན་ལ་ཕབ་པའི་དོན་དེ་ལ་མི་དཔྱོད་པར་སེམས་གནས་སུ་འཇུག་པའི་འཇོག་སྒོམ་གཉིས་ཀ་ཡོད་པ་ནི་བློ་ཁ་ནང་དུ་ཕྱོགས་ཏེ་བསམས་ན་ཤིན་ཏུ་གསལ་བའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་རྗེ་བླ་མས་ཀྱང་སྒོམ་ཐམས་ཅད་འཇོག་སྒོམ་དུ་འདོད་པ་ནི་དཔེར་ན་ནས་རྡོག་གཅིག་བཟུང་ནས་འབྲུ་ཐམས་ཅད་འདི་ཁོ་ན་ཡིན་ནོ་ཞེས་ཟེར་བ་དང་འདྲ་བར་གསུངས་སོ། །

དེ་ཡང་སེམས་དགེ་བའི་དམིགས་པ་ལ་ཡང་དང་ཡང་དུ་གཏོད་པའི་དམིགས་རྣམ་སྐྱོང་བའམ་དམིགས་པར་ཡང་ཡང་གཏད་པ་ལས་ཉམས་མྱོང་ཤར་བའི་བློ་དེའི་རྒྱུན་སྐྱོང་བ་ལ་སྒོམ་ཞེས་ཟེར་ལ། དེ་ལྟར་སྒོམ་པའི་དགོས་པ་ནི་ཤིན་ཏུ་དབང་བསྒྱུར་བྱེད་དཀའ་བའི་སེམས་འདི་རང་གི་དབང་དུ་འགྱུར་བར་བྱས་ནས་བཙོ་སྦྱངས་ཟིན་པའི་གསེར་མཉེན་མོ་དེ་ཅི་འདོད་དུ་ལས་སུ་རུང་བ་ལྟར་རང་གི་སེམས་འདི་ཡང་དེང་ཕྱིན་ཆད་དགེ་བའི་དམིགས་པ་ལ་ཇི་ལྟར་འདོད་འདོད་དུ་བཀོལ་དུ་རུང་བར་བྱ་བའི་ཆེད་དུ་ཡིན་ནོ། །སེམས་འདི་རང་གི་དབང་དུ་མ་འོངས་པར་རང་སེམས་ཀྱི་དབང་དུ་གྱུར་ཅིང་སེམས་ཉོན་མོངས་པའི་དབང་དུ་གྱུར་ན་སྡུག་བསྔལ་བརྒྱུད་མར་འབྱུང་ལ། སེམས་འདི་རང་གི་དབང་དུ་གྱུར་ན་ནི་དེ་ནས་བཟུང་བདེ་སྐྱིད་ཀྱི་རྩ་བ་ཚུགས་པ་ཡིན་ནོ། །དེ་ཡང་སྒོམ་ལེགས་པར་སྐྱོང་མ་ཤེས་ན་སེམས་དགེ་བའི་དམིགས་པ་ལ་ཇི་ལྟར་འདོད་འདོད་དུ་བཀོལ་ཏུ་རུང་བའི་གེགས་སུ་འགྱུར་བས་སྒོམ་ལེགས་པར་སྐྱོང་བ་ལ་རག་ལས་ཤིང་དེ་ལའང་སྒོམ་གྱི་གོ་བ་ཡག་པོ་ཞིག་ཆགས་པ་ཐོག་མར་གལ་ཆེའོ། །སྒོམ་གྱི་འབྲས་བུ་ལ་སྔར་ལས་བརྗེད་ངས་ཇེ་ཆེ་དང་། དྲན་པ་ཇེ་རྟུལ་ཉོན་མོངས་ཇེ་རྒྱས་སུ་འགྲོ་བར་སྣང་ན་སྒོམ་ཕྱིན་ཅི་ལོག་ཏུ་སོང་བ་ཡིན་ལ། དྲན་པ་ཇེ་གསལ་དང་ཤེས་རབ་ཇེ་ཆེ་ཉོན་མོངས་ཇེ་ཆུང་དུ་འགྲོ་བར་སྣང་ན་ནི་སྒོམ་གནད་དུ་སོང་བ་ཡིན་པས་བློ་གྲོས་དང་ལྡན་པ་རྣམས་ཀྱིས་སྙིང་རུས་ཙམ་ལ་མི་རེ་བར་སྒོམ་ཡང་ལོག་གི་ཁྱད་པར་ཤེས་པར་བྱས་ཏེ་ངལ་བ་འབྲས་མེད་དུ་མི་འགྱུར་བའི་ཐབས་ལ་ཅིས་ཀྱང་འབད་དགོས་སོ། །

དེ་ལ་ཐོག་མར་དཔྱད་སྒོམ་ངོས་ཟིན་རྒྱུ་ཤིན་ཏུ་གལ་ཆེ་བས་དེ་ནི་ཅི་འདྲ་ཞིག་ཡིན་ཞེ་ན། སྐབས་སུ་གང་བབ་ཀྱི་བསྒོམ་རྒྱུའི་དམིགས་པའི་རྐང་གྲངས་རྣམས་རང་གི་ཡིད་ངོ་ནས་བཤར་བ་དེ་ལ་ཤར་སྒོམ་ཟེར་བ་ལས་དཔྱད་སྒོམ་མི་ཟེར་ལ། ཚིག་རིས་དང་བསྟུན་ཏེ་དོན་ཡིད་ལ་ཤར་དུ་བཅུག་པ་དེའང་ཤར་སྒོམ་ལས་དཔྱད་སྒོམ་མིན། ལམ་གྱི་ངོ་བོ་ནི་འདི། གོ་རིམ་ནི་འདི། གྲངས་ངེས་ནི་འདིའོ་སྙམ་དུ་ཡང་ཡང་བློ་ལ་བྱང་དུ་འཇུག་པའི་མཚན་ཉིད་རྗེས་དཔྱོད་ཀྱི་སྒོམ་དེའང་ཤར་སྒོམ་ཡིན་པ་ལས་དཔྱད་སྒོམ་མིན། སྐབས་འགར་ལྷའི་རྣལ་འབྱོར་གྱི་ཆོ་ག་བཏོན་པ་ཙམ་ལའང་སྒོམ་དུ་བཤད་པ་ཡོད་པས་སྒོམ་དུ་གྲགས་ཚད་ཐམས་ཅད་དཔྱད་སྒོམ་དང་འཇོག་སྒོམ་གང་རུང་དུ་བཟུང་བར་མི་བྱའོ། །འོ་ན་དཔྱད་སྒོམ་ནི་ཅི་འདྲ་ཞིག་ལ་ཟེར་བ་ཡིན་ཞེ་ན། དེ་ནི་དཔེར་ན། དལ་འབྱོར་རྙེད་དཀའ་བ་དང་ནམ་འཆི་ངེས་མེད་ལྟ་བུ་བསྒྲུབ་བྱའི་རྩ་བ་རུ་བཙུགས་ནས་དེ་ལ་ངེས་ཤེས་རྙེད་པའི་ཐབས་སུ་སྐབས་འབྲེལ་གྱི་ལུང་རྣམ་དག་དང་མཐའ་ཆོད་པའི་རིགས་པ་ཞིབ་མོས་དྲང་ཕྱོགས་ལ་སྒྲུབ་བྱེད་དང་ལྡོག་ཕྱོགས་ལ་གནོད་བྱེད་ཡོད་ལུགས་འབད་པ་ཡོད་རྒུས་ཡང་ཡང་བསམ་པའི་རྟོག་དཔྱོད་ཀྱི་རྒྱུན་སྐྱོང་བ་དེ་ལ་དཔྱད་སྒོམ་ཟེར། རྒྱུ་མཚན་དེའི་ཕྱིར་དཔྱད་སྒོམ་ནི་བསམ་བྱུང་གི་ངེས་པ་ཟབ་མོ་རྙེད་པའི་ཐབས་དམ་པ་ཡིན་ལ། གོང་དུ་བཤད་པའི་ཤར་སྒོམ་ལས་གཏིང་ཇེ་ཟབ་ཏུ་ཕྱིན་ཡོད་པ་དང་དེ་ལ་བལྟོས་ཏེ་བློ་ཁ་ནང་དུ་ཕྱོགས་པའི་སྒོམ་ཡིན་པའང་ཤེས་སླ། དཔྱད་སྒོམ་ལེགས་པར་ངོས་ཟིན་ན་ནི་སྔོན་བྱོན་མཁས་པའི་གསུང་ལས། ཐོས་པས་ཆོས་མང་པོ་ཤེས་མི་ཡོང་། སྒོམ་པས་མང་པོ་ཤེས་ཡོང་ཞེས་མི་ཚེའི་ཉམས་མྱོང་གི་རྩ་ཚིག་འདི་འདྲ་གནང་བའི་དགོངས་མཐིལ་གཏད་སའང་རགས་ཙམ་གོ་བར་འགྱུར་རོ། །

འཇོག་སྒོམ་ནི་དམིགས་རྟེན་གང་རུང་ཞིག་ལ་སེམས་བཏགས་ནས་རྩེ་གཅིག་ཏུ་འཇོག་པ་ལ་ཟེར་བ་ལས། དམིགས་རྟེན་ལ་མི་བརྩི་བར་སེམས་ཁོ་རང་གང་ལ་ཡང་མི་འཇུག་པར་མ་ཡེངས། མ་འཕྲོས། མི་རྟོག་པར་ཙེན་ནེ་འཇོག་པ་ལ་ཟེར་བ་མིན་ཞིང་། དམིགས་པ་གང་ཡང་སེམས་ངོ་ན་འཁྱེར་རྒྱུ་མེད་པའི་སེམས་ཧད་དེ་བ་དེ་འདྲ་ཡང་ཧྭ་ཤང་གི་སྒོམ་ལུགས་ཡིན་པ་ལས་འཇོག་སྒོམ་ཡང་དག་ཡིན་པར་གཞུང་ཚད་ལྡན་གང་ལས་ཀྱང་བཤད་པ་མེད་དོ། ། འཇོག་སྒོམ་ནི་ཞི་གནས་སྒྲུབ་པའི་ཐབས་ཡིན་ཀྱང་ཞི་གནས་དང་དོན་མི་གཅིག་སྟེ་ཞི་གནས་ལ་འཇོག་སྒོམ་གྱིས་ཁྱབ་ཀྱང་འཇོག་སྒོམ་ལ་ཞི་གནས་ཀྱིས་མ་ཁྱབ་བོ། །དེ་ཡང་ལམ་གོང་ནས་གོང་དུ་བགྲོད་པ་ལ་འཇོག་སྒོམ་གཅིག་པུས་མི་ཆོག་པར་དཔྱད་འཇོག་གི་སྒོམ་གཉིས་ཀ་ངེས་པར་དུ་དགོས་པའི་རྒྱུ་མཚན་ཡང་། སྤྱིར་ཞི་གནས་དང་ལྷག་མཐོང་ནི་མདོ་སྔགས་གཉིས་ཀའི་ལམ་གྱི་གཞུང་ཤིང་ལྟ་བུ་ཡིན་ཞིང་ཞི་ལྷག་ཟུང་འབྲེལ་གྱི་ཐབས་འདི་མེད་ན་གཤོག་ཡ་ཆག་པའི་བྱ་ལྟར་འཁོར་བའི་རྒྱ་མཚོའི་ཕར་ངོགས་སམ་ངེས་ལེགས་ཐར་བ་དང་ཐམས་ཅད་མཁྱེན་པའི་སར་བགྲོད་མི་ནུས་པ་རིགས་པས་འགྲུབ་ལ། དེ་ལྟ་བུའི་ཞི་གནས་དེ་ནི་དམིགས་པ་ལ་རྩེ་གཅིག་ཏུ་འཇོག་པའི་འཇོག་སྒོམ་གྱིས་སྒྲུབ་དགོས་ཤིང་། ལྷག་མཐོང་ནི་ཡིན་མིན་དང་ཡོད་མེད་རྟག་མི་རྟག་སོགས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་ཡང་དཔྱད་སྒོམ་བྱས་པའི་ལག་རྗེས་ལ་འབྱུང་དགོས་པའི་ཕྱིར་རོ། །

དེའི་ཕྱིར་ཡེ་ཤེས་ཀྱི་སྣང་བ་ཤིན་ཏུ་གསལ་བར་འབྱུང་བ་ལ་ཞི་ལྷག་གཉིས་ཤས་ཆེ་ཆུང་མེད་པར་ཆ་མཉམ་པ་ཞིག་སྔོན་ཏུ་འགྲོ་དགོས་པ་ཡིན་ཏེ། ཟླ་བ་སྒྲོན་མེའི་མདོ་ལས། ཞི་གནས་སྟོབས་ཀྱིས་གཡོ་བ་མེད་པར་འགྱུར། །ལྷག་མཐོང་གིས་ནི་རི་དང་འདྲ་བར་འགྱུར། །ཞེས་གསུངས་པ་ལྟར་ཞི་གནས་ཀྱི་སྟོབས་ཀྱིས་ནི་མར་མེ་རླུང་མེད་པར་བཞག་པ་བཞིན་དུ་རྣམ་རྟོག་གི་རླུང་རྣམས་ཀྱིས་སེམས་རྩ་བའི་དམིགས་པ་ལས་གཡོ་བར་མི་འགྱུར་བ་འབྱུང་ལ། ལྷག་མཐོང་གི་སྟོབས་ཀྱིས་ནི་བདེན་པ་གཉིས་ཀྱི་ཡིན་ཚུལ་ལ་གཏིང་ཚུགས་པའི་ངེས་པ་རྙེད་དེ་ཕྱིན་ཅི་ལོག་གི་ལྟ་བ་དང་ཐེ་ཚོམ་གྱི་དྲ་བ་མཐའ་དག་འཇོམས་པར་བྱེད་པས་ལུང་རིགས་ལྟར་སྣང་སོགས་ཀྱིས་རང་གིས་ཡིན་ལུགས་དམ་བཅས་པའི་དམ་བཅའ་དང་། སྒྲོ་འདོགས་ལྷག་མེད་དུ་ཆོད་པའི་ཤེས་རབ་བརྟན་པོ་དེ་འཕྲོག་མི་ནུས་ཤིང་སྒུལ་མི་ནུས་པར་འགྱུར་རོ། །དེ་ལྟར་སྒོམ་ལ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཡོད་པ་ལས་གྲུབ་མཐའ་གཞན་ལ་མ་གྲགས་པའི་དཔྱད་སྒོམ་འདི་ཉིད་ཆེས་ཤིན་ཏུ་གལ་ཆེ་ཚུལ་དང་། དཔྱད་སྒོམ་ཅི་ལྟར་བྱ་ཚུལ་སོགས་ནི་རྗེ་བླ་མའི་ལེགས་བཤད་ཀུན་གྱི་ཉིང་བཅུད་བྱང་ཆུབ་ལམ་རིམ་ཆེན་མོའི་དབུ་ཞབས་ཀུན་ལ་ཞིབ་ཏུ་བརྟགས་པ་ལས་ཤེས་དགོས་ཤིང་། དེ་ལྟར་བརྟགས་ཤིང་བསམས་ན་དགེ་ལྡན་བསྟན་པའི་ཁྱད་ཆོས་གང་དུ་ཡོད་པ་དང་། འཇམ་མགོན་བླ་མའི་གསུང་གསང་མན་ངག་གི་གནད་མང་པོ་ཞིག་ལ་གཞན་གྱིས་མི་འཕྲོགས་པའི་ངེས་པ་རྙེད་པར་འགྱུར་རོ། །

༢སྒོམ་གྱི་མན་ངག་རྩ་ཁུངས་རགས་བསྡུས་ཁོལ་ཕྱུང་གིས་སྟོན་པ།

སྤྱིར་ལྟ་བ་དང་སྒོམ་ཚོལ་ལུགས་མི་འདྲ་བ་གཉིས་ཡོད་དེ། དང་པོར་དེ་ཁོ་ན་ཉིད་ཐོས་བསམ་གྱིས་གཏན་ལ་ཕབ་སྟེ་དེ་ལ་རྩེ་གཅིག་ཏུ་བཞག་པ་ལས་ཞི་གནས་སྒྲུབ་ཚུལ་ནི་ལྟ་ཐོག་ནས་སྒོམ་ཚོལ་ཚུལ་ཡིན་ལ། སྔར་དམིགས་པ་གང་རུང་ལ་དམིགས་པའི་རྩེ་གཅིག་པའི་འཇོག་སྒོམ་གྱིས་ཞི་གནས་སྒྲུབ། དེ་ནས་གཟུགས་སོགས་བདེན་པར་ཡོད་མེད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་སྒོམ་བྱས་ཏེ་ལྟ་བ་གཏན་ལ་འབེབ་ཚུལ་ནི་སྒོམ་ཐོག་ནས་ལྟ་བ་ཚོལ་ལུགས་ཡིན་ཞིང་སྤྱོད་འཇུག་སོགས་ནས་གསུངས་པ་ནི་ཕྱི་མའི་ལུགས་ཡིན་པའང་ངེས་པར་དུ་ཤེས་དགོས་པ་ཞིག་གོ །

དེ་ཡང་ཞི་གནས་མ་གྲུབ་པར་ལྷག་མཐོང་མི་འགྲུབ་པས་དང་པོར་ཞི་གནས་བསྒྲུབ་དགོས་ལ། དེ་སྒོམ་ཚུལ་ནི་སྒོམ་རིམ་བར་བ་ལས། དེ་ལ་རྣལ་འབྱོར་པས་བསྒོམ་པའི་དུས་ན་ཐོག་མར་བྱ་བ་ཅི་ཡོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ལ། བཤང་གཅི་བྱས་ནས་སྒྲའི་ཚེར་མ་མེད་པ་ཡིད་དུ་འོང་བའི་ཕྱོགས་སུ་བདག་གིས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་དགོད་པར་བྱའོ་སྙམ་དུ་བསམ་ཞིང་། འགྲོ་བ་མཐའ་དག་མངོན་པར་གདོན་པའི་བསམ་པ་ཅན་གྱི་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ལྔས་ཕྱག་བྱས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་རི་མོ་ལ་སོགས་པ་མདུན་དུ་གཞག་གམ་གཞན་དུ་ཡང་རུང་སྟེ། དེ་དག་ལ་ཅི་ནུས་ཀྱིས་མཆོད་པ་དང་བསྟོད་པ་བྱས་ལ་རང་གི་སྡིག་པ་བཤགས་ནས་འགྲོ་བ་མཐའ་དག་གི་བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱས་ལ། སྟན་ཤིན་ཏུ་འཇམ་པོ་བདེ་བ་ལ་རྗེ་བཙུན་རྣམ་པར་སྣང་མཛད་ཀྱི་སྐྱིལ་མོ་ཀྲུང་ལྟ་བུའམ། སྐྱིལ་མོ་ཀྲུང་ཕྱེད་དུ་ཡང་རུང་སྟེ། མིག་ཧ་ཅང་མི་དབྱེ། ཧ་ཅང་ཡང་མི་གཟུམ་པར་སྣའི་རྩེ་མོར་གཏད་ཅིང་། ལུས་ཧ་ཅང་ཡང་མི་སྒུ། ཧ་ཅང་ཡང་མི་དགྱེ་བར་དྲང་པོར་བསྲངས་ལ་དྲན་པ་ནང་དུ་གཞག་སྟེ་འདུག་པར་བྱའོ། །དེ་ནས་ཕྲག་པ་མཉམ་པར་གཞག་ལ་མགོ་མི་མཐོ་མི་དམའ་ཞིང་ཕྱོགས་གཅིག་ཏུ་མ་ཡོ་བར་གཞག་སྟེ་སྣ་ནས་ལྟེ་བའི་བར་དྲང་པོར་གཞག་གོ །སོ་དང་མཆུ་ཡང་ཐ་མལ་བར་གཞག་གོ །ལྕེ་ཡང་ཡ་སོའི་དྲུང་དུ་གཞར་རོ། །དབུགས་ཕྱི་ནང་དུ་རྒྱུ་བ་ཡང་སྒྲ་ཅན་དང་། རྔམ་པ་ཅན་དང་། དབུགས་རྒོད་པ་ཅན་དུ་མི་གཏང་གི ཅི་ནས་ཀྱང་མི་ཚོར་བར་དལ་བུ་དལ་བུས་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་དབུགས་ནང་དུ་རྔུབ་པ་དང་ཕྱིར་འབྱུང་བ་དེ་ལྟར་བྱའོ། ། ཞེས་གསུངས་ལ། སྒོམ་རིམ་ཐ་མ་ལས་ཀྱང་འདི་ཇི་ལྟ་བར་གསུངས་སོ། །

འདིས་ནི་ལུས་ཀྱི་སྤྱོད་ལམ་ཇི་འདྲ་བས་ཞི་གནས་སྒོམ་ཚུལ་བསྟན་ལ། བསྒོམ་པའི་རིམ་པ་ཉིད་ནི། ཏིང་ངེ་འཛིན་ཐམས་ཅད་ལ་ཉེས་པ་དྲུག་སྟེ། ལེ་ལོ་དང་། དམིགས་པ་བརྗེད་པ་དང་། བྱིང་བ་དང་། རྒོད་པ་དང་། མི་རྩོལ་བ་དང་། རྩོལ་བའོ། ། དེ་རྣམས་ཀྱི་གཉེན་པོར་དད་པ་དང་། འདུན་པ་དང་། རྩོལ་བ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་ཏེ་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་ན་ཏིང་ངེ་འཛིན་ཤིན་ཏུ་ཁུགས་པ་ཡིན་པར་སྒོམ་རིམ་དང་པོ་དང་ཐ་མ་ལས་གསལ་བར་གསུངས་ཏེ། འདི་ནི་ཏིང་ངེ་འཛིན་གྱི་ཉེས་པ་དྲུག་གམ་ལྔ་སྤོང་བའི་འདུ་བྱེད་བརྒྱད་ཀྱི་སྒོ་ནས་ཞི་གནས་སྒྲུབ་ཚུལ་དབུས་མཐའ་སོགས་མདོ་བསྟན་བཅོས་མང་པོ་ནས་མཐུན་པར་གསུངས་པའི་བསམ་གཏན་སྒྲུབ་ཚུལ་གྱི་ཐབས་མ་ནོར་བ་ཡིན་ལ། དེའི་སྟེང་དུ་ཉན་ས་ནས་བཤད་པའི་སྟོབས་དྲུག་དང་ཡིད་བྱེད་བཞི་དང་སེམས་གནས་པའི་ཐབས་དགུ་སྟེ་ཏིང་ངེ་འཛིན་སྒྲུབ་ཚུལ་གྱི་མན་ངག་གཞུང་ཆེན་མོ་རྣམས་ནས་གསུངས་པ་འདི་དག་ལ་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པའི་ངེས་པ་རྣམ་པར་དག་པ་ཡོད་པའི་སྟེང་དུ། མན་ངག་རྣམ་པར་དག་པ་ཡིན་ན་ཏིང་ངེ་འཛིན་སྒྲུབ་པ་ལ་དེ་གཅིག་པུས་ཆོག་སྙམ་དུ་མི་བསམ་པར་དེའི་རྒྱབ་ཆོས་ལ་ཚུལ་ཁྲིམས་དག་པ་དང་། འདོད་པ་ལ་ཉེས་དམིགས་སུ་ལྟ་བ་དང་། བསམ་གཏན་སྒོམ་པའི་མཐུན་རྐྱེན་ཚང་ཞིང་འགལ་རྐྱེན་དང་བྲལ་བའི་མཐུན་པའི་ཡུལ་ན་གནས་པ་སོགས་ཏིང་འཛིན་སྒྲུབ་པའི་ལྷན་ཅིག་བྱེད་རྐྱེན་ཏིང་ངེ་འཛིན་གྱི་ཚོགས་ལ་གནས་པའི་སྒོ་ནས་ཉེར་ལེན་ཐབས་སམ་མན་ངག་ཆ་ཚང་ལ་མ་ནོར་བ་འདི་དག་གིས་གཙུབ་ཤིང་གཙུབས་པ་ལྟར་ཡུན་རིང་དུ་འབད་ན་ཏིང་ངེ་འཛིན་ཚད་དང་ལྡན་པ་འཐོབ་པར་འགྱུར་གྱི། རྒྱུ་རྐྱེན་མ་ཚོགས་ན་ནི་ཅི་ཙམ་འབད་ཀྱང་འཐོབ་པར་མི་འགྱུར་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་ཆོས་རྗེ་ས་པཎ་གྱིས་ཀྱང་། ཐོས་པ་མེད་པའི་སྒོམ་པ་དེ། །ལག་རྡུམ་བྲག་ལ་འཛེགས་པ་འདྲ། །ཞེས་གོང་དུ་བཤད་པའི་རྒྱུ་ཚོགས་དེ་དག་མ་ཚང་བར་ཡུན་ཅི་ཙམ་རིང་བོར་བསྒྲུབས་ཀྱང་ངལ་བ་འབྲས་མེད་དུ་འགྱུར་བར་གསུངས་ཤིང་། དེང་སང་བསམ་གཏན་གྱི་མན་ངག་ཟབ་པར་གྲགས་པ་དག་ལ་ཐབས་འདི་དག་གི་མིང་ཙམ་ཡང་མི་སྣང་སྟེ་ཏིང་ངེ་འཛིན་གྱི་ཚོགས་དང་མི་ལྡན་པ་དང་ཐབས་འདི་དག་མེད་པར་ནི་ཡུན་རིང་བོར་འབད་ཀྱང་ཏིང་ངེ་འཛིན་འགྲུབ་པར་མ་གསུངས་སོ་ཞེས་བཀའ་གདམས་པའི་དགེ་བའི་བཤེས་གཉེན་མཁས་པ་ཆེན་པོ་ཤ་ར་བའི་གསུང་བྱང་ཆུབ་ལམ་རིམ་དུ་དྲངས་པ་ལྟར་རོ། །

དེ་ལྟར་གཞུང་ཆེན་མོ་རྣམས་ནས་ཏིང་འཛིན་སྒྲུབ་ཚུལ་གྱི་མན་ངག་གསུངས་པའི་དོན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གིས་ཞིབ་རྒྱས་སུ་བཀྲལ་བའི་རྗེས་སུ་འབྲངས་ཏེ་གཞན་ལ་དེ་ལྟར་བཤད་ན་ནི་བཤད་པའི་བསྟན་པ་ལ་ཕན་བཏགས་ཤིང་། རང་ཉིད་ཀྱིས་ཀྱང་སྒོམ་གྱི་ཉམས་ལེན་དེ་ལྟར་དུ་བསྐྱངས་ན་སེམས་གནས་དང་པོའི་སྐབས་སུ། ད་ནི་སྒོམ་གྱི་ཉམས་ལེན་བྱས་པས་རྣམ་རྟོག་ཇེ་མང་དུ་སོང་འདུག་སྙམ་པ་སྔོན་ཆད་སེམས་ཀྱི་འཆར་སྒོ་ལ་དམིགས་བསལ་གྱི་ལྟ་རྟོག་མ་བྱས་པས་འོག་འགྱུའི་རྣམ་རྟོག་མང་པོ་ཞིག་ངོས་མ་ཟིན་པ་ལ་མཚམས་འདི་ནས་རྣམ་རྟོག་ངོས་ཟིན་གྱི་ཉམས་ཤིག་འོང་། དེ་ནས་སེམས་གནས་གཉིས་པའི་སྐབས་སུ་སླེབས་པ་ན་གཅོང་རོང་དོག་མོའི་འབབ་ཆུ་ལྟར་རེས་རྣམ་རྟོག་ཞི་ཞིང་རེས་རྣམ་རྟོག་ཐོ་ལེར་སྐྱེ་བ་རེས་ཞི་རེས་འབྱུང་གི་ཚུལ་གྱིས་རྣམ་རྟོག་ངལ་གསོ་བའི་ཉམས་ཤིག་འོང་། དེ་ནས་སྒོམ་གྱི་ཉམས་མྱོང་རིམ་བཞིན་གོང་འཕེལ་དུ་གྱུར་པ་སེམས་གནས་གསུམ་པ་ནས་བདུན་པའི་བར་དུ་འགལ་རྐྱེན་གྱིས་མ་དཀྲུགས་པའི་ཚེ་སེམས་གཡོ་བ་མེད་པར་གནས་པ་སྙམ་བྱེད་ལ། རྐྱེན་བྱུང་ཚེ་མི་གནས་པའི་རྣམ་རྟོག་ཐང་ཆད་པའི་ཉམས་ཤིག་འོང་། དེ་ནས་སྒོམ་རིམ་གྱིས་འཕེལ་ཏེ་སེམས་གནས་བརྒྱད་པའི་སྐབས་སུ་སླེབས་པ་ན་རྒྱ་མཚོ་རླབས་དང་བཅས་པ་ལྟ་བུ་རྣམ་རྟོག་ཅི་བྱུང་ཡང་གཉེན་པོ་དྲན་འཛིན་ཅུང་ཟད་བསྟེན་པས་དེ་མ་ཐག་རང་མལ་དུ་ཞི་འགྲོ་བའི་རྣམ་རྟོག་འདུ་བྱེད་པ་ཞེས་བྱ་བའི་ཉམས་ཤིག་འོང་། དེ་ཡང་རིམ་གྱིས་འཕེལ་ཏེ་སེམས་གནས་དགུ་བའི་སྐབས་སུ་སླེབས་པ་ན་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ་ཡུལ་རྐྱེན་ཅི་བྱུང་ཡང་གཉེན་པོ་དྲན་འཛིན་གྱི་འབད་རྩོལ་ལ་མ་བལྟོས་པར་ཏིང་འཛིན་རང་བབས་སུ་འཆར་བའི་རྣམ་རྟོག་མངོན་པར་འདུ་མི་བྱེད་པའི་ཉམས་འོང་བར་འགྱུར་བ་སོགས་སྒོམ་གྱི་མན་ངག་གི་གོ་བ་ལེགས་པར་བཙལ་ཏེ་ཇི་ལྟ་བ་བཞིན་ལག་ཏུ་བླངས་ན་འདི་འདྲ་བའི་ཉམས་མྱོང་རྣམས་རིམ་གྱིས་འབྱུང་གི །སྒོམ་ཆེན་པའི་ཆ་བྱད་པུས་འཁྱུད་དང་སྒོམ་ཞྭ་དྲ་ཕད་སོགས་ཕྱིའི་ཡོ་བྱད་རྣམས་ཚང་ཡང་མན་ངག་གི་གོ་བ་ཕྱིན་ཅི་ལོག་ཏུ་སོང་ན་ནི་སྒོམ་རྒྱུད་ལ་གཏན་ནས་སྐྱེ་བ་མིན་པར་གོང་ས་ལྔ་བ་ཆེན་པོ་སོགས་གཟུ་བོར་གནས་ཤིང་བསྟན་པའི་གནད་ལ་འཁྲུལ་བ་དང་བྲལ་བའི་ངེས་པ་རྙེད་པའི་རྩོད་མེད་ཀྱི་མཁས་པ་དག་མགྲིན་གཅིག་དབྱངས་གཅིག་གིས་ཚུལ་འདི་ལ་མོས་ཤིང་དོན་དུ་གཉེར་བའི་ཕྱི་རབས་པ་རྣམས་ལ་ཐུགས་བརྩེ་བས་གདམས་ཡོད་པ་དེ་བསླུ་བ་མེད་པའི་གདམས་ངག་གི་མཆོག་ཏུ་བཟུང་ན་ལེགས་སོ། །དེ་ལྟར་འཇོག་སྒོམ་ལ་བརྟེན་ནས་ཞི་གནས་མཚན་ཉིད་ཚང་བ་ཞིག་མ་བཙལ་ན་ལྷག་མཐོང་ཐོབ་པའི་གནས་མེད་ལ། དེ་མ་ཐོབ་ན་འཁོར་བའི་རྩ་བ་སྤོང་མི་ནུས་པས་ཐར་བ་ཐོབ་མི་སྲིད་ཅིང་། ཞི་གནས་མ་ཐོབ་བར་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བདག་མེད་པའི་དོན་ལ་ཅི་ཙམ་དཔྱད་ཀྱང་སེམས་ཧ་ཅང་གཡོ་བའི་སྐྱོན་གྱིས་བདག་མེད་པའི་དོན་གྱི་སྤྱི་ཙམ་ཡང་གསལ་བར་མི་འགྱུར་ལ། ཞི་གནས་གྲུབ་མཚམས་ནས་དེ་ལྟར་དཔྱད་ན་ནི་ཞི་གནས་ཀྱི་ལག་རྗེས་སེམས་མི་གཡོ་བའི་ཆ་དང་ཡིན་ལུགས་རྟོགས་པའི་ཤེས་རབ་ཀྱི་གསལ་ཆ་གཉིས་ཀ་འཛོམས་པས། མར་མེ་ཤིན་ཏུ་གསལ་བ་དང་རླུང་གིས་མི་གཡོ་བ་གཉིས་དང་ལྡན་ན་མཚན་མོའི་ལོགས་རིས་གསལ་བར་མཐོང་བ་ལྟར་བདག་མེད་པའི་དོན་སྤྱི་གསལ་བར་མཐོང་བར་འགྱུར་རོ། །

ཞི་གནས་གྲུབ་ནས་ནི་སྤྱོད་ཕྱོགས་དང་ལྟ་བའི་ཕྱོགས་ཀྱི་སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་སྒོམ་ལ་བརྟེན་ནས་རང་རྒྱུད་ལ་ཐབས་དང་ཤེས་རབ་ཀྱི་ཆ་མཐའ་ཡས་པའི་དགེ་བ་སྡུད་པ་དང་ཐབས་ཤེས་ཀྱི་མི་མཐུན་ཕྱོགས་མཐའ་ཡས་པའི་སྐྱོན་ཟློག་པའི་དམིགས་རྣམ་མང་པོ་རིམ་པ་ལྟར་སྐྱོང་དགོས་པ་ཡིན་གྱི། དུས་རྒྱུན་དུ་སེམས་དམིགས་པ་གཅིག་ལ་འདོགས་པའི་འཇོག་སྒོམ་འབའ་ཞིག་བྱེད་པས་ནི་གང་གི་ཆེད་དུ་ཞི་གནས་བསྒྲུབས་པའི་དགོས་པ་མ་ཤེས་པ་ཡིན་པས་སྐབས་སུ་གང་བབ་ཀྱི་དགེ་སྦྱོར་ལ་བོགས་ཆེན་པོ་ཐོན་པར་མི་འགྱུར་ལ། ཞི་གནས་ལ་ཉམས་མྱོང་མེད་ན་ཡང་སེམས་ཧ་ཅང་གཡོ་བའི་རྣམ་གཡེང་གི་དབང་གིས་དགེ་སྦྱོར་གང་བྱས་ཐམས་ཅད་གནད་དུ་འགྲོ་དཀའ་བ་ཡིན་ནོ། །

དེ་ལྟར་ཞི་གནས་ཀྱི་ཡོན་ཏན་དང་ཞི་གནས་བསྒྲུབས་པའི་དགོས་པ་གཙོ་བོ་གང་ཡིན་ལེགས་པར་ཤེས་ན་ནི་ཞི་གནས་ལམ་གྱི་གཞུང་ཤིང་ཡིན་པ་དང་། ཕར་ཕྱིན་ཐེག་པ་ལས་སྔགས་ལམ་མྱུར་བར་བཤད་པ་ཞི་གནས་མྱུར་བའི་རྒྱུ་མཚན་ལ་ཐུག་པ་དང་། ཞི་གནས་སྟོབས་ལྡན་སྒྲུབ་ལུགས་ཕར་ཕྱིན་ཐེག་པ་ལ་མེད་པ་རྣམས་སྔགས་ལ་ཡོད་པས་ཞི་གནས་ཅི་ཙམ་སྟོབས་ཆེ་བའི་ཚོད་ཀྱིས་བདག་མེད་པའི་ལྟ་བ་ལ་མྱོང་བ་སྟོབས་ལྡན་གྲུབ་སྟེ་སྒྲིབ་པ་སྤོང་བ་ལ་ས་ཆོད་གཞན་དང་མི་འདྲ་བའི་གནད་རྣམས་ལའང་གོ་བ་ལེགས་པར་ཆགས་པར་འགྱུར་རོ། །མི་མཐུན་པའི་རྒྱུ་དང་ནོར་བའི་ལམ་ལ་ཅི་ཙམ་འབད་ཀྱང་མངོན་པར་འདོད་པའི་འབྲས་བུ་མི་འཐོབ་པ་ནི་དཔེར་ན་འོ་མ་འདོད་ནས་རྭ་ལ་འཐེན་པ་དང་འདྲ་བར་སྒོམ་རིམ་བར་བ་ལས་གསུངས་པ་ལྟར་ཡིན་པས་ལམ་ཁ་བྲག་གི་མདོ་ལ་སླེབས་པའི་འགྲོན་པོས་རང་ཉིད་གང་དུ་འཇུག་པའི་ལམ་ཞིབ་ཏུ་རྩད་གཅོད་པ་དང་ཚུལ་མཚུངས་པར་སྒོམ་འཁྲུལ་བ་དང་མ་འཁྲུལ་བའི་ཁྱད་པར་ཞིབ་ཏུ་འབྱེད་རྒྱུ་ནི་ཐར་འདོད་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱི་ལས་སུ་བྱ་བ་ཉག་གཅིག་གོ །

༣རྗེ་ཙོང་ཁ་པས་ཧྭ་ཤང་འགོག་ཚུལ་དེ་ཀ་ཤཱིས་འགོག་ཚུལ་དང་ཆུ་ལ་ཆུ་བཞག་ཏུ་གྱུར་པ།

གང་ཞིག་སྒོམ་ཡང་དག་ཡིན་མིན་གྱི་ཐད་ལ་རྒྱ་གར་གྱི་མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལ་དང་རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཡ་ན་གཉིས་ཀྱི་བར་རྩོད་པ་ཆེན་པོ་བྱུང་སྟེ་ལུང་རིགས་ཀྱི་རྒྱབ་དཔུང་མཐུ་བཙན་པ་ལ་བརྟེན་ནས་ཧྭ་ཤང་གི་རྒྱལ་བའི་གསུང་རབ་ལ་རང་ཉིད་ཀྱིས་གོ་བ་ལེན་སྟངས་མ་འགྲིག་པ་ལ་བརྟེན་ནས་བྱུང་བའི་དམ་བཅའ་རྣམས་རྨེག་མེད་དུ་བཅོམ་ཞིང་འདོར་སྤུས་ཧྭ་ཤང་གི་སྟེང་དུ་བབ་སྟེ་ཚར་བཅད་རྗེས་འཛིན་གྱི་སྒོ་ནས་བསྟན་པ་ལ་དག་ཐེར་རྒྱ་ཆེན་པོ་མཛད་པའི་ཡོངས་སུ་གྲགས་པའི་ལོ་རྒྱུས་འདི་ལྟ་བུ་བྱུང་བ་ནི་སྐབས་དེར་རྩོད་པའི་དཔང་པོར་གྱུར་བའི་སྐྱེ་བོ་མཁས་པ་མང་དུ་བཞུགས་པ་བསྟན་པ་དར་ཞིང་རྒྱས་པའི་དན་རྟགས་བླ་ན་མེད་པ་ཞིག་ཡིན་ནོ། །

འདི་ལ་རྗེ་ཐམས་ཅད་མཁྱེན་པས་དྲི་བ་ལྷག་བསམ་རབ་དཀར་དུ། མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལས་སྒོམ་རིམ་རྣམ་པ་གསུམ་གསུངས་པ་ཡོད་པས་དེ་རྣམས་ལེགས་པར་གཟིགས་དང་དེ་ཧྭ་ཤང་དང་རྩོད་གཞི་ཅན་དུ་གསུངས་ཡོད་པས་ན། ཞེས་དང་། དམིགས་པ་འདི་ལ་འཇོག་མི་དགོས་ཀྱི། སེམས་ཁོ་རང་གང་དུ་ཡང་འཕྲོར་མི་འཇུག་པར་ཙེན་ནེ་འཇོག་པས་ན་འཇོག་སྒོམ་ཟེར་བ་ཡིན་སྙམ་ན་ནི། དམིགས་པ་གང་ཡང་སེམས་ངོ་ན་འཁྱེར་རྒྱུ་མེད་པའི་སེམས་ཧད་དེ་བ་དེ་འདྲ་འཇོག་སྒོམ་ཡང་དག་ཏུ་གང་ནས་བཤད། ཅེས་དང་། གང་ཡང་ཡིད་ལ་མ་བྱས་པར་ཧད་དེ་བསྡད་པ་རང་གིས་དུས་གསུམ་ཅིག་ཅར་དུ་མཁྱེན་པའི་ཀུན་མཁྱེན་ཐོབ་འོང་ན་ལེགས་ཀྱི། ཁོ་བོས་ནི་དེ་ལྟའི་སྒོམ་དེ་ཧྭ་ཤང་གི་སྒོམ་ལུགས་ལས་ཁྱད་པར་གཏན་ནས་མི་ཕྱེད་དོ། ། ཞེས་གསུངས་པ་རྣམས་ལ་ཐུགས་རྟོག་ལེགས་པར་ཆུག་དང་། ཧྭ་ཤང་གི་སྒོམ་ལུགས་དེ་ཀ་ཤཱའི་སྒོམ་དང་ཤིན་ཏུ་མི་མཐུན་པ་དང་། དེ་འདྲ་མདོ་བསྟན་བཅོས་གང་ནས་ཀྱང་མ་བཤད་པ་དང་། མི་མཐུན་པའི་རྒྱུ་ལས་འབྲས་བུ་ཕུན་ཚོགས་འབྱུང་མི་སྲིད་པའི་ཚུལ་རྣམས་རགས་ཙམ་ཤེས་པར་འགྱུར་རོ། །

ཧྭ་ཤང་གི་སྒོམ་ལུགས་དེ་ལ་དམིགས་པ་འདི་ལ་སེམས་འདི་ལྟར་བཏགས་ནས་འཇོག་ཅེས་བྱ་རྒྱུ་མེད་པས། འདི་ལ་འདི་འཇོག་མེད་པའི་འཇོག་སྒོམ་ཞེས་པའི་མིང་འདི་བཏགས་པ་རེད། སྒོམ་རིམ་རྣམས་སུ་ཧྭ་ཤང་གི་འཁྲུལ་གཞིའི་མདོ་རེ་རེ་ལ་འགྲེལ་བཤད་ཞིབ་གསལ་གནང་ཡོད་པ་ལས་དཔེར་མཚོན་ཞིག་འགོད་ན། སྒོམ་རིམ་དང་པོ་ལས། དེ་ཁོ་ན་དམ་པ་མཐོང་བ་དེ་ནི་ཆོས་ཐམས་ཅད་ཤེས་རབ་ཀྱི་མིག་གིས་བརྟགས་ཏེ་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་ཤར་ན་ཅི་ཡང་མཐོང་བ་མེད་པ་གང་ཡིན་པའོ། །དེ་སྐད་མདོ་ལས་ཀྱང་གསུངས་ཏེ། དོན་དམ་པ་མཐོང་བ་གང་ཞེ་ན། ཆོས་ཐམས་ཅད་མཐོང་བ་མེད་པ་གང་ཡིན་པའོ་ཞེས་འབྱུང་ངོ་། །འདིར་དེ་ལྟ་བུའི་མཐོང་བ་མེད་པ་ལ་དགོངས་ཏེ། མི་མཐོང་བ་ཞེས་བཀའ་སྩལ་གྱི་མིག་བཙུམས་པ་དང་དམུས་ལོང་ལ་སོགས་པ་ལྟ་བུ་རྐྱེན་མ་ཚང་བ་དང་། ཡིད་ལ་མི་བྱེད་པས་མི་མཐོང་བ་ནི་མ་ཡིན་ནོ། །ཞེས་ཆོས་ཐམས་ཅད་མི་མཐོང་ཚུལ་དེ་སོ་སོར་རྟོག་པའི་ཤེས་རབ་ཀྱི་བརྟགས་པ་སྔོན་དུ་སོང་བའི་མི་མཐོང་ཚུལ་ཡིན་པ་ལས། རྐྱེན་མ་ཚང་བ་དང་ཡིད་ལ་མི་བྱེད་པ་ཙམ་གྱིས་མི་མཐོང་ཚུལ་མིན་པར་བཀྲལ་བ་དང་། ཡང་དེ་ཉིད་ལས། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། ཡིད་ལ་མི་བྱེད་པས་གཟུགས་ལ་སོགས་པའི་མཚན་མ་སྤོང་ངོ་ཞེས་གསུངས་པ་གང་ཡིན་པ་དེ་ཡང་ཤེས་རབ་ཀྱིས་བརྟགས་ན་མི་དམིགས་པ་གང་ཡིན་པ་དེ། དེར་ཡིད་ལ་མི་བྱེད་པར་དགོངས་ཀྱི། ཡིད་ལ་བྱེད་པ་མེད་པ་ཙམ་ནི་མ་ཡིན་ཏེ། ཞེས་དང་། རྣལ་འབྱོར་པས་ཏིང་ངེ་འཛིན་གྱི་སྣང་བ་བྱུང་སྟེ། ཤེས་རབ་ཀྱི་མིག་གིས་བརྟགས་ན་གཟུགས་ལ་སོགས་པ་སྔར་དམིགས་པ་དམིགས་སུ་རུང་བའི་མཚན་ཉིད་དུ་གྱུར་པ་དེ་དག་མི་དམིགས་པའི་ཕྱིར་ཐག་པ་ལ་སྦྲུལ་དུ་ཤེས་པ་བཞིན་དུ་སྤང་གི གཞན་དུ་མ་ཡིན་ནོ། །ཞེས་དང་། ཏིང་ངེ་འཛིན་གྱི་སྣང་བ་མ་བྱུང་། ཤེས་རབ་ཀྱི་མིག་གིས་མ་བལྟས་ན་མུན་ཁུང་ན་འདུག་པའི་མི་ལྟར་ཁྱིམ་ནང་ན་ཡོད་པའི་བུམ་པ་ལ་སོགས་པ་སོམ་ཉི་ཟ་བར་གྱུར་པ་བཞིན་དུ་རྣལ་འབྱོར་པ་ཡང་གཟུགས་ལ་སོགས་པ་ཡོད་པར་སོམ་ཉི་ཟ་བ་ལྡོག་པར་མི་འགྱུར་རོ། །ཞེས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཟུགས་ལ་སོགས་པ་བདེན་པར་ཡོད་མེད་བརྟགས་ནས་བདེན་པར་ཡིད་ལ་མི་བྱེད་པ་སྟེ། གདོད་མ་ནས་བདེན་མེད་ཡིན་པ་ལ་བདེན་མེད་དུ་ངོ་ཤེས་པའི་སྒོ་ནས་བདེན་པར་ཞེན་པ་ཕྱིན་ཅི་ལོག་གི་མཚན་མ་སྤོང་དགོས་ཀྱི་ཧྭ་ཤང་འདོད་པ་ལྟར་གྱི་ཤེས་རབ་ཀྱིས་བརྟགས་པ་སྔོན་དུ་མ་སོང་བར་གཟུགས་སོགས་བདེན་པར་ཡོད་མེད་གང་ལ་ཡང་སེམས་འཕྲོ་རུ་མི་འཇུག་པར་ཙེན་ནེ་འཇོག་པའི་ཡིད་ལ་བྱེད་པ་མེད་པ་ཙམ་བདེན་ཞེན་སྤོང་བའི་གཉེན་པོ་མ་ཡིན་པ་ནི། དཔེར་ན་ཐག་ཁྲ་སྦྲུལ་འཛིན་གྱི་བློ་དང་དེ་ལ་བརྟེན་པའི་འཇིགས་པ་སྤོང་བ་ལ་སྒྲོན་མེ་སྦར། མིག་ཕྱེ་སྟེ་ཐག་ཁྲ་ཐག་ཁྲ་ཡིན་པའི་ཡིན་ལུགས་ཀྱི་གནས་ཚུལ་འདི་ཤེས་དགོས་ཀྱི་རེ་ཞིག་ཐག་ཁྲ་སྦྲུལ་ཡིན་མིན་ལ་བློ་ཁ་ཕྱོགས་སུ་མ་བཅུག་པ་ཙམ་གྱིས་ཐེ་ཚོམ་མི་སེལ་ཞིང་ཐེ་ཚོམ་མ་སྤངས་པར་ཕྱིན་ཅི་ལོག་གི་བློ་དང་འཇིགས་པ་སྤོང་མི་ནུས་པ་དཔེར་ན་མེ་མ་སྤངས་པར་ཚ་བ་སྤང་དུ་མི་རུང་བ་བཞིན་ཡིན་པར་གསུངས་པ་དང་། ལོག་རྟོག་ས་བོན་དང་བཅས་པ་སྤོང་བ་ལ་ཏིང་ངེ་འཛིན་གྱི་སྣང་བ་དང་ཤེས་རབ་ཀྱི་མིག་གཉིས་ཀ་འཛོམས་དགོས་པ་དང་། ཡང་དེ་ཉིད་ལས། དེ་ལྟ་བས་ན་ཏིང་ངེ་འཛིན་གྱི་ལག་གིས་སེམས་གཟུང་སྟེ་ཤིན་ཏུ་ཆ་ཕྲ་བའི་ཤེས་རབ་ཀྱི་མཚོན་གྱིས་གཟུགས་ལ་སོགས་པ་ལོག་པར་རྣམ་པར་རྟོག་པའི་ས་བོན་གྱི་ཟུག་རྔུ་སེམས་དེ་ལ་ཡོད་པ་བསལ་བར་བྱའོ། །ཞེས་ཏིང་ངེ་འཛིན་ནི་ལག་པ་ལྟ་བུ་དང་། སེམས་ནི་ཧ་ཅང་འཛིན་དཀའ་བ་ཞིག་དང་། ཞིབ་ཅིང་ཕྲ་བའི་ཤེས་རབ་ནི་མཚོན་རྣོན་པོ་ལྟ་བུ་དང་། ལོག་རྟོག་གི་ས་བོན་ནི་སེམས་སྟེང་ན་ནམ་ཡང་གནས་བཅས་ཏེ་སྡོད་པའི་རང་ལ་སྡུག་བསྔལ་སྐྱེད་བྱེད་ཀྱི་ཚེར་མ་ལྟ་བུའི་ཟུག་རྔུ་ཡིན་པར་གསུངས་པ་དང་། སྒོམ་རིམ་བར་བ་ལས། གང་ཤེས་རབ་ཀྱིས་དངོས་པོའི་ངོ་བོ་ཉིད་སོ་སོར་བརྟགས་ནས་མི་བསྒོམ་གྱི། ཡིད་ལ་བྱེད་པ་ཡོངས་སུ་སྤོང་བ་ཙམ་འབའ་ཞིག་སྒོམ་པར་བྱེད་པ་དེའི་རྣམ་པར་རྟོག་པ་ནམ་ཡང་མི་ལྡོག་ཅིང་ངོ་བོ་ཉིད་མེད་པ་ཉིད་རྟོགས་པར་ཡང་མི་འགྱུར་ཏེ། ཤེས་རབ་ཀྱི་སྣང་བ་མེད་པའི་ཕྱིར་རོ། །ཞེས་དང་། ཡང་འཕགས་པ་དཀོན་མཆོག་སྤྲིན་གྱི་ལུང་དྲངས་ཏེ། འདིས་ནི་ཡོངས་སུ་རྟོག་པ་སྔོན་དུ་གཏོང་བ་ཉིད་མཚན་མ་མེད་པ་ལ་འཇུག་པར་བསྟན་ཏོ། །ཡིད་ལ་བྱེད་པ་ཡོངས་སུ་སྤོང་བ་ཙམ་དང་། ཤེས་རབ་ཀྱིས་དངོས་པོའི་ངོ་བོ་ཉིད་མི་དཔྱོད་པར་རྣམ་པར་མི་རྟོག་པ་ཉིད་དུ་འཇུག་པ་མི་སྲིད་པར་ཤིན་ཏུ་གསལ་བར་བསྟན་པ་ཡིན་ནོ། །ཞེས་དང་། སྒོམ་རིམ་ཐ་མ་ལས། ཡང་དག་པར་སོ་སོར་རྟོག་པ་མེད་པར་ནི་ཉམས་སུ་མྱོང་བའི་ཆོས་ཐམས་ཅད་མི་དྲན་པར་བྱ་བ་དང་། ཡིད་ལ་མི་བྱ་བར་བྱེད་མི་ནུས་སོ། །ཞེས་དང་། གལ་ཏེ་བདག་གིས་ཆོས་དག་དྲན་པར་མི་བྱའོ། །ཡིད་ལ་མི་བྱའོ་སྙམ་དུ་དེ་ལྟར་བསྒོམ་ཞིང་དེ་དག་ལ་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་བསྒོམ་པ་ནི་དེའི་ཚེ་དེས་དེ་དག་ཤིན་ཏུ་དྲན་པ་དང་། ཤིན་ཏུ་ཡིད་ལ་བྱས་པར་འགྱུར་རོ། །ཞེས་དང་། ཅི་སྟེ་དྲན་པ་དང་ཡིད་ལ་བྱེད་པ་མེད་པ་ཙམ་ལ་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་སྐད་དུ་བྱ་ན། ཞེས་དང་། བརྒྱལ་བ་ཡང་དྲན་པ་དང་ཡིད་ལ་བྱེད་པ་མེད་པས་རྣམ་པར་མི་རྟོག་པ་ཉིད་དུ་འཇུག་པར་འགྱུར་རོ། །ཞེས་དང་། ཡང་རྣལ་འབྱོར་པ་དེ་གལ་ཏེ་ཆོས་ཐམས་ཅད་ལ་དྲན་པ་ཉམས་པའམ། རྨོངས་པས་དྲན་པ་དང་ཡིད་ལ་བྱེད་པ་མི་འཇུག་ན་ནི་དེའི་ཚེ་ཤིན་ཏུ་རྨོངས་པ་ཡིན་པས་དེ་རྣལ་འབྱོར་པར་ཇི་ལྟར་འགྱུར། ཡང་དག་པར་སོ་སོར་རྟོག་པ་མེད་པར་དེ་ལ་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་གོམས་པར་བྱས་པས་གླེན་པ་ཉིད་གོམས་པར་བྱས་པ་ཡིན་ནོ། །དེའི་ཕྱིར་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་རྒྱང་རིང་དུ་བསྲིངས་པར་འགྱུར་རོ། །ཞེས་དང་། དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་གོམས་པར་བྱས་ན་ཇི་ལྟར་སྔོན་གྱི་གནས་རྗེས་སུ་དྲན་པ་ལ་སོགས་པ་དང་། སངས་རྒྱས་ཀྱི་ཆོས་ལ་སོགས་པར་འགྱུར་ཏེ། འགལ་བའི་ཕྱིར་དྲོ་བ་དང་འགལ་བ་གྲང་བ་བསྟེན་པའི་ཚེ་དྲོ་བ་རེག་པའི་ཚོར་བ་མི་འབྱུང་བ་བཞིན་ནོ། །ཞེས་དང་། དེ་ལྟ་བས་ན་དམ་པའི་ཆོས་ལ་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་འབྱུང་བ་དེ་ཡང་ཡང་དག་པར་སོ་སོར་རྟོག་པ་སྔོན་དུ་འགྲོ་བ་ཡིན་པར་ལྟ་བར་བྱ་སྟེ། གང་གི་ཕྱིར་ཡང་དག་པར་སོ་སོར་རྟོག་པ་ཉིད་ཀྱིས་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པར་བྱེད་ནུས་ཀྱི་གཞན་དུ་མ་ཡིན་ཏེ། ཞེས་སོགས་ཀྱི་ལུང་འདི་དག་གིས་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་ལ་ཙམ་ཁྱད་གཉིས་ཡོད་པ་ལས། ཧྭ་ཤང་ཁྱོད་ཀྱིས་བཤད་ཚུལ་དེ་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པ་ཁྱད་པར་ཅན་ལ་བྱ་ན། དེ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བསྒྲུབ་དགོས་པས་སོ་སོར་རྟོག་པའི་ཤེས་རབ་ཁས་མ་བླངས་ཐབས་མེད་ཡིན་པ་དང་། ཙམ་པོ་བ་ལ་བྱ་ན་དེ་དྲན་མེད་དུ་བརྒྱལ་བ་དང་འདྲ་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པའི་རྒྱུར་ཇི་ལྟར་འགྱུར་ཏེ་འབྲས་བུ་དང་ཆེས་མི་མཐུན་ཞིང་། ཤེས་རབ་ནང་ན་ཀུན་མཁྱེན་ལྟར། །གསུངས་པ་ལྟར་ཤེས་པ་རབ་ཀྱི་མཐར་ཐུག་ཀུན་མཁྱེན་གྱི་རྒྱུར་མི་འགྱུར་བ་ནི་དཔེར་ན་གྲང་བ་བསྟེན་ན་དྲོ་བ་རེག་པའི་ཚོར་བ་མི་འབྱུང་བ་ལྟ་བུ་ཡིན་ནོ། །ཞེས་ཧྭ་ཤང་གི་སྒོམ་དེའི་འཁྲུལ་གཞིའི་མདོ་ལུང་འགའ་དྲངས་ཏེ་ཧྭ་ཤང་རང་ཉིད་མདོ་དོན་ལ་གོ་ནོར་ཐེབས་འདུག་ཚུལ་དང་། ཀ་ཤཱི་རང་གིས་མདོ་དོན་འཆད་ཚུལ་དེ་རྒྱལ་བའི་དགོངས་པ་རྨ་མེད་པ་ཡིན་པར་ལུང་རིགས་ཀྱི་སྒྲུབ་བྱེད་མང་དུ་སྤྲོས་ཏེ་དགག་གཞག་ཞིབ་རྒྱས་སུ་མཛད་ཡོད་པ་འདི་དག་ཚིག་གི་གདོང་འདེད་ཙམ་མ་ཡིན་པར་སྔ་ཕྱིའི་གུང་ལེགས་པར་བསྒྲིགས་ཏེ་ཞིབ་ཏུ་བརྟགས་ན་གཟུར་གནས་རྣམ་དཔྱོད་དང་ལྡན་པ་ཞིག་ཡིན་ཚེ་རང་གཞན་གྱི་སྒོམ་གྱི་ཁྱད་པར་དང་། རིགས་པའི་གནད་མང་པོ་ཞིག་རིམ་གྱིས་གོ་ཡོང་རྒྱུ་འདུག་གོ །

ཡང་སྒོམ་རིམ་ཐ་མ་ལས། གང་ཞིག་སེམས་ཀྱི་རྣམ་པར་རྟོག་པས་བསྐྱེད་པའི་དགེ་བ་དང་མི་དགེ་བའི་ལས་ཀྱི་དབང་གིས་སེམས་ཅན་རྣམས་མཐོ་རིས་ལ་སོགས་པའི་འབྲས་བུ་མྱོང་ཞིང་འཁོར་བ་ན་འཁོར་རོ། །གང་དག་ཅི་ཡང་མི་སེམས་ཅི་ཡང་མི་བྱེད་པ་དེ་དག་ནི་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་ལྟ་བས་ན་ཅི་ཡང་མི་བསམ་མོ། །སྦྱིན་པ་ལ་སོགས་པ་དགེ་བ་སྤྱད་པར་མི་བྱའོ། །སྦྱིན་པ་ལ་སོགས་པ་སྤྱོད་པ་ནི་སྐྱེ་བོ་བླུན་པོའི་དབང་དུ་མཛད་ནས་བསྟན་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་ཤིང་དེ་སྐད་ཀྱང་སྨྲ་བ་དེས་ནི་ཐེག་པ་ཆེན་པོ་མཐའ་དག་སྤངས་པ་ཡིན་ནོ། །ཐེག་པ་ཐམས་ཅད་ཀྱི་རྩ་བ་ནི་ཐེག་པ་ཆེན་པོ་ཡིན་པས་དེ་སྤངས་ན་ཐེག་པ་ཐམས་ཅད་སྤངས་པར་འགྱུར་རོ། ། འདི་ལྟར་ཅི་ཡང་མི་བསམ་མོ་ཞེས་སྨྲ་བ་ནི་ཡང་དག་པར་སོ་སོར་རྟོག་པའི་མཚན་ཉིད་ཀྱི་ཤེས་རབ་སྤངས་པར་འགྱུར་རོ། །ཡང་དག་པའི་ཡེ་ཤེས་ཀྱི་རྩ་བ་ནི་ཡང་དག་པར་སོ་སོར་རྟོག་པ་ཡིན་པས་ན་དེ་སྤངས་ན་རྩ་བ་བཅད་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ཤེས་རབ་སྤངས་པར་འགྱུར་རོ། །སྦྱིན་པ་ལ་སོགས་པ་དགེ་བ་སྤྱད་པར་མི་བྱའོ་ཞེས་སྨྲས་པས་ཀྱང་སྦྱིན་པ་ལ་སོགས་པ་ཐབས་ཤིན་ཏུ་ཟུར་ཕྱིན་པར་སྤངས་པ་ཡིན་ནོ། །ཞེས་ཧྭ་ཤང་གིས་ཅི་ཡང་མི་བསམ་ཅི་ཡང་ཡིད་ལ་མི་བྱེད་ཅིར་ཡང་མི་རྟོག་པར་བཞག་པ་ཁོ་ན་འཚང་རྒྱ་བའི་ལམ་ཡིན་པར་བཤད་པ་འདིས་ཡང་དག་པའི་ཡེ་ཤེས་གང་ལས་འབྱུང་བའི་རྩ་བ་ཡང་དག་པར་སོ་སོར་རྟོག་པའི་ཤེས་རབ་སྤངས་པ་ཡིན་པས་ཤེས་རབ་ཀྱི་ཆ་ཐམས་ཅད་སྤངས་པ་ཡིན་ལ། སྦྱིན་པ་ལ་སོགས་པའི་དགེ་བ་སྤྱད་པར་མི་བྱ་བར་བཤད་པ་འདིས་ཐབས་ཀྱི་ཆ་ཐམས་ཅད་སྤངས་པ་ཡིན་པས་ཐེག་པ་ཆེན་པོའི་ཐབས་ཤེས་ཡོངས་རྫོགས་སྤངས་ཤིང་། དེའི་ཕྱིར་ཧྭ་ཤང་གི་བཤད་ཚུལ་དེ་ནི་ཐེག་པ་ཐམས་ཅད་སྤོང་བའི་ལོག་རྟོག་ཡིན་པར་ཀ་མ་ལ་ཤཱི་ལས་བསྒྲུབས་སོ། །ཡང་དེ་ཉིད་ལས། ཡང་དགེ་བ་ལ་སོགས་པའི་ལས་ཅི་ཡང་མི་བྱའོ་ཞེས་ཟེར་བ་དེ་ནི་དེ་སྐད་སྨྲ་བས་ལས་ཟད་ནས་གྲོལ་བར་འགྱུར་རོ་ཞེས་མུ་སྟེགས་ཅན་ཀུན་ཏུ་ཚོལ་བའི་སྨྲ་བ་ཁས་བླངས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱི་གསུང་རབ་ལ་ཉོན་མོངས་པ་ཟད་ནས་གྲོལ་བར་འགྱུར་གྱི། ལས་ཟད་ནས་གྲོལ་བར་འགྱུར་བ་མེད་དོ། །ཐོག་མ་མེད་པ་ནས་བསགས་པའི་ལས་ཟད་པར་བྱ་མི་ནུས་ཏེ། དེ་ནི་མཐའ་ཡས་པའི་ཕྱིར་རོ། །ངན་སོང་ལ་སོགས་པ་ཡང་དེའི་འབྲས་བུ་ལ་སྤྱོད་པའི་ཚེ་ལས་གཞན་དག་ཀྱང་འབྱུང་སྟེ། ཉོན་མོངས་པ་མེད་པར་མ་གྱུར་ཏེ་དེ་རྒྱུར་གནས་ན་ལས་དགག་པར་མི་ནུས་པའི་ཕྱིར། མར་མེ་མ་འགགས་ན་དེའི་འོད་མི་འགག་པ་བཞིན་ནོ། །ལྷག་མཐོང་ལ་སྐུར་བ་འདེབས་པ་དེའི་ཉོན་མོངས་པ་ཟད་པར་འགྱུར་མི་སྲིད་དོ་ཞེས་སྔར་བཤད་པ་ཡིན་ནོ། །ཅི་སྟེ་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར་ལྷག་མཐོང་ལ་བརྟེན་པར་བྱའོ་སྙམ་དུ་སེམས་ན་ནི་དེའི་ཚེ་ཉོན་མོངས་པ་ཟད་པ་ཉིད་ཀྱིས་གྲོལ་བར་འགྲུབ་སྟེ། ལས་ཟད་པར་བྱ་བའི་ཚིག་དོན་མེད་པར་འགྱུར་རོ། །མི་དགེ་བའི་ལས་མི་བྱའོ་ཞེས་ཟེར་བ་དེ་ནི་རིགས་ན། དགེ་བ་ཅི་སྟེ་དགག གལ་ཏེ་འཁོར་བར་བྱེད་པས་དགག་པ་སྐད་དུ་བྱས་ན་ཡང་དེ་ནི་མི་རུང་སྟེ། བདག་ལ་སོགས་པར་ཕྱིན་ཅི་ལོག་གིས་ཀུན་ནས་བསླངས་པའི་དགེ་བའི་ལས་གང་ཡིན་པ་དེ་ཉིད་འཁོར་བར་བྱེད་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡང་འཁོར་བར་བྱེད་པ་མ་ཡིན་ནོ། །ཞེས་དང་། དགེ་བ་སྤྱོད་པ་བཀག་པས་ནི་སོ་སོ་ཐར་བའི་སྡོམ་པ་ལ་སོགས་པ་ཡང་བཀག་པར་འགྱུར་ཏེ། དེའི་ཕྱིར་དེའི་མགོ་བོ་དང་ཁ་སྤུ་བྲེགས་པ་དང་ཆོས་གོས་ངུར་སྨྲིག་བཅང་བ་ལ་སོགས་པ་ཡང་དོན་མེད་པར་འགྱུར་རོ། །ཞེས་སོགས་ཀྱིས་ཧྭ་ཤང་ཁྱོད་ཀྱིས་དེ་སྐད་སྨྲས་ན་ཉོན་མོངས་ཟད་ནས་གྲོལ་བར་འགྱུར་དགོས་པར་འདོད་པའི་ནང་བ་སངས་རྒྱས་པའི་ལུགས་དེ་དོར་ནས་ལུས་ཀྱི་དཀའ་ཐུབ་ཀྱི་གདུངས་པ་སོགས་ཀྱིས་ལས་ཟད་ནས་གྲོལ་བར་འགྱུར་བར་འདོད་པའི་མུ་སྟེགས་ཅན་ནམ་མཁའི་གོས་ཅན་པ་ཁ་ཅིག་གི་ལུགས་དེ་དོན་གྱིས་ཁས་བླངས་པར་སོང་བ་དང་། ལྷག་མཐོང་སྟེ་ཡང་དག་པར་སོ་སོར་རྟོག་པའི་ཤེས་རབ་ལ་སྐུར་བ་འདེབས་མཁན་ཁྱོད་ཀྱི་ལུགས་ལ་ཉོན་མོངས་ཟད་པར་འགྱུར་བའི་ཐབས་མེད་པ་དང་། དགེ་བའི་ལས་ལ་འཁོར་བའི་རྒྱུ་ཡིན་མིན་གྱི་ཆ་གཉིས་ཡོད་པའང་ཁྱོད་ཀྱིས་མ་ཤེས་པར་འདུག་པས་རྒྱལ་བའི་གསུང་རབ་ཀྱི་དགོངས་པ་འབྱེད་པ་ལ་ཤིན་ཏུ་མི་མཁས་པ་ཡིན་པར་ཡང་བསྟན་ཏོ། །ཡང་ཧྭ་ཤང་གི་འཁྲུལ་གཞིའི་མདོ་གཅིག་ནི། ཚངས་པས་ཞུས་པ་ལས། སྤྱོད་པ་ཇི་སྙེད་པ་དེ་དག་ཐམས་ཅད་ནི་ཡོངས་སུ་རྟོག་པའོ། །ཡོངས་སུ་མི་རྟོག་པ་ནི་བྱང་ཆུབ་བོ་ཞེས་སོགས་ཀྱི་མདོ་འདི་ཡིན་ལ། འདིས་ནི་སྦྱིན་པ་ལ་སོགས་པ་ཐམས་ཅད་དོན་དམ་པར་མ་སྐྱེས་པར་བསྟན་གྱི། སྤྱོད་པར་མི་བྱ་བར་བསྟན་པ་མ་ཡིན་པ་ཚངས་པས་ཞུས་པའི་མདོ་དེ་ཉིད་ཁུངས་སུ་དྲངས་ཏེ་བསྒྲུབས་ཤིང་། ཧྭ་ཤང་ཁྱོད་ཀྱིས་བཤད་ཚུལ་ལྟར་ཡིན་ན་ཚངས་པས་ཞུས་པའི་མདོ་རང་དང་ཤིན་ཏུ་འགལ་འདུག་པར་སྒོམ་རིམ་ཐ་མ་ལས་ཞིབ་ཏུ་གསུངས་པ་ལྟར་རོ། །ཡང་སྒོམ་རིམ་ཐ་མ་ལས། དེ་ལྟ་བས་ན་བདག་ནི་ཤེས་རབ་ཆུང་ངུ་། བརྩོན་འགྲུས་ཆུང་ངུ་སྟེ། མང་དུ་ཐོས་པ་ཡོངས་སུ་ཚོལ་མི་ནུས་སོ་ཞེས་དེ་སྐད་བྱ་བའི་རིགས་ཀྱི། བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པ་བསྔགས་པའི་ཕྱིར་དུས་ཐམས་ཅད་དུ་ཡང་དེ་སྤང་བར་ནི་མི་རིགས་སོ། །ཞེས་དང་། དེ་ལ་བདག་ཉིད་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ལ་བརྩོན་འགྲུས་རྩོམ་མི་ནུས་སུ་ཟིན་ཀྱང་། གཞན་དག་ལ་དེ་སྐད་དུ་བསྟན་པ་ནི་མི་རིགས་སོ། །དེ་ལྟར་བྱས་ན་བདག་དང་གཞན་ལ་འཁུ་བ་བྱས་པར་འགྱུར་རོ། །ཞེས་བསྟན་པའི་རྗེས་འབྲང་ཞིག་ཡིན་ཕྱིན་རང་ཉིད་ཤེས་བརྩོན་ཞན་པའི་རྒྱུ་མཚན་གྱིས་ཐོས་པ་རྒྱ་ཆེར་ཚོལ་མི་ནུས་ཚུལ་གཡོ་སྒྱུ་དང་བྲལ་བའི་སྒོ་ནས་གཞན་ལ་དྲང་པོར་སྨྲ་བ་ལས་རང་གི་བློ་སྐྱོན་གསུང་རབ་ལ་བསྒོས་ཏེ་གསུང་རབ་ཀྱི་དགོངས་པ་ཕྱིན་ཅི་ལོག་ཏུ་བཀྲལ་ན་རང་གཞན་བསྟན་པ་དང་བཅས་པ་ལ་གནོད་པ་བྱས་པ་ཡིན་པར་བརྗོད་དེ་ཧྭ་ཤང་རྗེས་འབྲང་དང་བཅས་པ་ལ་རྗེས་བརྩེས་གདམས་ངག་འདི་ལྟར་གནང་འདུག་པའི་དོན་ལ་རང་ཅག་རྣམས་ཀྱིས་ཡང་ཡང་བསམ་པར་རིགས་སོ། །

མཁས་གྲུབ་ཆེན་པོ་ལྕང་སྐྱ་རོལ་བའི་རྡོ་རྗེས་བོད་དུ་བྱུང་བའི་ཧྭ་ཤང་མ་ཧཱ་ཡ་ནའི་ལྟ་བ་འཛིན་མཁན་དེང་སང་རྒྱ་ཡུལ་དུ་གཅིག་ཀྱང་མི་འདུག་ཅེས་གསུངས་པ་ལ་བརྟགས་ན་རང་ཡུལ་དུ་སྤེལ་མ་ནུས་པའམ་སྤེལ་དུ་མ་བཅུག་པའམ་ཡང་ན་ཕྱོགས་དེའི་བསྟན་པ་འཛིན་མཁན་དག་གིས་ལྟ་སྒོམ་དེ་ལ་རྩིས་མཐོང་མ་བྱས་པ་གང་རུང་ཞིག་ཡིན་པ་གོར་མ་ཆག་གོ །སྒོམ་རིམ་དང་པོ་དང་བར་བའི་དབུར། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པས་སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས་དང་། ཐབས་སམ་སྒྲུབ་པ་སྟེ་གནས་འདི་གསུམ་ལ་འབད་དགོས་པར་གསུངས་པ་དང་། སྒོམ་རིམ་ཐ་མའི་མཇུག་ཏུ། དེ་ལྟ་བས་ན་སངས་རྒྱས་ཐོབ་པར་འདོད་པས་དབུ་མའི་ལམ་ལ་མངོན་པར་བརྩོན་པར་བྱའོ། །ཞེས་དབུ་མའི་ལམ་སྟེ་ཐབས་ཤེས་ཟུང་འབྲེལ་གྱི་ལམ་མམ་རྒྱུ་ཚོགས་ཆ་ཚང་ལ་མ་ནོར་བའི་ལམ་ལ་འབད་པར་བྱ་དགོས་པ་ལས། ཧྭ་ཤང་ལྟར་རམ་ཡང་ན་བསམ་གཏན་རྣམ་དག་ཡིན་དུ་ཆུག་ཀྱང་དེ་ཙམ་ཞིག་ཉམས་ལེན་གྱི་མཐིལ་དུ་བཟུང་སྟེ་འབད་ལོ་བྱས་ཀྱང་རྒྱུ་ཁ་ཡར་དུ་སོང་བས་འབྲས་བུ་མི་འགྲུབ་པར་བསྟན་ཏེ། འདི་དག་ནི་ཧྭ་ཤང་ལ་གནོད་བརྗོད་ཀྱི་རིགས་པའི་རྩ་བ་དང་སྒོམ་རིམ་གསུམ་གྱི་བརྗོད་བྱའི་སྡོམ་ཚིག་ལྟ་བུ་ཡིན་པ་བློ་ལྡན་རྣམས་ཀྱིས་ཤེས་པར་མཛོད་ཅིག །

༤གྲུབ་དོན་ནཱ་ལེནྡྲའི་མཁས་པས་བཤད་ཚུལ་དེ་རྒྱལ་བའི་དགོངས་པ་རྨ་མེད་དུ་བསྟན་པ།

དེ་ལྟར་མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལས། སྒོམ་རིམ་གསུམ་གར་ཧྭ་ཤང་གི་སྒོམ་དང་དེ་དང་འབྲེལ་བའི་ལོག་རྟོག་མང་པོ་ཞིག་ལུང་རིགས་ཀྱིས་ཞིབ་རྒྱས་སུ་བཀག་འདུག་པ་དེ་ཉིད། མདོ་རྒྱུད་བསྟན་བཅོས་མཐའ་དག་གི་དགོངས་དོན་ལག་མཐིལ་དུ་བཀྲམ་པ་ལྟ་བུའི་ཤིང་རྟ་ཆེན་པོའི་རིགས་ལམ་ཡ་མཚན་དུ་ངེས་པ་རྙེད་ནས་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོས་ཀྱང་སྒོམ་རིམ་ལས་གསུངས་ཚུལ་དེ་ཉིད་གཙོར་བཟུང་། རྒྱལ་བའི་བཀའ་དང་ཤིང་རྟ་ཆེན་པོ་གཞན་གྱི་རིགས་པ་ཡང་མང་དུ་དྲངས་ནས་རང་གི་དམ་བཅའ་ཙམ་མ་ཡིན་པར་ཁ་གསལ་ཞིང་གོ་སླ་བའི་ལུང་རིགས་ཉི་མ་ཤར་བ་ལྟ་བུས་དགག་སྒྲུབ་ཡང་ཡང་བགྱིས་ཡོད་པའི་ཚུལ་དེ་ནི་རྟོག་ལྡན་ཐོས་རྒྱ་ཆེ་བ་རྣམས་ལ་བཤད་མི་དགོས་པར་འདུག་ན་ཡང་། ངན་རྟོག་བདེན་པར་འཁྲུལ་བའི་བག་ཆགས་མཐུག་པ་རྣམས་ལ་རྗེ་བླ་མས་རང་རྩོམ་སྔ་ཕྱི་ཀུན་ཏུ་བླང་དོར་ལྡོག་འཇུག་གི་རྣམ་དབྱེ་དང་གཅིག་ཏུ་བསླུ་བ་མེད་པའི་ལམ་སྟོན་གསལ་བར་མཛད་ཡོད་པ་ལས་གཙོ་ཆེ་བའི་སྐོར་འགའ་ཞིག་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་མདོར་བསྡུས་ཏེ་བརྗོད་ན། ལམ་རིམ་ཆེན་མོར། ཧྭ་ཤང་གིས་གསེར་སྒྲོག་ཐག་སྒྲོག་གིས་བཅིངས་པ་ཁྱད་མེད་པ་དང་། སྤྲིན་དཀར་ནག་གཉིས་ཀས་ནམ་མཁར་བསྒྲིབས་པ་དང་། ཁྱི་དཀར་ནག་གང་གིས་ཕུག་ཀྱང་སྡུག་བསྔལ་བསྐྱེད་པ་དང་འདྲ་བར་བཟང་རྟོག་ངན་རྟོག་གང་ཡིན་ཀྱང་འཁོར་བར་འཆིང་བྱེད་ཡིན་པས་ཅིར་ཡང་མི་རྟོག་པར་བཞག་པ་སྟེ་ཅི་ཡང་ཡིད་ལ་མི་བྱེད་པའི་སྒོམ་ཁོ་ན་འཚང་རྒྱ་བའི་ལམ་ཡིན་པ་དང་། སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་སྲུང་བ་སོགས་ནི་སྟོང་ཉིད་སྒོམ་མི་ནུས་པའི་སྐྱེ་བོ་བླུན་པོའི་དོན་དུ་གསུངས་པ་དང་། ལྟ་བ་རྙེད་ནས་སྦྱིན་སོགས་ལ་འཇུག་པ་ནི་རྒྱལ་བོ་དམངས་ཀྱི་སར་བབས་པའམ། གླང་བོ་རྙེད་ནས་གླང་རྗེས་འཚོལ་བ་དང་འདྲ་བར་སྨྲས་ཏེ་རང་གི་དམ་བཅའ་རྣམས་མདོ་ལུང་བརྒྱད་ཅུ་དྲངས་ནས་བསྒྲུབས་ཞེས་ཕྱོགས་སྔའི་འདོད་པ་འདི་ལྟར་དུ་བཀོད་ནས། དེ་འདྲའི་སྒོམ་དེ་ནི་ཞི་གནས་ཀྱི་ཕྱོགས་ཙམ་དུ་བསྡུར་རུང་བའི་སེམས་ཙོམ་འཇོག་ཅིག་ཡིན་པ་ལས་ཞི་གནས་དངོས་མ་ཡིན་པ་དང་། དེ་ལ་ལམ་གྱི་དམ་པར་བཟུང་བ་ནི་ལོག་ལྟ་རྣམས་ཀྱི་ཐ་ཆད་ཡིན་པ་དང་། ལམ་དེ་ནི་སྟོང་ཉིད་སྒོམ་པའི་ཕྱོགས་ཙམ་དུའང་མི་འགྲོ་བ་དང་། ཐེག་ཆེན་པ་རྣམས་ཀྱིས་བསྒྲུབ་པར་བྱ་བའམ་དོན་དུ་གཉེར་བར་བྱ་བ་ནི་མི་གནས་པའི་མྱང་འདས་ཡིན་པས་དེའི་ཕྱོགས་གཅིག་འཁོར་བ་ལ་མི་གནས་པ་ནི། དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་དང་དོན་དམ་པ་ལ་བརྟེན་པའི་ལམ་གྱི་རིམ་པ་དང་ཟབ་མོའི་ལམ་དང་ཡེ་ཤེས་ཀྱི་ཚོགས་དང་ཤེས་རབ་ཀྱི་ཆ་ཞེས་པ་རྣམས་ཀྱིས་སྒྲུབ་དགོས་པ་དང་། ཕྱོགས་གཞན་ཞི་བ་མྱང་འདས་ལ་མི་གནས་པ་ནི། ཇི་སྙེད་པ་རིག་པའི་ཤེས་རབ་དང་ཀུན་རྫོབ་བདེན་པ་ལ་བརྟེན་པའི་ལམ་གྱི་རིམ་པ་དང་། རྒྱ་ཆེ་བའི་ལམ་དང་བསོད་ནམས་ཀྱི་ཚོགས་དང་ཐབས་ཀྱི་ཆ་ཞེས་པ་རྣམས་ཀྱིས་སྒྲུབ་དགོས་པས་ཐབས་ཤེས་ཡ་བྲལ་མི་རུང་བ་དང་། ངེས་དོན་གྱི་ལྟ་བ་རྙེད་ནས་བཟུང་ལྟ་བ་དེ་ཁོ་ན་སྒོམ་པ་ལས་སྤྱོད་པ་ལ་འབད་མི་དགོས་སོ་ཞེས་སྨྲ་བ་དེ་ནི་མདོ་རྒྱུད་གསུང་རབ་མཐའ་དག་དང་འགལ་ཞིང་རིགས་པའི་ལམ་ལས་འདས་པའི་བཤད་ཚུལ་ཡིན་པ་དང་། དེ་སྐད་སྨྲ་བ་དེས་ནི་སྒོམ་རིམ་ལས་གསུངས་པ་ལྟར་ཐེག་པ་ཆེན་པོའི་ཐབས་ཤེས་ཀྱི་ལམ་ཆ་ཚང་བཀག་འདུག་པ་དང་། ཚུལ་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀ་མ་ལ་ཤཱི་ལས་ལེགས་པར་བཀག་ནས་རྒྱལ་བ་དགྱེས་པའི་ལམ་བཟང་པོ་སྤྲིན་གསེབ་ལས་ཐོན་པའི་ཉི་མ་ལྟར་གསལ་བར་མཛད་ཡོད་ན་ཡང་མཁས་པ་པཎྜི་ཏའི་རྗེས་སུ་མི་འབྲང་བར་རང་གི་ནོར་བུ་རིན་པོ་ཆེ་དོར་ནས་གཞན་གྱི་མཆིང་བུ་ལེན་མཁན། བསྲུང་སྡོམ་ལ་སོགས་པའི་སྤྱོད་ཕྱོགས་རྣམས་ཁྱད་དུ་བསད་ནས་ལམ་སྒོམ་པའི་ཚེ་དེ་དག་འདོར་བ་ལ་སོགས་པ་ཧྭ་ཤང་ཇི་ལྟ་བ་བཞིན་བྱེད་པའི་ཚན་གཅིག་དང་། ཐབས་ཀྱི་ཆ་ལ་སྐུར་བ་དེ་མི་ལེགས་པ་མ་གཏོགས་ལྟ་བའི་གོ་ལུགས་ཧྭ་ཤང་གི་དེ་ལེགས་པར་འདོད་པའི་ཚན་གཅིག་དང་། སོ་སོར་རྟོག་པའི་ཤེས་རབ་དོར་ནས་ཅི་ཡང་མི་སེམས་པའི་ཧྭ་ཤང་གི་སྒོམ་དེ་ལེགས་པར་འདོད་པའི་ཚན་གཅིག་སྟེ་གོ་ལུགས་ཕྱིན་ཅི་ལོག་གིས་འགྲེལ་ཚུལ་ལ་ཕུགས་བཅོལ་བའི་འདོད་ཚུལ་མི་འདྲ་བ་གསུམ་ད་དུང་ཡང་བོད་རང་ན་མ་ཉམས་པར་འདུག་པ་ནི། བསྟན་པ་ནུབ་པ་ལ་ཉེ་བར་སླེབ་པ་དང། ལམ་གྱི་གནད་ཡོངས་སུ་རྫོགས་པ་ངེས་དོན་གྱི་ལུང་དང་དྲི་མ་མེད་པའི་རིགས་པ་ལ་བརྟེན་ནས་སྒྲོ་འདོགས་ཆོད་པར་ངེས་པའི་དམ་པ་མཁས་པ་རྣམས་ཟད་པ་དང་། སེམས་ཅན་བསོད་ནམས་ཤིན་ཏུ་དམན་ཞིང་ཆོས་ལ་དད་པ་ཅུང་ཟད་ཡོད་ཀྱང་ཤེས་རབ་ཀྱི་སྟོབས་ཤིན་ཏུ་ཆུང་བ་མངས་པའི་རྒྱུ་མཚན་ཁོ་ན་ཡིན་པར་གསལ་བར་གསུངས་པ་ལྟར་དང་། སྔགས་རིམ་ཆེན་མོ་ལས་ཀྱང་། ཞི་གནས་ཀྱི་ཕྱོགས་ཤས་ཆེ་ནས་ཞི་ལྷག་ཆ་མ་སྙོམས་པ་ལ་མི་རྟོག་པའི་སྒོམ་ཀློང་དུ་གྱུར་པར་མི་གཟུང་ཞིང་། རིགས་པའི་དགག་བྱའི་ཚད་མ་ཟིན་པར་འདིའོ་སྙམ་དུ་གང་བཟུང་ཐམས་ཅད་བདེན་འཛིན་ཡིན་པས་དབུ་མའི་གཞུང་ནས་ཀྱང་དེ་དག་ཐམས་ཅད་བཀག་འདུག་གོ་སྙམ་དུ་བསམས་ནས། སོ་སོར་རྟོག་པའི་དཔྱད་སྒོམ་ཐམས་ཅད་འཚང་རྒྱ་བའི་གེགས་སུ་འཛིན་པ་རྒྱ་ནག་གི་མཁན་པོའི་ལུགས་ཀྱང་མི་གཟུང་ངོ་། །ཞེས་མཁན་ཆེན་ཞི་བ་འཚོའི་དངོས་སློབ་མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལས་དབུ་མའི་སྒོམ་རིམ་གསུམ་དུ་ཧྭ་ཤང་གི་འདོད་པ་ཕྲ་ཞིབ་ཏུ་འགོག་ཚུལ་འདི་རྣམས་རྒྱལ་བའི་བཀའ་དང་རྒྱལ་ཚབ་ཀྱི་གཞུང་། ཐོགས་མེད་ཀྱི་བསྟན་བཅོས་རྣམས་དང་ལེགས་པར་གུང་འགྲིག་ཅིང་དེ་དག་གི་དགོངས་པ་རྨ་མེད་པ་ཡིན་པ་མཐའ་ཆོད་པར་རྟོགས་ནས་རྗེ་བླ་མས་ཀྱང་མདོ་སྔགས་ཀྱི་ལམ་རིམ་ཀུན་ཏུ་གོང་དུ་གསལ་བ་ལྟར་ཧྭ་ཤང་གི་ཞེ་འདོད་ངོ་མ་དེ་བཀོད་ནས་ལུང་རིགས་མང་པོས་ཚར་བཅད་འདུག་པའི་ཚུལ་ནི། བློ་གྲོས་ཀྱི་མིག་ཟུང་མ་ཟུམ་པའི་རྣམ་དཔྱོད་ཅན་དག་གི་སེམས་ཁོང་ན་ནམ་ལངས་པ་ལ་ཉི་མ་ཤར་བ་ལྟ་བུ་ཡིན་ན་ཡང་། སྤྱིར་ཞིབ་འཇུག་བྱེད་པ་ལ་ལག་ཆ་གཉིས་དགོས་པ་ལས་ཕྱིའི་དཔེ་ཆ་འཛོམས་ཀྱང་ནང་གི་རྣམ་དཔྱོད་མ་འཛོམས་པའི་ད་ལྟའི་ཞིབ་འཇུག་པར་རློམ་པ་འགའ་ཞིག་གིས་ཏུན་ཧོང་གི་ཡིག་ཆ་འགའ་ལག་ཏུ་སོན་པ་དང་། རང་ཉིད་རྣམ་དཔྱོད་དམན་པའི་ཉེར་ལེན་ལས་ལོ་རྒྱུས་ཀྱི་ཕྱི་ཤུན་ཙམ་ཞིག་ལས་ནང་སྙིང་ལ་རྒྱུས་ལོན་བྱེད་མི་ཐུབ་པའི་ལྷ་དགའ་བའི་བློ་གྲོས་ཅན་རྣམས་ཡོངས་གྲགས་དང་མི་མཐུན་པའི་བཤད་ཚུལ་གསར་པ་འདྲ་ཡོད་ཚེ་དེ་མ་ཐག་བྱིས་པས་རྩེད་ཆས་ངོམ་པ་ལྟར་རྒྱན་དུ་ངོམ་པ་ལ་ཡིད་ཤིན་ཏུ་རངས་པ་སྐོར་ཞིག་གི་གཡམ་ལ་རྒྱུགས་ཏེ། རྗེ་ཙོང་ཁ་པ་དང་བོད་ཀྱི་མཁས་པ་བུ་སྟོན་སོགས་ཀྱིས་ཧྭ་ཤང་གི་གཞུང་ངོ་མ་མ་མཐོང་། འདོད་པ་ངོ་མ་མ་ཤེས་པར་བཀག་འདུག་ཅེས་ཆང་གིས་མྱོས་པའི་ལབ་བརྡོལ་གང་དྲན་དུ་འབྱིན་པ་ལྟར་སྨྲ་བཞིན་འདུག་པ་ལ་ལན་གཞན་གྱི་ངལ་བ་མི་དགོས་ཏེ། ཧྭ་ཤང་གི་འདོད་པ་ངོ་མ་དེ་ཧྭ་ཤང་ཁོང་དང་གདོང་གཏུགས་ཏེ་ཐོག་མར་འབེན་དུ་འཛུགས་མཁན་ནི་སློབ་དཔོན་ཀ་མ་ལ་ཤཱི་ལ་ཡིན་གྱི་རྗེ་བླ་མ་སོགས་མ་ཡིན་པའི་ཕྱིར་དང་། ཀ་ཤཱས་འབེན་བཙུགས་པ་ནོར་འདུག་ན་ནི་རྗེ་བླ་མ་སོགས་ཀྱང་ནོར་བའི་རྗེས་སུ་ནོར་བ་འབྲང་བ་ཡིན་པར་རིགས་པ་སྨྲ་བ་རྣམས་ཀྱིས་ཁས་མི་ལེན་ཀ་མེད་ཡིན་ལ། དཔལ་ན་ལེནྡྲའི་པཎྜི་ཏ་ཆེན་པོ་ཀ་མ་ལ་ཤཱི་ལས་ཧྭ་ཤང་གི་ཞེ་འདོད་ངོ་མ་མ་ཁོགས་བཞིན་དུའང་ཧྭ་ཤང་ཚར་བཅད་དེ་ཡུལ་ཕུད་བཏང་བར་སྨྲས་ན་ནི། ཧྭ་ཤང་རང་ཉིད་རིགས་པ་མི་ཤེས་ཤིང་རང་གི་ཞེ་འདོད་རང་གིས་བརྗོད་མི་ཤེས་པའི་སྒོམ་ཆེན་པ་ཞིག་ཡིན་པར་ཡང་དོན་གྱིས་ཁས་བླངས་སོང་ལ། ཡང་ལུང་རིགས་ཀྱི་གནོད་བྱེད་ཅི་བྱུང་ཡང་རང་ལྟ་མཆོག་འཛིན་གྱི་འཁོན་སེམས་གཏོང་མ་འདོད་པར་ནོར་ངོ་མ་ནི་ཀ་ཤཱི་རང་ཉིད་ཚེས་གཅིག་ནས་ནོར་འདུག་གོ་ཅེས་སྨྲ་ན་ནི། གཞུང་ཆེན་མོ་ལ་ཞིབ་འཇུག་ཚུལ་བཞིན་མ་བགྱིས་པ་ཕྱོགས་ལྷུང་གི་དུག་ཆུས་ཡིད་རབ་ཏུ་མྱོས་པའི་སྒྲོ་སྐུར་གྱི་གཏམ་མཁས་པ་དག་གི་བཞད་གད་ཀྱི་གནས་འབའ་ཞིག་ཡིན་ནོ། །དེ་ལྟར་ཡང་སྒོམ་རིམ་ཐ་མ་ལས། དེ་ལྟ་བས་ན་ཐེག་པ་ཆེན་པོ་སྤོང་བ། ཐོས་པ་ཉུང་བ། བདག་གི་ལྟ་བ་མཆོག་ཏུ་འཛིན་པ། སྐྱེ་བོ་མཁས་པ་ལ་བསྙེན་བཀུར་མ་བྱས་པ། དེ་བཞིན་གཤེགས་པའི་གསུང་རབ་ཀྱི་ཚུལ་མ་རྟོགས་པ། བདག་ཕུང་བར་བྱས་ནས་གཞན་ཡང་ཕུང་བར་བྱེད་པ། རིགས་པ་དང་ལུང་དང་འགལ་བའི་དུག་གིས་བཏབ་པའི་ཚིག་ནི་མཁས་པ་བདག་ལེགས་སུ་འདོད་པས་ཟས་དུག་ཅན་བཞིན་དུ་རྒྱང་རིང་དུ་ཡོངས་སུ་སྤང་བར་བྱའོ། །ཞེས་གསུངས་པ་ལྟར་རང་ཉིད་ལ་གཅེས་ཤིང་བསྟན་པ་ལ་མོས་ཤིང་གཅེས་པའི་སྐྱེ་བོ་བློ་མིག་གསལ་བ་རྣམས་ཀྱིས་ནི་ལོང་བས་གླང་མཇུག་གི་དཔེ་ལྟར་དམ་པ་མཁས་པའི་རྗེས་སུ་འབྲངས་ནས་ལེགས་ཉེས་ཀྱི་རྣམ་དབྱེ་ཇི་བཞིན་དུ་ངོས་ཟིན་པར་བྱས་ན་ནི་རྣམ་རྟོག་རྨོངས་པའི་མུན་པ་རྣམས་རིམ་གྱིས་འགགས་ཏེ་རྣམ་འབྱེད་ཡེ་ཤེས་ཀྱི་ཉི་མ་སེམས་ཁོང་ནས་འཆར་བ་གདོན་མི་ཟ་བ་ཡིན་པས་རང་ཉིད་ཀྱི་སྐྱེ་བ་གཏན་གྱི་གྲོས་གང་ཡིན་པ་དེ་ངོ་ཤེས་པར་བྱས་ན་ཤིན་ཏུ་ལེགས་སོ། །

གསལ་འདེབས།     
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།     

       རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
      རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།