ནང་བསྟན་མི་ཆོས་རིག་པ་སྤྱིར་གླེང་བ།

ཡོང་ཁུངས།   བསམ་བློའི་ཤེས་རིག     སྤེལ་དུས།  2015-12-08 15:20:46     རྩོམ་པ་པོ།   བྱ་མདོ་རབ་རྒྱས།    ཀློག་ཐེངས།  

 སྤྱིར་བཏང་མི་ཆོས་ཞེས་པའི་ཐ་སྙད་འདི་དང་དབྱིན་སྐད་ཁྲོད་ཀྱིethic,རྒྱ་ནག་སྐད་ཀྱིརྭོཚྱརྣམས་འདྲ་མཚུངས་དང་། ཀུན་སྤྱོད་ཅེས་པའི་ཐ་སྙད་དང་དབྱིན་སྐད་ཁྲོད་ཀྱི་ཐ་སྙདmoral,རྒྱ་ནག་སྐད་ཀྱིཝུཝོརྣམས་འདྲ་མཚུངས་སུ་བེད་སྤྱོད་བྱེད་བཞིན་ཡོད་ནའང་ང་ཚོས་སྐབས་མང་བོར་མི་ཆོས་དང་ཀུན་སྤྱོད་གཉིས་ལ་ཁྱད་པར་གསལ་བོ་ཞིག་འབྱེད་ཀྱིན་མེད། ཡིན་ནའང་མི་ཆོས་དང་ཀུན་སྤྱོད་གཉིས་ལ་ཁྱད་པར་ཡོད་པར་མ་ཟད་ཞིབ་ཏུ་བརྟགས་ན་དེ་གཉིས་ཀྱི་ཐ་སྙད་སྤྱོད་ཚུལ་ལའང་ཁྱད་པར་ཡོད་དེ་དཔེར་ན་སྐྱེས་བུ་ཀུན་སྤྱོད་ཅན་ཅེས་བརྗོད་པ་ལས་སྐྱེས་བུ་མི་ཆོས་ཅན་ཞེས་མི་ཟེར་ལ། འཇིག་རྟེན་མི་ཆོས་ཞེས་བརྗོད་པ་ལས་འཇིག་རྟེན་ཀུན་སྤྱོད་ཅེས་མི་ཟེར་བ་བཞིན་ནོ། །བོད་རྒྱ་ཚིག་མཛོད་ཆེན་མོར་མི་ཆོས་ཀྱི་དོན་ལ"༡འཇིག་རྟེན་པའི་བསླབ་བྱ་ཞེས་དང་། ༢འཇིག་རྟེན་གྱི་བྱ་བ"ཞེས་བཀོད་ཡོད་ལ། མི་ཆོས་པ་ཞེས་པའི་དོན་ལའང"འཇིག་རྟེན་པ་སྟེ་འཇིག་རྟེན་གྱི་བྱ་བ་བྱེད་མཁན"ཞེས་བཀོད་ཡོད། དེར་མ་ཟད་མི་ཆོས་གཙང་མ་བཅུ་དྲུག་གི་དོན་བཤད་སྐབས"སྔར་བོད་རྒྱལ་སྲོང་བཙན་སྒམ་པོས་  གཏན་འབེབས་བྱས་པའི་ཁྲིམས་སྲོལ་དོན་ཚན་བཅུ་དྲུག"ཅེས་མི་ཆོས་ཀྱི་དོན་ཁྲིམས་སྲོལ་ལ་འང་བཤད་ཡོད། ཀུན་སྤྱོད་ཀྱི་དོན་ལའང་ཚིག་མཛོད་དེར"ཀུན་ཏུ་སྤྱོད་པ་སྟེ་བྱེད་སྤྱོད"ཅེས་བཀོད་ཡོད། ཡིན་ནའང་ཚིག་མཛོད་དེར་མི་ཆོས་ཀྱི་དོན་འཇིག་རྟེན་པའི་བསླབ་བྱ་ཙམ་ལ་བཤད་པ་ནི་སྤྱིས་མིང་གིས་བྱེ་བྲག་གོ་བའམ་ཡང་ན་སྒྲ་དོག་འཇུག་གི་དབང་དུ་བྱས་པ་སྟེ་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཞེས་པའི་དམ་པའི་ལྷ་ཆོས་ཀྱི་ཁ་གཏད་ཀྱི་འཇིག་རྟེན་མི་ཆོས་ཙམ་ལ་དགོངས་པས་ཡིན་ཏེ། དེ་ལྟར་མིན་ན་ལྷ་ཆོས་དགེ་བ་བཅུའམ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཀྱང་སྐབས་འདིའི་འཇིག་རྟེན་པའི་བསླབ་བྱའམ་འཇིག་རྟེན་མི་ཆོས་མིན་ཡང་དེའི་ལུས་ངག་གི་ལས་རྣམ་པ་བདུན་ནི་ཆོས་པ་ལྟ་བུའི་ཀུན་སྤྱོད་ཀྱི་ཚད་གཞི་ཡིན་པས་མི་ཆོས་སུ་འཇོག་པ་ལ་དོགས་པ་མེད་དོ། །རྒྱ་ནག་གི་མཁས་པ་ཧི་ཧོད་ཧོང་གི《མི་ཆོས་རིག་པ་ནི་ཅི་ཞིག་ཡིན》ཞེས་པའི་དཔེ་ཆ་དེར་ཡང"མི་ཆོས་ནི་རིམ་པ་དམའ་བ་དང་རྒྱུད་གྱིས་མ་བསྡུས་པ། བཅའ་ཁྲིམས་དང་འདྲ་བ། འབངས་མིས་རྒྱུན་དུ་སྤྱོད་ཀྱིན་ཡོད་ནའང་ངོ་མ་འཕྲོད་པའི་དངོས་པོ་ཞིག་ ཡིན་ཆོག"ཅེས་མི་ཆོས་ནི་རྒྱུད་ཀྱིས་མ་བསྡུས་པའི་བཅའ་ཁྲིམས་ལྟ་བུ་ཞིག་ཡིན་པར་བཤད་ཡོད། དོན་ལ་མི་ཆོས་ནི་མི་སྒེར་དང་སྤྱི་ཚོགས་ཀྱི་ཀུན་སྤྱོད་ཀྱི་ཚད་གཞི་དང་འབྲེལ་འདྲིའི་ཁྲིམས་སྲོལ་ལྟ་བུ་རྣམས་ཡིན་ལ་དེ་ཉིད་སྤྱི་ཚོགས་སམ་མི་སྒེར་གྱིས་ལག་ལེན་དུ་བཏབ་ཚེ་དེ་དང་དེའི་ཀུན་སྤྱོད་དུ་གྱུར་པ་ཡིན་ནོ། །དེའི་ལྟ་བུའི་ཀུན་སྤྱོད་ཀྱི་ཚད་གཞི་དང་ཁྲིམས་སྲོལ་ལ་ལ་ནི་རྒྱལ་ཁྲིམས་ལ་བརྟེན་ནས་བྱུང་བ་དང་ལ་ལ་ནི་ཆོས་ལུགས་ལ་བརྟེན་ནས་བྱུང་ལ།ལ་ལ་ནི་ཡུན་རིང་གི་འཚོ་ཚིས་སྒྲུབ་པའི་ལག་ལེན་ཁྲོད་བྱུང་བའང་ཡོད་དོ། །དེར་མ་ཟད་མི་ཆོས་དང་བཅའ་ཁྲིམས་འདྲ་བར་བཤད་པ་ནི་གཉིས་ཀའང་སྤྱི་ཚོགས་ལ་ཁ་ལོ་སྒྱུར་བྱེད་ཡིན་པའི་ཆ་ནས་ཡིན་གྱི་རྣམ་པ་ཀུན་ཏུ་འདྲ་བ་ནི་མ་ཡིན་ཏེ། བཅའ་ཁྲིམས་ཀྱང་མི་ཆོས་སུ་འཇོག་མཁན་ཡོད་ནའང་མི་ཆོས་ལས་ཁྱབ་ཆུང་ལ་མི་ཆོས་ཁྲོད་ཀྱི་རིམ་པའང་དམའ་བ་ཡིན་ཏེ། དཔེར་ན་མ་བྱིན་ལེན་ཙག་ཙིག་ལྟ་བུ་ལ་བཅའ་ཁྲིམས་ཀྱིས་ཚད་བཀག་མེད་ཀྱང་མི་ཆོས་ཀྱིས་ཚད་བཀག་ཡོད་ལ་དེ་བཞིན་དུ་གཞན་དང་འགྲོགས་ལུགས་འཚོལ་དུས་གཞནདང་བསྟུན་དགོས་པ་མི་ཆོས་ཡིན་དགོས་ཀྱང་ རིམ་པ་མཐོ་བས་བཅའ་ཁྲིམས་སུ་གཞག་ཐབས་མེད་པ་ལྟ་བུའོ། །རྣམ་པ་གཅིག་ཏུ་ན་བཅའ་ཁྲིམས་ནི་མི་ཆོས་ལས་ ཁྱབ་ཆེ་བའང་ཡིན་ཏེ་བཅའ་ཁྲིམས་ཀྱིས་གང་ཐག་བཅད་པ་དེ་སྤྱི་འབངས་མཐའ་དག་གིས་ངེས་པར་དུ་སྲུང་དགོས་ནའང་སྲོག་གཅོད་སྤོང་བའི་མི་ཆོས་ལྟ་བུ་སྤྱི་འབངས་མཐའ་དག་གིས་ལག་ཏུ་བསྟར་དགོས་པའི་ངེས་པ་མེད་པ་ཡིན་ནོ། །མི་ཆོས་ཀྱི་དོན་ལ་འདི་ལྟར་གོ་བ་བླངས་ཚེ་གོང་གི《བོད་རྒྱ་ཚིག་མཛོད་ཆེན་མོའི》མི་ཆོས་དང་ཀུན་སྤྱོད་ཀྱི་དོན་གཉིས་ལའང་འབྲེལ་ཆགས་ཏེ་མི་ཆོས་ནི་རྒྱུད་ཀྱིས་མ་བསྡུས་པའི་བསླབ་བྱའམ་ཁྲིམས་སྲོལ་རང་ལྡོག་དང་། དེ་ཉིད་གང་ཟག་གང་ཡང་རུང་བའི་རྒྱུད་ལ་སྦྱར་བ་ན་སྐྱེས་བུ་དེའི་བྱེད་སྤྱོད་དེ་ཀུན་སྤྱོད་དུ་གྱུར་པ་ཡིན་ནོ། །དེ་ལྟར་ན་བོད་ཀྱི་ལོ་རྒྱུས་མང་བོར་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅས་པར་བཤད་པའི་མི་ཆོས་གཙང་མ་བཅུ་དྲུག་ ཀྱང་དོན་ལ་གང་གི་ཡང་རྒྱུད་ཀྱིས་མ་བསྡུས་པའི་ཀུན་སྤྱོད་ཀྱི་ཚད་གཞིའམ་ཁྲིམས་སྲོལ་བཅུ་དྲུག་ཡིན་ལ་དེ་ཉིད་བོད་མི་གང་རུང་གིས་ལག་ལེན་དུ་བཏབ་ཚེ་བོད་མི་དེའི་རྒྱུད་ཀྱི་ཕ་མ་ལ་དྲིན་ལན་འཇལ་བའི་བྱེད་སྤྱོད་སོགས་ནི་བོད་མི་དེའི་ཀུན་སྤྱོད་དུ་གྱུར་པ་ཡིན་ལ། འབྲོམ་ཆོས་ཀྱི་རྒྱལ་པོའི《མི་ཆོས་གནད་ཀྱི་ཕྲེང་བའི》"གནས་དང་ཕྱོགས་རྣམས་གང་དུ་འགྲོ་ཡང་རུང་། །གཞི་དང་གནས་མལ་གང་དུ་བྱེད་ཀྱང་རུང་། །གྲོགས་དང་འགྲོགས་ལུགས་སུ་ལ་  འཚོལ་ཡང་རུང་། །གཞན་དང་བསྟུན་པ་མི་ཆོས་རྩ་བ་ཡིན། །དེ་ཡི་སྟེང་ནས་འདུན་མ་བཤད་ཀྱི་ཉོན། །བྱ་བྱེད་ཡོངས་ཀྱི་མགོ་ལྟག་ཕྱེ་ཡི་ཉོན། །ལྷ་ཞི་ཀླུ་ཞིའི་གདམས་པ་བཤད་ཀྱི་ཉོན། །ཆོས་ལ་མི་ཆོས་ཟབ་པ་འདི་ལྟར་ལགས། །སུ་ཡི་དོན་དུ་དཀའ་སྤྱད་བྱེད་ན་ཡང་། །བྱ་ཤེས་གོ་ལོང་སྡུག་ཡུས་ཆུང་བར་མཛོད། །ལས་དང་བྱ་བ་ཇི་ལྟར་བྱེད་ན་ཡང་། །མཛད་སྤྱོད་ཐམས་ཅད་མི་དང་མཐུན་པར་མཛོད། །"ཞེས་སོགས་ཀྱིས་ཀྱང་དོན་ལ་མི་དང་འགྲོགས་ལུགས་འཚོལ་སྐབས་ཀྱི་ཀུན་སྤྱོད་ཀྱི་ཚད་གཞི་འབའ་ཞིག་གསུངས་བཞིན་ཡོད་དོ། །དེའི་ལྟ་བུའི་མི་ཆོས་ལའང་མཁས་པའི་མི་ཆོས་དང་། བླུན་པོའི་མི་ཆོས། རྒྱལ་པོའི་མི་ཆོས། ཆོས་པའི་མི་ཆོས། འབངས་ཕལ་བའི་མི་ཆོས། སྨན་པའི་མི་ཆོས་སོགས་ཡོད་ལ། དེར་མ་ཟད་དགེ་སློང་གི་མི་ཆོས་དགེ་ཚུལ་གྱི་མི་ཆོས་སོགས་ཀྱང་ཡོད་དེ། དཔེར་ན་གོང་གི་འབྲོམ་སྟོན་པས། "གཞན་དང་བསྟུན་པ་མི་ཆོས་རྩ་བ་ཡིན། །"ཅེས་པ་འདི་དགེ་སློང་གི་མཛད་སྤྱོད་ལ་སྦྱར་ན་དགེ་སློང་གིས་གཞན་ དང་བསྟུན་པ་དགེ་སློང་གི་མི་ཆོས་ཀྱི་རྩ་བ་ཡིན་དགོས་ལ། དགེ་ཚུལ་གྱི་མཛད་སྤྱོད་ལ་སྦྱར་ན་དགེ་ཚུལ་གྱིས་གཞན་དང་བསྟུན་པ་དགེ་ཚུལ་གྱི་མི་ཆོས་རྩ་བ་ཡིན་དགོས་སོ། །གཞན་ཡང་།《ས་སྐྱ་ལེགས་བཤད》ཀྱི"མཁས་པ་ཡོན་ཏན་དཔག་མེད་ཀྱང་། །གཞན་གྱི་ཡོན་ཏན་ཆུང་ངུའང་ལེན། །དེ་ལྟར་རྒྱུན་དུ་སྤྱད་པ་ཡིས། །མྱུར་དུ་ཐམས་ཅད་མཁྱེན་པར་འགྲོ། །"ཞེས་སོགས་ཀྱིས་མཁས་པའི་མི་ཆོས་སམ་ཀུན་སྤྱོད་ཀྱི་ཚད་གཞི་དང་། ཡང"ཕན་དང་མི་ཕན་མི་དཔྱོད་ཅིང་། །བློ་དང་ཐོས་པ་མི་སྒྲུབ་པར། །ལྟོ་འགྲངས་འབའ་ཞིག་དོན་གཉེར་བ། །སྤུ་མེད་པ་ཡི་ཕག་པ་ཡིན། །" ཞེས་སོགས་ཀྱིསབླུན་པོའི་ཀུན་སྤྱོད་ཀྱི་ཚད་གཞི་འབའ་ཞིག་གསུང་བཞིན་ཡོད་པ་ལྟ་བུ་ཡིན་ལ། དེ་དག་ལག་ལེན་དུ་བཏབ་པ་ལས་བྱུང་བའི་ཀུན་སྤྱོད་ལའང་མཁས་པའི་ཀུན་སྤྱོད་དང་བླུན་པོའི་ཀུན་སྤྱོད་སོགས་ཀྱི་དབྱེ་བ་ཡོད་པ་ཡིན་ནོ། །

ནང་བསྟན་མི་ཆོས་རིག་པ་ཞེས་པའི་སྐད་ཆ་འདི་བདག་གི་གསར་བཤད་བྱས་པ་ཞིག་གཏན་ནས་མིན། རྒྱལ་ཁོངས་དབྱིན་ཇི་ཡིན་ལ་སིང་ག་ལ་ནས་འཁྲུངས་ཤིང་དུས་རབས་སྔ་མའི་དུས་དཀྱིལ་དུ་དབྱིན་ཇི་རྒྱལ་ཁབ་སོགས་སུ་ནང་བའི་གནས་གཞི་མང་བོ་འཛུགས་མཁན་དགེ་སློང་ཧ་མ་ལ་ཝ་སཏ་ཐི་སྭས་བརྩམས་པའི《ནང་བསྟན་མི་ཆོས་རིག་པ》རྒྱ་འགྱུར་མ་བདག་གིས་མཇལ་མྱོང་། དཔེ་དེབ་དེར་དགེ་བསྙེན་གྱི་ཁྲིམས་ལྔ་དང་། བསྙེན་གནས་ཀྱི་ཁྲིམས་བརྒྱད། རབ་བྱུང་བའི་ཁྲིམས་བཅུ་དང་། སྐྱབས་འགྲོ་དང་མི་ཆོས་བར་གྱི་འབྲེལ་བ། འཕགས་ལམ་ཡན་ལག་བརྒྱད་དང་འབྲེལ་བའི་མི་ཆོས་སོགས་མི་ཆོས་ཀྱི་རྣམ་གཞག་མང་དུ་གསུངས་ཡོད་ལ། དབྱིན་ཇིའི་མིང་དུ་གྲགས་པའི་ནང་བསྟན་ཆེད་མཁས་པ་དང་། དབྱིན་ཇི་ཉིག་ཅིན་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཀོན་ཏ་མེན་གྱིས་བརྩམས་པའི《གནས་སྤར་ནས་བཙུགས་པའི་བྱང་ཆུབ་ཤིང》ཞེས་པའི་དེབ་དེར་ཡང"ནང་བསྟན་མི་ཆོས"ཞེས་པའི་ཚན་པ་ཞིག་ཡོད་པ་བདག་གིས་མཇལ་མྱོང་སྟེ་ཚན་པ་དེར་ཡང་སྡོམ་ཁྲིམས་བཅུ་དང་དགེ་སློང་ཕ་མའི་ཚུལ་ཁྲིམས་   སོགས་དང་སྦྱར་བའི་མི་ཆོས་ཀྱི་སྐོར་གསུངས་ཡོད། སྤྱིར་ན་ནང་བསྟན་མི་ཆོས་རིག་པ་ཞེས་པའི་མིང་མ་བཏགས་པ་མ་གཏོགས་ནང་བསྟན་གྱི་གཞུང་དང་ནང་བའི་མཁས་པ་རྣམས་ལ་མི་ཆོས་རིག་པའི་གཞུང་མང་བོ་ཡོད་དེ། དཔེར་ན། བཅོམ་ལྡན་འདས་ཀྱི《འདུལ་བ་ལུང་སྡེ་བཞི》དང་།《ཚོམས》སློབ་དཔོན་ཀླུ་སྒྲུབ་ཀྱི《སྐྱེ་བོ་གསོ་ཐིགས》དང 《ཤེས་རབ་བརྒྱ་བ》 རྒྱལ་སྲས་ཞི་བ་ལྷའི《བྱང་ཆུབ་སེམས་དཔའི་སྤྱོད་འཇུག》འབྲོམ་སྟོན་པའི《མི་ཆོས་གནད་ཀྱི་ཕྲེང་བ》 ས་པན་གྱི《ས་སྐྱ་ལེགས་བཤད》 འཇུ་མི་ཕམ་གྱི《རྒྱལ་བོ་ལུགས་ཀྱི་བསྟན་བཅོས》སོགས་མང་དུ་བཞུགས་ལ། དེར་མ་ཟད་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་སྐོར་རྣམས་ཀྱང་ནང་བསྟན་མི་ཆོས་ཀྱི་གཞུང་ལ་བཞག་ཆོག་སྟེ"རྣམ་པ་ཐམས་ཅད་མཁྱེན་པའི་སར་བགྲོད་པའི་སྐྱེ་བོ་མཆོག་གི་ཆོས་ལུགས"ཅེས་གསུངས་པ་ལྟར་རོ། །འདི་དག་གི་ཁྲོད་ནས་གཞན་ལ་དོགས་པ་མེད་ཀྱང་། 《འདུལ་བ་ལུང་སྡེ་བཞི》ནང་བསྟན་མི་ཆོས་རིག་པའི་གཞུང་ལུགས་སུ་བཞག་པ་ནི་སོ་ཐར་རིགས་བདུན་གྱི་ཀུན་སྤྱོད་ཀྱི་ཚད་གཞི་གཏན་ལ་ཕབ་པས་ཡིན་ལ། སོ་ཐར་རིགས་བརྒྱད་ཀྱི་ཚད་གཞི་ཡང་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་སུ་ཕྱེས་པའི་མི་ཆོས་དེ་མིན་ཡང་ཀུན་སྤྱོད་ཀྱི་ཚད་ གཞིའམ་ཁྲིམས་སྲོལ་ལྟ་བུ་ཡིན་པས་མི་ཆོས་སུ་འཇོག་དགོས་པ་ཡིན་ནོ། །གཞན་ཡང《ས་སྐྱ་ལེགས་བཤད》དང་ 《རྒྱལ་བོ་ལུགས་ཀྱི་བསྟན་བཅོས》གཉིས་ནི་ནང་བསྟན་གྱི་མི་ཆོས་རིག་པའི་བསྟན་བཅོས་ཆེས་ཕུལ་དུ་བྱུང་བ་དང་ད་ལྟ་འཛམ་གླིང་དུ་ཆེས་ཕུལ་དུ་བྱུང་བའི་མི་ཆོས་ཀྱི་བསྟན་བཅོས་ཡིན་པར་བཤད་མཁན་ཡོད་ལ། འདི་དག་ནང་བསྟན་མི་ཆོས་རིག་པའི་གཞུང་དུ་བཞག་པའང་གཞུང་འདི་གཉིས་ཀྱི་བརྗོད་བྱ་གང་མང་བཅོམ་ལྡན་འདས་ཀྱི་མདོ་ལ་བརྟེན་ནས་བྱུང་བས་ཡིན་ཏེ་དཔེར་ན《རྒྱལ་པོའི་ལུགས་ཀྱི་བསྟན་བཅོས》ལས།"རྒྱལ་བ་མཆོག་དང་རྒྱལ་སྲས་ཆེ་རྣམས་དང་། །མཁས་པའི་དབང་བོ་རྣམས་ཀྱི་བསྟན་བཅོས་ལས། །སྙིང་བོ་བསྡུས་ཤིང"ཞེས་དང"འཕགས་པ་གསེར་འོད་དམ་པ་དང་། ས་སྙིང་འཁོར་ལོ་བཅུ་བ། མདོ་སྡེ་དྲན་པ་ཉེར་གཞག བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལ་ཐབས་ཀྱིས་རྣམ་པར་འཕྲུལ་བ་བསྟན་པའི་མདོ། ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པ་སོགས་དེ་བཞིན་གཤེགས་པའི་བཀའ་དུ་མ་དང"ཞེས་སོགས་གསུངས་པ་ལྟར། བཅོམ་ལྡན་འདས་ཀྱི་མདོ།《གསེར་འོད་དམ་པ་མདོ་སྡེ་དབང་བོའི་རྒྱལ་པོའི》རྒྱལ་པོའི་བསྟན་བཅོས་ལྷའི་དབང་བོའི་དམ་ཚིག་གི་ལེའུ་སོགས་ལ་བརྟེན་པས་ཡིན་ཞིང་། ས་སྐྱ་ལེགས་བཤད་ཀྱི"ཆེ་ལ་གནོད་བྱེད་གྲོགས་སུ་འགྱུར། །དམན་ལ་གནོད་བྱེད་གནོད་པར་འགྱུར། །ནགས་མེ་རླུང་གིས་སྦོར་མོད་ཀྱི། །དེ་ཡིས་སྒྲོན་མེ་ཆུང་ངུ་གསོད། །"ཅེས་སོགས་ཀྱང་མཛངས་བླུན་གྱི་རྒྱལ་པོ་ཟླ་འོད་ཀྱི་དབུ་སྦྱིན་པར་བཏང་བའི་ལེའུ་སོགས་ལ་བརྟེན་ནས་གསུངས་པ་ཡིན་པར་དམར་སྟོན་ཆོས་རྒྱལ་གྱི་ས་སྐྱ་ལེགས་བཤད་ཀྱི་འགྲེལ་བ་ལས་ བཤད་དོ། །

མི་ཆོས་རིག་པའི་མཁས་པ་རྣམས་ལ་སྤྱོད་ལམ་ཇི་འདྲ་ཞིག་ནི་དགེ་མི་དགེ་དང་། ལེགས་མི་ལེགས། འགྲིག་མི་འགྲིག་སོགས་སུ་འཇོག་ཚུལ་གྱི་ཐད་ལ་འདོད་ཚུལ་མི་འདྲ་བ་མང་བོ་བྱུང་པའི་དབང་གིས་མི་ཆོས་རིག་པའི་གཞུང་ལུགས་ཀྱང་བཞེད་ཚུལ་མི་མཚུངས་པ་མང་དུ་བྱུང་ཡོད། དཔེར་ན་མཁས་པ་ལ་ལས་དགེ་བ་ནི་རང་རྐྱ་འཕེར་བའི་རང་བཞིན་ཅན་དང་ང་ཚོས་ཁ་དོག་བཞིན་དུ་ཐད་ཀར་རྟོགས་དགོས་པ་ཞིག་ཡིན་པར་འདོད་ལ། མཁས་པ་ཁ་ཅིག་གིས་སྤྱོད་ལམ་ལག་ཏུ་བསྟར་བ་ལ་ང་ཚོས་སྤྱོད་ལམ་དེ་ཉིད་ལག་ཏུ་བསྟར་འོས་པའི་རྒྱུ་མཚན་སྤྱོད་ལམ་གྱི་ཕྱི་ནས་འཚོལ་བ་ནི་ནོར་འཁྲུལ་ཞིག་ཡིན་པར་འདོད་ཀྱིན་ཡོད། དེ་བཞིན་དུ་མཁས་པ་ལ་ལས་སྤྱོད་ལམ་གྱི་འགྲིག་མི་འགྲིག་ནི་སྤྱོད་ལམ་དེ་ལ་བརྟེན་ནས་བསྒྲུབ་རྒྱུའི་འབྲས་བུའི་བཟང་ངན་གྱི་སྟེང་ནས་འབྱེད་དགོས་པར་འདོད་ལ། ལ་ལས་སྤྱོད་ལམ་གྱི་འགྲིག་མི་འགྲིག་ནི་སྤྱོད་ལམ་རང་གི་ངོ་བོས་ཐག་གཅོད་དགོས་པ་མ་གཏོགས་དེའི་དམིགས་ཡུལ་ལམ་འབྲས་བུ་ལ་རག་མ་ལས་པར་འདོད། ལ་ལས་སྤྱོད་ལམ་གྱི་འགྲིག་མི་འགྲིག་ནི་སྤྱོད་ལམ་དེ་ལ་བརྟེན་ནས་བདེ་སྐྱིད་སྤེལ་བའི་ཚད་ཆེ་ཆུང་ལ་གཞིག་ནས་བཤད་དགོས་པར་འདོད་པ་ལྟ་བུ་ཡིན། འདོད་ཚུལ་གྱི་ཁྱད་པར་མི་འདྲ་བ་དེ་དག་ལ་བརྟེན་ནས་མི་ཆོས་ཀྱི་སྐོར་གྱི་མ་ལག་ལའང་དམིགས་ཡུལ་སྨྲ་བའི་མི་ཆོས་རིག་པའི་མི་ཆོས་སྐོར་གྱི་མ་ལག་དང་། རང་ཕན་རིང་ལུགས་ཀྱི་མི་ཆོས་རིག་པའི་མི་ཆོས་སྐོར་གྱི་མ་ལག་སོགས་མང་དུ་བྱུང་ཡོད། ནང་བསྟན་མི་ཆོས་རིག་པ་ལའང་རང་ཉིད་ཀྱི་དགེ་མི་དགེའི་མི་ཆོས་དང་ལུང་མ་བསྟན་གྱི་མི་ཆོས་སོགས་མི་ཆོས་སྐོར་གྱི་མ་ལག་ཆ་ཚང་བ་ཞིག་ཡོད་པ་ཡིན་ལ། དེ་དག་ལས་ནང་བསྟན་གྱི་དགེ་མི་དགེའི་མི་ཆོས་སྐོར་གྱི་མ་ལག་དེ་དག་ནི། མཉམ་མེད་ཙོང་ཁ་བ་ཆེན་པོའི《བྱང་ཆུབ་ལམ་རིམ་ཆེན་མོ》ལས།"དེའི་ཕྱིར་བདེ་བ་དང་སྡུག་བསྔལ་རྣམས་ནི་རྒྱུ་མེད་པ་ལས་བྱུང་བ་དང་། གཙོ་བོ་དང་དབང་ཕྱུག་ལ་སོགས་པ་མི་མཐུན་པའི་རྒྱུ་ལས་བྱུང་བ་ཡང་མིན་པར་དགེ་མི་དགེའི་ལས་སྤྱི་ལས་བདེ་སྡུག་སྤྱི་དང་། བདེ་སྡུག་གི་ཁྱད་པར་སྣ་ཚོགས་པ་རྣམས་ཀྱང་ལས་གཉིས་ཀྱི་ཁྱད་པར་སྣ་ཚོགས་པ་ལས་ཅུང་ཟད་ཀྱང་མ་འཆོལ་བར་སོ་སོར་འབྱུང་བའི་ལས་འབྲས་ངེས་པ་ཅན་ནམ་མི་སླུ་བ་ལ་ངེས་པ་རྙེད་པ་ནི། ནང་བ་སངས་རྒྱས་པ་ཐམས་ཅད་ཀྱི་ཡང་དག་པའི་ལྟ་བ་ཞེས་དཀར་པོའི་ཆོས་ཀུན་གྱི་གཞིར་བསྔགས་པའོ"ཞེས་གསུངས་པ་ལྟར། ལས་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་བ་དང་ལས་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བར་  འདོད་པའི་ལས་འབྲས་ཀྱི་ལྟ་བ་ཉིད་ལ་བརྟེན་ནས་བྱུང་བ་ཡིན་ལ། དེ་ལྟ་བུའི་ལས་འབྲས་གྱི་རྣམ་གཞག་ནི་ནང་བསྟན་མི་ཆོས་རིག་པའི་དགེ་མི་དགེའི་ཀུན་སྤྱོད་ཀྱི་ཚད་གཞི་མཐའ་དག་གང་ལ་བསྟུན་ནས་འཇོག་བྱེད་ཀྱི་འོག་ གཞི་གསེར་གྱི་ས་གཞི་ལྟ་བུ་ཡིན་ནོ། །དེ་ཡང་དཔེར་ན《ཚོམས》ལས། གང་ཞིག་བྱས་ན་མི་གདུང་ཞིང་། །དགའ་ཞིང་ཡིད་ནི་བདེ་བ་དང་། །རྣམ་སྨིན་སོ་སོར་བསྟེན་པ་ཡི། །ལས་དེ་དག་ནི་བྱས་ན་ལེགས། ། ཞེས་སྤྱད་པ་ལས་འབྲས་བུ་བདེ་བ་འབྱུང་བའི་ལས་ནི་བླང་བྱའི་ཀུན་སྤྱོད་དུ་བཞག་པ་དང་། །གང་དག་བྱས་པས་གདུང་འགྱུར་ཞིང་། །མཆི་མས་གདོང་གཡོགས་ངུ་བཞིན་དུ། །རྣམ་སྨིན་སོ་སོར་བསྟེན་པ་ཡི། །ལས་དེ་དག་ནི་མ་བྱས་ལེགས། །ཞེས་གང་ཞིག་སྤྱད་ པས་འབྲས་བུ་སྡུག་བསྔལ་འབྱུང་བའི་ལས་ནི་སྤང་བྱའི་ཀུན་སྤྱོད་དུ་བཞག་པ་ལྟ་བུའོ། །དེའི་ཕྱིར་ནང་བསྟན་མི་ཆོས་རིག་པས་ནི་དགེ་བའི་ཀུན་སྤྱོད་ལྟ་བུ་ནི་རང་རྐྱ་འཕེར་བ་ཞིག་ཏུ་མི་བཞེད་ལ། སྤྱོད་ལམ་དེ་ཉིད་ལག་ཏུ་བསྟར་འོས་པའི་རྒྱུ་མཚན་ཡང་སྤྱོད་ལམ་རང་རྐྱ་བས་མ་ཡིན་པར་དེའི་འབྲས་བུ་བདེ་སྡུག་སོགས་སྤྱོད་ལམ་གྱི་ཕྱི་ནས་འཚོལ་བཞིན་ཡོད་དོ། །དེར་མ་ཟད་ལ་ལས་ཉི་ཟླའི་འཆར་ནུབ་དང་དུས་བཞིའི་འགྱུར་པ་སོགས་ནི་རང་བྱུང་ཁམས་ཀྱི་ཆོས་ཉིད་ཅིག་གིས་དབང་སྒྱུར་བཞིན་ཡོད་པ་དང་དགེ་བ་ལས་བདེ་བ་འབྱུང་བ་དང་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བའང་རང་བྱུང་གི་ཆོས་ཉིད་དེ་དང་མཐུན་པས་ན་ནང་བའི་དགེ་མི་དགེའི་ཀུན་སྤྱོད་ཀྱང་རང་བྱུང་གི་སྲོལ་དེ་དང་བསྟུན་པར་བཤད་ཡོད། དེ་ལྟ་བུའི་མི་ཆོས་ཀྱི་མ་ལག་ལའང་བྱང་ཆུབ་སེམས་དཔའི་ཀུན་སྤྱོད་ཀྱི་ཚད་གཞིའམ་མི་ཆོས་ཀྱི་སྐོར་དང་། དགེ་སློང་ཕ་མ་དང་དགེ་ཚུལ་ཕ་མའི་ཀུན་སྤྱོད་ཀྱི་ཚད་གཞིའམ་མི་ཆོས་ཀྱི་སྐོར་སོགས་ཡོད་པར་འདོད་དོ། །དེ་ལྟར་ལས་འབྲས་མི་སླུ་བའི་ལྟ་བ་ལ་གཞི་བྱས་ཤིང་ལྟོས་ནས་བཞག་པའི་མི་ཆོས་དེ་ དག་ཀྱང་སྐབས་ཀུན་ཏུ་ལྡེམ་ཤ་མི་འཛོམས་པར་ཤིང་སྐམ་ལྟ་བུའི་རེངས་རེངས་པོ་ཞིག་མ་ཡིན་ཏེ། དཔེར་ན་སྲོག་ གཅོད་སྤངས་པའི་ཀུན་སྤྱོད་ཉིད་ལ་མཚོན་ན། ས་བཅུ་བའི་མདོ་ལས།"བཅུ་བོ་འདི་དག་འཁོར་བས་སྐྲག་ནས་སྙིང་རྗེ་དང་བྲལ་བར་གཞན་གྱི་སྒྲའི་རྗེས་སུ་འབྲངས་ནས་བསྒོམས་པས་ནི་ཉན་ཐོས་ཀྱི་འབྲས་བུ་འགྲུབ་བོ། །ཡང་སྙིང་རྗེ་མེད་པར་གཞན་གྱིས་དྲིང་མི་འཇོག་ཅིང་རང་ཉིད་འཚང་རྒྱ་བར་འདོད་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པས་སྦྱངས་ན་ནི་རང་རྒྱལ་གྱི་འབྲས་བུ་འགྲུབ་བོ། །སེམས་རྒྱ་ཆེ་བས་སྙིང་རྗེ་དང་ཐབས་མཁས་པ་དང་སྨོན་ལམ་ཆེན་པོ་དང་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་དང་སངས་རྒྱས་ཀྱི་ཡེ་ཤེས་ཤིན་ཏུ་རྒྱས་པ་ལ་དམིགས་པས་སྦྱངས་ན་བྱང་ཆུབ་སེམས་དཔའི་ས་དང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འགྲུབ་བོ། །"ཞེས་གསུངས་པ་ལྟར་དམིགས་ཡུལ་ཉན་ཐོས་ཀྱི་འབྲས་བུ་དོན་དུ་གཉེར་བས་སྲོག་གཅོདསྤངས་ཚེ་སྲོག་གཅོད་སྤངས་པ་དེ་ཉིད་ཉན་ཐོས་ཀྱི་འབྲས་བུའི་རྒྱུར་འགྱུར་པའི་ཀུན་སྤྱོད་དང་། དམིགས་ཡུལ་རང་རྒྱལ་གྱི་འབྲས་བུ་དོན་གཉེར་གྱིས་སྲོག་གཅོད་སྤངས་ཚེ་སྲོག་གཅོད་སྤངས་པའི་དགེ་བ་དེ་ཉིད་རང་རྒྱལ་གྱི་འབྲས་བུའི་རྒྱུར་འགྱུར་པའི་ཀུན་སྤྱོད་ཡིན་ལ། དམིགས་ཡུལ་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བས་ཐབས་དང་སྨོན་ལམ་སོགས་ཀྱི་གྲོགས་དང་བཅས་ཚེ་སངས་རྒྱས་ཉིད་ཀྱི་རྒྱུར་འགྱུར་པའི་ཀུན་སྤྱོད་ཡིན་པར་འདོད་དོ། །གཞན་ཡང་སྲོག་གཅོད་སྤོང་བ་གཅིག་པུ་ཡང་བྱང་ཆུབ་སེམས་དཔའི་ཀུན་སྤྱོད་ཀྱི་ཚད་གཞིར་བཟུང་ཚེ་བྱང་ཆུབ་སེམས་དཔའི་མི་ཆོས་དང་། སོ་ཐར་དགེ་སློང་གི་ཀུན་སྤྱོད་ཀྱི་ཚད་གཞིར་བཟུང་ཚེ་སོ་ཐར་དགེ་སློང་གི་མི་ཆོས་ཡིན་ལ། དེ་བཞིན་དུ་རྒྱལ་བོ་དང་འབངས་མི། མཁས་པ་དང་བླུན་པོ་སོགས་ཀྱི་ཀུན་སྤྱོད་ཀྱི་ཚད་གཞིར་བཟུང་ཚེ་དེ་དང་དེའི་མི་ཆོས་སུ་འཇོག་དགོས་པ་ཡིན་ལ། ལྷག་ཏུ་སྲོག་གཅོད་སྤོང་བ་རང་གི་ངོ་བོའི་དབང་གིས་མ་ཡིན་པར་གང་ཟག་མི་འདྲ་བ་དང་གྲོགས་དང་འབྲས་བུ་མི་འདྲ་བ། དམིགས་ཡུལ་མི་འདྲ་བ་སོ་སོ་ལ་བལྟོས་ནས་ད་གཟོད་དགེ་མི་དགེའི་མི་ཆོས་དང་ཀུན་སྤྱོད་རབ་འབྲིང་ཐ་མ་སོགས་སུ་འཇོག་པ་འདི་ནི་ནང་བསྟན་མི་ཆོས། མི་ཆོས་ཀྱི་སྐོར་གཞན་ཕལ་ཆེ་བ་དང་མི་འདྲ་ས་ཡིན་ལ། ཁྱད་ཆོས་འདིས་ནང་བསྟན་མི་ཆོས་མཐའ་དག་ལ་ཁྱབ་པའང་ཡིན་ཏེ་ལྟོས་བཅས་མ་ཡིན་པའི་མི་ཆོས་ཀྱི་རྣམ་གཞག་ཅིག་ནང་བས་མི་བཞེད་པ་ཡིན་ནོ། །དེར་མ་ཟད་མི་ཆོས་རིག་པའི་མཁས་པ་ལ་ལས་ཀུན་སྤྱོད་གྱི་ཆེད་དུ་ཀུན་སྤྱོད་དོན་དུ་གཉེར་དགོས་པ་སྟེ་ཀུན་སྤྱོད་ནི་དམིགས་ཡུལ་གཞན་ཞིག་སྒྲུབ་བྱེད་ཀྱི་ཐབས་ལམ་མ་ཡིན་པར་དམིགས་ཡུལ་ཉིད་ཡིན་པར་འདོད་ནའང་། ནང་བསྟན་མི་ཆོས་ལས་སྲོག་གཅོད་སྤོང་བ་ལྟ་བུའི་དགེ་བའི་ཀུན་སྤྱོད་ནི་དམིགས་ཡུལ་མ་ཡིན་ཞིང་དེ་ལ་དམིགས་ཡུལ་ཐར་བའི་གོ་འཕང་ལྟ་བུ་གཞན་ཞིག་ཡོད་པར་མ་ཟད་ཀུན་སྤྱོད་ནི་དམིགས་ཡུལ་གཞན་དེ་་་་་་་་་་མངོན་དུ་འགྱུར་བྱེད་ཀྱི་ཐབས་ལམ་ལྟ་བུར་འདོད་པ་ཡིན་ནོ། །

དེ་ལྟར་སྲོག་གཅོད་སྤངས་པའི་དགེ་བ་ལ་སྦྱར་བའི་ཁྱད་ཆོས་འདི་དག་མ་བྱིན་ལེན་དང་མི་ཚངས་སྤྱོད་སྤངས་པ་སོགས་ནང་བསྟན་ཀྱི་གཞུང་གི་མི་ཆོས་ཕལ་ཆེ་བ་ལ་སྦྱར་ཆོག་ལ། དེ་ལྟ་བུའི་ཀུན་སྤྱོད་ཀྱི་ཚད་གཞིའམ་མི་ཆོས་དེ་དག་ལག་ལེན་དུ་བསྟར་སྐབས་སུ་ཡང་དཔེར་ན་སོ་ཐར་དགེ་སློང་ལྟ་བུ་གང་ཟག་བློ་ཁ་ཅུང་ཟད་དམན་པ་ལ་ནི《ལུང་ཕྲན་ཚེགས》ལས།"སྲོག་ཉིད་སྤང་གི་སྲོག་ཆགས་བསད་པར་བྱ་བ་མ་ཡིན་ནོ"ཞེས་གསུངས་པ་ལྟར་སྲོག་གཅོད་མི་དགེ་བའི་ཀུན་སྤྱོད་ནི་རྣམ་པ་ཀུན་ཏུ་སྤང་བྱར་འདོད་ནའང་། གང་ཟག་བློ་ཁ་མཐོན་པོ་བྱང་ཆུབ་སེམས་དཔའ་ལ་ནི་སྐབས་ལ་ལར་གནང་བ་ཡོད་དེ། དཔེར་ན་དེད་དཔོན་སྙིང་སྟོབས་ཆེན་པོས་ཚོང་བ་ལྔ་བརྒྱའི་སྲོག་སྐྱོབ་ཆེད་མི་ནག་མདུང་ཐུང་ཅན་བསད་པས་བསྐལ་བ་དུ་མའི་ཚོགས་རྫོགས་པར་གསུངས་པ་ལྟ་བུའོ། །འདི་ནི་ཀུན་སྤྱོད་ཀྱི་ཆོས་གཅིག་གཞི་གང་ཟག་དུ་མས་ལག་ལེན་དུ་བསྟར་ཚུལ་ཡིན་ལ། ཀུན་སྤྱོད་ཀྱི་ཆོས་དུ་མ་གཞི་གང་ཟག་གཅིག་གི་སྟེང་དུ་དུས་མཉམ་དུ་འདོམ་ན་འཇུག་ལྡོག་ཇི་ལྟར་བྱ་ཚུལ་ཡང་དཔེར་ན་གཞི་སོ་ཐར་གྱི་དགེ་སློང་ལྟ་བུ་གཅིག་གི་སྟེང་དུ་སྦྱར་ཚེ། སྡིག་སྤྱོད་ཀྱི་རྒྱལ་པོས་དགེ་སློང་བཟུང་ནས་དགེ་སློང་ཁྱོད་ཀྱིས་མི་འདིའམ་ལུག་འདི་གསོད་ཅིག་དེ་གཉིས་གང་ཡང་མི་གསོད་ན་ཁྱོད་ཉིད་ངེས་པར་གསོད་ཟེར་ཏེ་མི་གསོད་པ་དང་དུད་འགྲོ་གསོད་པ་བདག་ཉིད་གསོད་པ་གསུམ་ལ། རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་ཆེ་བའི་ངོར་ཆུང་བ་གནང་བ་མེད་པས་སྲོག་ལ་བབས་ཀྱང་གཞན་གྱི་སྲོག་གཅོད་པ་ལ་སོགས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་མི་བྱ་བར་འདོད་ལ། དགེ་སློང་གིས་བཅས་པ་འགའ་ཞིག་བསྲུངས་པ་ན་ནི་གཞན་གྱི་སྲོག་ཆད་པ་མི་སྐྱོབ་ལ། བཅས་པ་དེ་མ་བསྲུངས་པར་དྲལ་ན་གཞན་གྱི་སྲོག་ཆད་པ་སྐྱོབ་པར་འགྱུར་ན་ཆང་འཐུང་བ་ལ་སོགས་པ་འགའ་རེ་མ་གཏོགས་པ་བཅས་པ་རྣམས་གནང་བར་གསུངས་པ་ལྟ་བུ་དང་། གཞན་ཡང་དགེ་སློང་གིས་བཅས་པ་འགའ་ཞིག་བསྲུང་ན་རང་ངམ་གཞན་གྱི་ལུས་དཔེར་ན་ཞ་ལོང་ལྟ་བུའི་ཆུད་ཟོས་སུ་འགྱུར་པ་མི་སྤོང་ལ། བཅས་པ་དེ་ཉིད་མ་བསྲུང་ཚེ་ལུས་ཞ་ལོང་ལྟ་བུའི་ཆུད་ཟོས་སུ་འགྱུར་པ་སྤོང་བ་ལྟ་བུ་གཉིས་ཐབས་གཞན་མེད་པར་འདོམ་པ་ན། བཅས་པ་རྣམས་གནང་ངོ་ཞེས་བྱའོ་ཞེས་ཕྱོགས་གཅིག་ཏུ་མེད་ལ། མ་གནང་ངོ་ཞེས་ཕྱོགས་གཅིག་ཏུ་ཡང་མེད་དེ། ཤེས་རབ་ཀྱི་སྲང་ལ་དགག་དགོས་གྱི་ལྗིད་སྡུད་ལ། དེ་གཉིས་དགག་དགོས་གང་ཆེ་བརྟགས་ལ་བཅས་པ་སྲུང་བ་དགོས་པ་ཆེ་ན་མི་གནང་ལ། ལུས་ཀྱི་བར་ཆད་སྤངས་པ་དེ་དགོས་པ་ཆེ་ན་བཅས་པ་དེ་གནང་བར་འདོད་པ་སོགས་ངོ་མཚར་བ་མང་དུ་ཡོད་དོ། །

དེ་ལྟར་ནང་བསྟན་མི་ཆོས་རིག་པའི་གཞུང་ལས་དགེ་མི་དགེའི་མི་ཆོས་ཀྱི་སྐོར་མང་དུ་གསུངས་པར་མ་ཟད་ལུང་མ་བསྟན་པའི་མི་ཆོས་ཀྱི་སྐོར་ཡང་མང་དུ་གསུངས་ལ། དེ་དག་ལས་དགེ་མི་དགེའི་མི་ཆོས་ཀྱི་སྐོར་ནི་གོང་དུ་ ཅུང་ཟད་བཤད་ཟིན་པ་ལྟར་ལ། ནང་བསྟན་མི་ཆོས་རིག་པའི་གཞུང་ན་ལུང་མ་བསྟན་པའི་མི་ཆོས་སྐོར་ཡང་མང་དུ་གསུངས་ཡོད་པ་དེ་དག་ཀྱང་ཕལ་ཆེ་བ་རང་ཉིད་སྲུང་བྱེད་ཀྱི་མི་ཆོས་ཀྱི་སྐོར་དང་གཞན་དང་འགྲོགས་ལུགས་འཚོལ་བའི་མི་ཆོས་སྐོར་གཉིས་སུ་འདུས་པ་ཡིན་ནོ། །ཡིན་ནའང་ལུང་མ་བསྟན་པའི་མི་ཆོས་ཕལ་ཆེ་བ་རང་ཉིད་སྲུང་བྱེད་དང་གཞན་དང་འགྲོགས་ལུགས་འཚོལ་བའི་མི་ཆོས་གཉིས་སུ་འདུས་ནའང་དེ་གཉིས་ལུང་མ་བསྟན་གྱི་མི་ཆོས་སུ་འདུས་པ་མིན་ཏེ། རང་ཉིད་སྲུང་བྱེད་ཀྱི་མི་ཆོས་དང་གཞན་དང་འགྲོགས་ལུགས་འཚོལ་བའི་མི་ཆོས་གཉིས་ལ་དགེ་མི་དགེའི་མི་ཆོས་ཀྱང་ཡོད་པ་ཡིན་ནོ། །དེ་ལས་དང་བོ་རང་ཉིད་སྲུང་བྱེད་ཀྱི་མི་ཆོས་སྐོར་ལའང་རྒྱལ་བོ་ལྟ་བུའི་རང་ཉིད་སྲུང་བྱེད་ཀྱི་མི་ཆོས་དང་། དམ་པའི་རང་ཉིད་སྲུང་བྱེད་ཀྱི་མི་ཆོས། མཁས་པའི་རང་ཉིད་སྲུང་བྱེད་ཀྱི་མི་ཆོས། ཕལ་བའི་རང་ཉིད་སྲུང་བྱེད་ཀྱི་མི་ཆོས་སོགས་མི་ཆོས་ཀྱི་རྣམ་གཞག་མང་དུ་བཞུགས་ལ། དེ་དག་ལས་རྒྱལ་བོ་ལྟ་བུས་རང་ཉིད་སྲུང་བྱེད་ཀྱི་མི་ཆོས་ལ《རྒྱལ་པོ་ལུགས་ཀྱི་བསྟན་བཅོས》ལས།"མི་བདག་རྣམས་ཀྱི་སྤྱོད་ལམ་ནི། །ཤིན་ཏུ་བརྟགས་ཏེ་བསྒྲིམས་པར་བྱ། །གང་ཕྱིར་མ་བརྟགས་སྤྱོད་པ་ཕལ། །ཆུང་ཡང་གྲགས་པ་ཉམས་པའི་རྒྱུ། །ས་ སྐྱོང་རང་གི་གནས་ཁང་དུ། །ནོར་བུ་བཞིན་དུ་སྦ་བར་བྱ། །རྒྱལ་བོ་ཁྲི་དང་མི་འབྲལ་ཞེས། །འཇིག་རྟེན་གྲགས་པ་དོན་དང་ལྡན། །མ་མཐོང་རྒྱང་ནས་རྩི་འགྱུར་ལ། །མཐོང་ཐོས་མང་ན་ཕལ་དང་འདྲ། །རྒྱལ་ཁབ་དང་ནི་རྒྱལ་བོའི་རྒྱུས། །གཞན་གྱིས་ཤེས་བར་མི་བྱའོ། །རྒྱལ་བོ་ལམ་དུ་འགྲོ་བ་ན། །དཔུང་དང་བཅས་ཏེ་ཆེ་རྟགས་ཀྱིས། །རྒྱལ་མཚན་བཞིན་དུ་ཕྱར་ཏེ་འགྲོ། །དུས་མིན་འཁྱམས་པ་ནམ་ཡང་མིན། །ང་རྒྱལ་མེད་ཀྱང་རྒྱལ་རིགས་རྣམས། །ཆེ་བའི་རྟགས་དང་འབྲལ་མི་བྱ། །ཆེ་བ་སྤངས་ནས་ཕལ་བ་བཞིན། །རྒྱུ་བ་མངའ་ཐང་ཉམས་པའི་རྟགས། །"ཞེས་དང"བླ་མ་དགེ་སྦྱོང་བྲམ་ཟེ་དང་། །བཀུར་འོས་རྣམས་ལ་ཆེས་འདུད་ཅིང་། །རིགས་ཀྱི་རྒན་རབས་བཀུར་བྱས་ན། །རྒྱལ་རིགས་རང་ཉིད་ཆེ་བ་འཐོབ། །མི་འོས་སྐྱེ་བོའི་ཆེ་ཐབས་དང་། །འོས་པའི་ཆེ་ཚུགས་ཤོར་བ་གཉིས། །སྐྱེ་བོ་ཁྲེལ་བའི་རྒྱུ་རུ་མཚུངས། །དེ་སླད་འོས་ཤིང་རིགས་པར་སྤྱད། །"ཞེས་དང་། ཡང"ཁྱི་ར་བ་དང་རི་དྭགས་གཤོར། །སྨད་འཚོང་སྡུད་དང་འཁོར་མེད་པར། །དགོན་པའི་ནགས་སུ་རྒྱུ་བ་རྣམས། །རྒྱལ་བོས་ནམ་ཡང་མི་བྱའོ། །དོན་མེད་ཆུ་ཆེན་བརྒལ་པ་དང་། །སྦྲུལ་གདུག་གཅན་གཟན་སོགས་དང་རྩེ། །མི་སྲུན་རྟ་ལ་ཞོན་པ་སོགས། །བྱས་ན་རང་ཉིད་ཉམས་པ་སྲིད། །དེ་བས་རྒྱལ་བོ་རྒྱལ་རིགས་ཀྱི། །ལུས་དང་སྤྱོད་ལམ་མཐའ་དག་ནི། །བཀའ་དང་བསྟན་བཅོས་ལས་གསུངས་བཞིན། །ལེགས་པར་བསྒྲིམས་ཏེ་བསྲུང་བར་བྱ། །"ཞེས་སོགས་མང་དུ་འདོད་ལ་དེ་དག་ལས་ལ་ལ་ནི་རྒྱལ་བོའི་གྲགས་པ་སྲུང་བྱེད་ཀྱི་མི་ཆོས་དང་། ལ་ལ་ནི་རྒྱལ་བོའི་ཆེ་བ་སྲུང་བྱེད་ཀྱི་མི་ཆོས། ལ་ལ་ནི་གཞན་གྱིས་ཆེ་མཐོང་སྲུང་བྱེད་ཀྱི་མི་ཆོས། ལ་ལ་ནི་རྒྱལ་བོའི་བདེ་ཐང་སྲུང་བྱེད་ཀྱི་མི་ཆོས་ཡིན་པ་ལྟ་བུའོ། །དེ་བཞིན་དུ་དམ་པས་རང་ཉིད་སྲུང་བྱེད་ཀྱི་མི་ཆོས་ལ་འང《ས་སྐྱ་ལེགས་བཤད》ལས།"བཟང་བོའི་ཆོ་རིགས་སྤྱོད་པས་བསྲུང་། །སྤྱོད་པ་ཉམས་ན་རིགས་དོན་མེད། །ཙན་དན་དྲི་བཟང་སྐྱེ་བོ་དགའ། །དེ་བསྲེགས་སོལ་བ་སུ་ཞིག་ལེན། །"ཞེས་དང་། "དམ་པ་ཇི་ལྟར་རྒུད་གྱུར་ཀྱང་། །སྡིག་དང་འདྲེས་པའི་ཟས་མི་ཟ། །སེང་གེ་བཀྲེས་ཀྱང་མི་གཙང་བའི། །ངན་སྐྱུགས་ཟ་བར་མི་བྱའོ། །"ཞེས་དང་། ཡང"ཕྱི་རྗེས་རིང་དུ་ལྟ་བ་དང་། །བག་ཡོད་པ་ལ་བཟོད་སྲན་ཆེ། །བརྩོན་འགྲུས་ཆེ་ཞིང་བརྟན་པ་རྣམས། །བྲན་གཡོག་ཡིན་ཡང་དཔོན་དུ་འགྱུར། །"ཞེས་ཕྱི་རྗེས་རིང་དུ་ལྟ་བ་སྟེ་ཕྱི་འབྱུང་ལ་དཔྱོད་པ་དང་། བག་ཡོད་པ་དང་བཟོད་བསྲན་ཆེ་བ། བརྩོན་འགྲུས་ཆེ་ལ་རང་བཞིན་བརྟན་པ་སོགས་མང་དུ་གསུངས་ལ། འདི་དག་ནི་མཁས་པ་དང་ཕལ་བའི་རང་ ཉིད་སྲུང་བྱེད་ཀྱི་མི་ཆོས་སོགས་ལའང་གཞག་ཆོག་པ་ཡིན་ནོ། །

གཉིས་པ་གཞན་དང་འགྲོགས་ལུགས་འཚོལ་བའི་སྐབས་ཀྱི་མི་ཆོས་ལའང་དགེ་མི་དགེ་དང་ལུང་མ་བསྟན་གྱི་མི་ཆོས་གསུམ་ག་ཡོད་དོ། །སྤྱིར་ན་མི་ཆོས་དང་ཁྱད་པར་དུ་ལུང་མ་བསྟན་གྱི་མི་ཆོས་འདི་རྣམས་བཟང་ངན་དང་ལེགས་ཉེས། འགྲིག་མི་འགྲིག་སོགས་ཀྱི་ལྟ་ཚུལ་དང་འབྲེལ་བ་དམ་པོ་ཡོད་པ་ཡིན་ཏེ། མི་ཆོས་ཀྱི་རྣམ་གཞག་གཏན་ལ་དབབ་མཁན་སུ་ཡིན་ཡང་རང་རང་གི་ལུགས་ཀྱི་བཟང་ངན་ཀྱི་མི་ཆོས་གཏན་ལ་ཕབ་རྗེས་དེ་དག་གི་འདོར་ལེན་ ལའང་རེ་བ་འདོན་གྱིན་ཡོད་དོ། །དེ་དག་ལས་བཟང་བོའི་དོན་ལ《བོད་རྒྱ་ཚིག་མཛོད་ཆེན་མོ》ལས།"༡ལེགས་པ་དང་མཛེས་པ། ༢དགེ་བ་དང་ཕན་པ"ཞེས་བཀོད་ཡོད་ནའང་དེ་ནི་བཟང་བོ་ཞེས་པ་ཇི་འདྲ་ཞིག་ཡིན་པ་དང་དེ་ ཉིད་སྤྱོད་ལམ་གྱི་སྟེང་ནས་འཇོག་དགོས་སམ་ཡང་ན་དངོས་པོའི་རིན་ཐང་གི་སྟེང་ནས་འཇོག་པ་སོགས་ཇི་ཡང་མ་བཤད་པས་འགྲེལ་བཤད་མ་བྱས་པ་དང་འདྲའོ་སྙམ། མཁས་པ་ལ་ལས་བཟང་བ་ནི་སྒྲ་ཡངས་འཇུག་གིས་མི་མང་ ཕྱོགས་ཀྱིས་རིན་ཐང་དང་ལྡན་པར་འདོད་པའི་དངོས་པོ་ལ་བཤད་ལ། ལ་ལས་བཟང་བོའི་དོན་ལ་བཟང་བོ་ཞེས་ པས་མི་མང་ཕྱོགས་ཀྱི་འཚོ་བའི་དམིགས་ཡུལ་དང་། སྤྱོད་ལམ་ཀྱི་འབྲས་བུ་སོགས་རང་གི་འཐོབ་འདོད་ཀྱི་རེ་བ་དང་མཐུན་པའི་དངོས་བོ་སྟོན་པར་བཤད། 《ས་སྐྱ་ལེགས་བཤད》སོགས་ལས་བཟང་བོ་ཞེས་པ་སྐབས་འགར་སྤྱོད་ལམ་དང་སྐབས་ལ་ལར་སྐྱེས་བུའི་རང་བཞིན་ལ་སྦྱར་ནས་བཤད་ཀྱིན་ཡོད་ལ། སྐབས་འགར་སྐྱོན་དང་ཡོན་ཏན་གཉིས་ཀྱི་ཡོན་ཏན་ལ་སྦྱར་ནས་ཀྱང་བཤད་ཀྱིན་ཡོད་དོ། །ངན་པའི་དོན་ཡང《བོད་རྒྱ་ཚིག་མཛོད་ཆེན་མོ》ལས་མི་ངན་དང་དམན་པ་དང་ཞན་པ། གདུག་པའི་དོན་ཡིན་པར་བཤད་ཡོད། 《ས་སྐྱ་ལེགས་བཤད》སོགས་ལས་ཀྱང་ངན་པ་ནི་སྐབས་འགར་མི་དང་། སྐབས་འགར་དམ་པ་ལྟ་བུའི་ལྡོག་ཕྱོགས་སུ་སྦྱར་ཏེ་ཡང་བཤད་ཡོད། སྤྱིར་ན་བཟང་ངན་དང་ལེགས་ཉེས་སོགས་ཀྱང་ལ་ལར་བཟང་བ་ལ་ལར་ཉེས་བར་འགྱུར་པ་དང་ལ་ལར་ཉེས་པ་ལ་ལར་བཟང་དུ་འགྱུར་བའང་ཡོད་པས་བཟང་ངན་ལེགས་ཉེས་སོགས་ནི་རང་རྐྱ་བས་མ་ཡིན་པར་ལྟོས་ནས་འཇོག་དགོས་པ་ཡིན། དེ་བཞིན་དུ་ཀུན་སྤྱོད་ཀྱི་བཟང་ངན་དང་དེ་ལས་ཀྱང་གཞན་ལ་འགྲོགས་ལུགས་འཚོལ་བའི་ཀུན་སྤྱོད་ཀྱི་བཟང་ངན་ ཡང་ཡུལ་དང་དུས། ཁོར་ཡུག་སོགས་ལ་ལྟོས་ནས་འཇོག་དགོས་པ་ཡིན་ལ། དེ་ལྟར་ལྟོས་ནས་བཞག་པའི་བཟང་ངན་དང་ལེགས་ཉེས་སོགས་ཀྱང་མཚམས་འདི་ནས་ནི་བཟང་བ་དང་ལེགས་པ་ཡིན་ལ་མཚམས་འདི་ནས་ནི་ངན་པ་དང་ཉེས་པ་ཡིན་ཞེས་པའི་ཆག་ཚད་ཅིག་གཏན་ནས་མེད་པས་འདི་དག་གི་དབྱེ་བ་འབྱེད་པ་ནི་ཤིན་ཏུ་དཀའ་བ་ཡིན་ནོ། །དེའི་ཕྱིར་བུ་སྟོན་ཐམས་ཅད་མཁྱེན་པས་ཀྱང་།"དམ་པའི་ཚུལ་བཟུང་ཚུལ་འཆོས་མཁན་པོ་སྟེ། །སྙན་པར་སྨྲ་ན་མི་ཆོས་ཁ་གསག་ཅན། །ཀུན་དང་བསྟུན་ན་ཅོལ་ཆུང་བློ་སྣ་མང་། །རང་ཚུགས་བཟུང་ན་གྱོང་བོ་ཤིང་ལག་ཅན། །བདག་གི་སྤྱོད་ལམ་ཇི་ལྟར་བྱས་གྱུར་ཀྱང་། །ངན་པའི་སྙད་མ་བཏགས་པ་མ་བྱུང་ཞིང་། །ཐམས་ཅད་དགའ་བའི་སྤྱོད་པ་མ་ཤེས་བས། །གཅིག་པུར་དབེན་པར་གནས་ན་མི་ལེགས་སམ། །"ཞེས་དང་། ནང་བསྟན་མི་ཆོས་རིག་པའི་གཞུང《རྒྱལ་བོ་ལུགས་ཀྱི་བསྟན་བཅོས》ལས་ཀྱང་། "ལྟར་སྣང་བཟང་བོའི་རྐྱེན་ཕལ་ཆེར། །ངན་པའི་གེགས་སུ་གྱུར་པ་མང་། །ལྟར་སྣང་ངན་པའི་བྱ་བ་ཕལ། །རང་ལ་ཕན་པར་གྱུར་པའང་ཡོད། །ཤིན་ཏུ་འབྱེད་དཀའ་ཉམ་ང་བའི། ། གནས་ལ་གཞན་དྲིང་མི་འཇོག་པར། །ཤེས་རབ་སྟོབས་ཀྱིས་འབྱེད་བྱེད་པ། །དེ་དག་བློ་གྲོས་ལྡན་པར་བགྲང་། །"ཞེས་དང"དེ་མཚོན་བྱ་བ་སྣ་ཚོགས་ལ། །བགྱི་དང་མི་བགྱིའི་ཆག་ཚད་ནི། །བློ་གྲོས་གསལ་བས་མཐོང་འགྱུར་གྱི། །བླུན་པོས་འབད་ཀྱང་ཇི་ལྟར་ཤེས། །"ཞེས་སྐབས་མང་བོར་ལྟར་སྣང་ངན་པའི་བྱ་བ་ཡིན་ཡང་རང་ལ་ཕན་པར་འགྱུར་པ་ཡོད་པ་དང་ལྟར་སྣང་བཟང་བོའི་རྐྱེན་ཡང་སྐབས་འགར་གེགས་སམ་ངན་པར་འགྱུར་པ་ཡོད་ལ། གང་ཞིག་བགྱི་འོས་པ་དང་གང་ཞིག་བགྱི་མི་འོས་པའི་ཆག་ཚད་ལ་གཏན་ཁེལ་མེད་པས་དེ་དག་གི་ཁྱད་པར་འབྱེད་པ་ནི་ཤིན་ཏུ་དཀའ་ བར་གསུངས་སོ། །དེ་ལྟ་བུའི་བཟང་ངན་དང་ལེགས་ཉེས་སོགས་དང་འབྲེལ་བ་ཡོད་པའི་གཞན་དང་འགྲོགས་ལུགས་འཚོལ་བའི་མི་ཆོས་ལའང་ནང་བསྟན་མི་ཆོས་རིག་པའི་གཞུང་དུ་གྲོགས་དང་འགྲོགས་ལུགས་འཚོལ་བའི་སྐབས་ཀྱི་མི་ཆོས་དང་། ཕ་མ་གཉེན་འཁོར་སོགས་དང་འགྲོགས་ལུགས་འཚོལ་བའི་སྐབས་ཀྱི་མི་ཆོས། དགྲ་དང་འགྲོགས་ལུགས་འཚོལ་བའི་སྐབས་ཀྱི་མི་ཆོས། བར་མའི་སྐྱེ་བོ་དང་འགྲོགས་ལུགས་འཚོལ་བའི་སྐབས་ཀྱི་མི་ཆོས་སོགས་མི་ཆོས་ཀྱི་སྐོར་མང་དུ་གསུངས་ལ། དེ་དག་གི་སྐབས་སུ་ཡང《མི་ཆོས་གནད་ཀྱི་ཕྲེང་བར》"གནས་དང་ཕྱོགས་རྣམས་གང་དུ་འགྲོ་ཡང་རུང་། །གཞི་དང་གནས་མལ་གང་དུ་བྱེད་ཀྱང་རུང་། །གྲོགས་དང་འགྲོགས་ལུགས་སུ་ལ་འཚོལ་ཡང་རུང་། །གཞན་དང་བསྟུན་པ་མི་ཆོས་རྩ་བ་ཡིན། །"ཞེས་དགྲ་གཉེན་བར་མའི་སྐྱེ་བོ་སུ་ལ་འགྲོགས་ལུགས་བཙལ་ན་ཡང་གཞན་དང་བསྟུན་པ་ནི་མི་ཆོས་ཀྱི་རྩ་བ་ཡིན་པར་གསུངས་ལ། གཞན་ལ་བསྟུན་ཚུལ་ཡང《རྒྱལ་བོ་ལུགས་ཀྱི་བསྟན་བཅོས》ལས།"བསོད་ནམས་ལྡན་པའི་མི་རྣམས་ཀྱིས། །དུས་སུ་བྱ་བ་རྩོམ་པར་བྱེད། །ཁ་ཅིག་རྗེས་སུ་བཟུང་བས་ཏེ། །གཞན་དག་ཚར་གཅོད་པ་ཡིས་འདུལ། །ཐབས་ལ་མཁས་ན་སྐྱེས་བུ་དེས། །ཚེགས་ཆུང་བྱ་བས་དོན་ཀུན་འགྲུབ། །བརྐམ་ཆགས་ཅན་ནི་ནོར་གྱིས་བསླུ། །ཁེངས་ལ་ཐལ་མོ་སྦྱར་བས་ཏེ། །བླུན་པོ་རྗེས་སུ་མཐུན་པས་སོ། །ཐ་མལ་བ་ནི་ཟས་སྐོམ་གྱིས། །དམན་ལ་ཅུང་ཟད་བྱིན་པས་ཀྱང་། །ལྷ་དང་དྲང་སྲོང་སྐྱེས་བུ་མཆོག །མཁས་པ་རྣམས་ནི་བདེན་པས་མགུ། །མི་རྣམས་ཡིད་ནི་གང་ཡིན་པ། །ཤེས་ནས་དེ་མཐུན་སྤྱོད་པ་ཡིས། །ཕ་རོལ་ཡིད་ནི་དྲངས་བྱས་ན། །རླུང་གིས་ཤིང་བལ་ཇི་བཞིན་དུ། །གར་འདོད་འཁྲིད་ལ་དཀའ་བ་མེད། །"ཅེས་གཞན་གྱི་ཁམས་དང་མོས་པ་རྟོགས་པར་བྱས་ཏེ་ཐབས་མཁས་ཀྱིས་དེ་དང་བསྟུན་ཏེ་འགྲོགས་ལུགས་བཙལ་ན་ཚེགས་ཆུང་ངུས་ཀྱང་དོན་ཆེན་པོ་འགྲུབ་ནུས་པར་གསུངས་སོ། །དེར་མ་ཟད་དགྲ་གཉེན་བར་མའི་སྐྱེ་བོ་དང་འགྲོགས་པའི་སྐབས་སུ་དེ་དག་གིས་བྱམས་པས་ཕན་བཏགས་པ་དང་སྡང་བས་གནོད་པ་བྱས་པའི་ལན་བྱེད་ཚུལ་གྱི་མི་ཆོས་ལའང《སྐྱེ་བོ་གསོ་ཐིགས》ལས།"རྒྱ་མཚོ་དང་ནི་རི་རབ་གླིང་ལ་སོགས། །འཇིག་རྟེན་པ་རྣམས་བདག་གི་ཁུར་མིན་གྱི། །ཇི་ལྟར་བྱས་པ་མི་གཟོ་གང་ཡིན་པ། །དེ་ནི་བདག་གི་ཁུར་ཆེན་དག་ཏུ་འབྱུང་། །མི་གང་སེམས་ནི་མི་རྒོད་ཅིང་། །བྱས་པ་གཟོ་ཞིང་བྱས་པ་ཚོར། །བྱས་པ་ཆུད་གཟོན་མི་བྱེད་པ། །དེ་དག་མཁས་པས་རབ་ཏུ་བསྔགས། །"ཞེས་གཞན་གྱིས་ཕན་བཏགས་པ་ལ་ངེས་པར་དུ་བྱས་པ་གཟོ་དགོས་ཤིང་། བྱས་པ་གཟོ་བ་དང་བྱས་པ་ཚོར་བ། བྱས་པ་ཆུད་གཟོན་པར་མི་བྱེད་པ་ནི་མཁས་པས་བསྔགས་པའི་གནས་དང་། གཞན་གྱིས་ཕན་བཏགས་པ་ལ་བྱས་པ་མི་གཟོ་བ་ནི་ཁུར་ཆེན་པོ་ཡིན་པར་གསུངས་སོ། །དེ་བཞིན་དུ་སྡང་པས་གནོད་པ་བྱས་པའི་ལན་ལ《ཚོམས》ལས།"འདི་ན་ནམ་ཡང་ཁྲོ་བ་ཡིས། །དགྲ་རྣམས་ཞི་བར་མི་བྱེད་ཀྱང་། །ཁྲོ་བ་མེད་པར་ཞི་བར་འགྱུར། །འདི་ནི་གཡུང་དྲུང་ཆོས་ཡིན་ནོ། །"ཞེས་དང་《ས་སྐྱ་ལེགས་བཤད》ལས།"གལ་ཏེ་དགྲ་ཀུན་བརླག་འདོད་ན། །བསད་པས་དེ་ཀུན་ག་ལ་འཛད། །རང་གི་ཁྲོ་བ་གཅིག་བཅོམ་པས། །དགྲ་ཀུན་ཅིག་ཅར་བསད་པ་ཡིན། །"ཞེས་དགྲས་གནོད་པའི་ལན་དུ་རང་སེམས་གཅིག་པུ་འདུལ་བ་མཆོག་ཏུ་གསུངས་པ་ལྟ་བུའོ། །ལྷག་པར་དུ་གཞན་གྱི་ཡུལ་དུ་ཕྱིན་པའི་ཚེ《སྐྱེ་བོ་གསོ་ཐིགས》ལས།"གཞན་གྱི་ལྗོངས་སུ་ཕྱིན་པ་ན། །ཚིག་ངན་སོ་སོར་ཟློས་པ་ལ། །བཟོད་པ་ཆེན་པོ་བསྐྱེད་པར་བྱ"ཞེས་གཞན་གྱིས་གནོད་པ་ལ་བཟོད་པ་ལྷག་ཏུ་བསྐྱེད་དགོས་པར་གསུངས་ལ། སྐབས་ལ་ལར་ནི་དགོས་པའི་དབང་གིས"ཇི་སྲིད་འཇིགས་པ་མ་བྱུང་བར། །དེ་སྲིད་འཇིགས་ལ་འཇིགས་པར་བྱ། །འཇིགས་པ་མངོན་སུམ་བྱུང་ན་ནི། །འཇིགས་མེད་ཚུལ་གྱིས་གཞོམ་པར་བྱ། །"ཞེས་གཞན་གྱིས་གནོད་པ་ལ་འཇིགས་པ་མེད་པའི་ཚུལ་གྱིས་གཞོམ་པར་བྱ་བར་ཡང་འདོད་དོ། །དེ་ལྟར་ན་གཞན་གྱིས་ཕན་གནོད་བྱས་པའི་ལན་བྱེད་ཚུལ་ལ་ཕན་བཏགས་པ་ལ་ནི་ངེས་པར་དུ་བྱས་པ་གཟོ་དགོས་པ་དང་གནོད་པའི་ ལན་ལའང་གནས་ཚུལ་ཉིད་དང་བསྟུན་ནས་སྐབས་ལ་ལར་ནི་བཟོད་པ་བསྟེན་དགོས་པ་དང་སྐབས་ལ་ལར་ནི་གནོད་པ་གཞོམ་དགོས་པར་གསུངས་ལ། དེ་ལྟ་ནའང་ཕན་གནོད་གཉིས་ཀ་ལ་ལན་མེད་པ་ནི《སྐྱེ་བོ་གསོ་ཐིགས》ལས།"དེ་ལྟར་མ་ཡིན་རང་བཞིན་ངན་པའི་མི། །བྱམས་ལ་ལན་མེད་གཞན་གྱིས་ཕན་བྱས་བརྗེད། །སྡང་བས་གནོད་པ་ཇི་སྙེད་བྱས་གྱུར་ཀྱང་། །སྡང་ཐབས་བྱས་པ་དེ་ཡང་ཆུ་བཞིན་འཐུངས། །ཚེ་དང་ལོངས་སྤྱོད་གཉེན་བཤེས་ཀུན་དེར་དཀོན། །དེ་དག་རྒུད་པ་ཤིན་ཏུ་རྙེད་པར་སླ། །"ཞེས་ཕན་གནོད་གང་ལའང་ལན་མེད་པའི་མི་ནི་རང་བཞིན་ངན་ཞིང་དེ་ལ་གཉེན་བཤེས་དཀོན་ལ་རྒུད་པའང་ཤིན་ཏུ་སླ་བས་སྤང་བྱའི་མི་ཆོས་སུ་གསུངས་སོ། །འདི་དག་ནི་ནང་བསྟན་མི་ཆོས་རིག་པའི་གཞུང་གི་སྐྱེས་བུ་ཕལ་བ་ཞིག་གིས་གཞན་དང་འགྲོགས་ལུགས་འཚོལ་ཚུལ་ཀྱི་མི་ཆོས་ཀྱི་སྙིང་བོ་ལྟ་བུ་ཡིན་ལ། འདི་དག་གི་སྐབས་སུ་ཡང་དགྲ་ལྟ་བུར་ནི་ངེས་པར་དུ་འགྲོགས་ལུགས་འདི་ཡིན་དགོས་པ་དང་གཉེན་ལྟ་བུར་ཡང་ངེས་པར་དུ་འགྲོགས་ལུགས་འདི་ཡིན་དགོས་པ་ལྟ་བུའི་གཏན་ཁེལ་མེད་པར་དུས་དང་གནས་བབས་ཉིད་ལ་བསྟུན་དགོས་པར་འདོད་དེ《རྒྱལ་བོ་ལུགས་ཀྱི་བསྟན་བཅོས》ལས།"ཚོད་ཤེས་པ་ཡི་སྐྱེ་བོས་ནི། །དུས་སུ་དགྲ་དང་འདུམ་པར་བྱ། །དུས་སུ་བཤེས་དང་འཐབ་པར་བྱ། །རེས་འགའ་རྩོམ་འགྱུར་རེས་འགའ་ བཤོལ། །རེས་འགའ་ལྐུགས་པའམ་འོན་པ་ལྟ་བུར་གྱིས། །དུས་ལ་བབས་ན་ས་བདག་ལྟ་བུར་སྨྲོས། །རེས་འགའ་གངས་རི་བཞིན་དུ་བསིལ་བར་གྱིས། །དུས་སུ་བབས་ན་མེ་ལྕེ་བཞིན་དུ་སྦོར། །རེས་འགའ་རྩྭ་དང་འདྲ་བར་ཞུམ་པར་བྱ(1)། །དུས་ལ་བབས་ན་རི་རབ་ལྟ་བུར་གྱིས། །རེས་འགའ་རྒྱལ་བོ་ལྟ་བུར་འབྱོར་བྱ་ཞིང་། །དུས་ལ་བབས་ན་ཐུབ་བཞིན་ནགས་སུ་སོང་། །རེས་འགའ་དགའ་བའི་གླུ་གར་རྩེད་འཇོ་བྱ། །རེས་འགའ་རི་དྭགས་བཞིན་དུ་སྦ་བར་བྱེད། །དུས་སུ་སེང་གེ་བཞིན་དུ་རྩལ་ཉམས་བསྟན། །དུས་དང་དུས་མིན་ཤེས་ནས་དེ་ལྟར་སྤྱད། །"ཅེས་གསུངས་པ་ལྟར་དུས་དང་དུས་མ་ཡིན་པའི་རྣམ་དབྱེ་ལ་མཁས་པར་བྱས་ཏེ་དགོས་པ་ཡོད་ན་དགྲ་ལ་ཡང་འདུམ་དགོས་པ་དང་བཤེས་ ལའང་འཐབ་དགོས་ལ། རེས་འགའ་བྱ་བ་བརྩམས་པའང་བཤོལ་དགོས་པ་དང་རེས་འགའ་ལྐུགས་པའམ་འོན་པ་ལྟ་བུར་ཡང་གནས་དགོས་པ་སོགས་དུས་དང་བསྟུན་ནས་ལག་ཏུ་ལེན་དགོས་པར་གསུངས་སོ། །འདི་དག་ནི་ཕལ་བ་དག་གིས་གཞན་དང་འགྲོགས་ལུགས་བཙལ་ཚུལ་ཡིན་ལ། གཞན་ཡང་མཁས་པས་གཞན་དང་འགྲོགས་ལུགས་བཙལ་ཚུལ་གྱི་མི་ཆོས་དང་། །རྒྱལ་བོས་གཞན་དང་འགྲོགས་ལུགས་འཚོལ་ཚུལ། སྐྱེས་བུ་དམ་པས་གཞན་དང་འགྲོགས་ལུགས་འཚོལ་ཚུལ་གྱི་མི་ཆོས་སོགས་ཀྱང་ནང་བསྟན་མི་ཆོས་རིག་པའི་གཞུང་དག་ན་མང་དུ་གསུངས་ཡོད་ནའང་ཞིབ་ཏུ་བརྗོད་པའི་རྔོ་མ་ཐོགས་པས《ས་སྐྱ་ལེགས་བཤད》སོགས་ལ་མཇལ་ན་རིན་ཐང་གཞལ་དུ་མེད་པའི་ལེགས་བཤད་ཐང་མར་བརྡལ་ནས་ཡོད་དོ། །

མཆན:(1)རེས་འགའ་རྩྭ་དང་འདྲ་བར་ཞུམ་པར་བྱ་ཞེས་པ་འདི་རྒྱ་ནག་གི་གཏམ་དཔེ"རླུང་ཆེན་སྒང་ཁ་བརྒྱུད་དུས། རྩྭ་ཉལ་ནས་བསྡད་པ་འབའ་ཞིག་ལྷག"ཅེས་པ་འདི་དང་སྦྱར་ན་ལྷག་ཏུ་གོ་རྒྱུ་ཡོད་དོ། །

བྱ་མདོ་རབ་རྒྱས་ལགས་ནི་མདོ་སྨད་བྱ་མདོའི་མི་ཡིན་ཞིང་ད་ལྟ་མདོ་སྨད་བྱ་མདོ་ཚ་རྔ་དགོན་པའི་སློབ་གྲྭའི་དགེ་རྒན་ཡིན།


བརྒྱུད་འགོད།