དཔེ་ཆ་བལྟ་བ།

ཡོང་ཁུངས།   བསམ་བློའི་ཤེས་རིག     སྤེལ་དུས།  2015-12-08 15:13:09     རྩོམ་པ་པོ།   ཐོས་བསམ་རྒྱ་མཚོ།     ཀློག་ཐེངས།  

                  མིའི་རིགས་ཀྱི་ཤེས་རིག་གི་ཉིང་བཅུད་བསོག་འཇོག་བྱེད་ས་ནི་དཔེ་ཆ་ཡིན་པས་ན། ང་ཚོས་རང་ཉིད་ཀྱི་རིག་པ་དང་ཡོན་ཏན་གོང་དུ་སྤེལ་འདོད་ན་དཔེ་ཆ་ལ་སློབ་དགོས་པ་ནི་སྨོས་མེད་རེད། དེས་རྐྱེན་གྱིས་དེང་སྐབས་ང་ཚོས་དཔེ་ཆ་ཀློག་བཞིན་ཡོད་ཅིང་། དཔེ་ཆ་གང་མང་ཞིག་ཀློག་བཞིན་ཡོད་པ་དེས་རྐྱེན་གྱིས། དེའི་དགོས་དབང་དང་བསྟུན་ནས་ཀྱང་དཔེ་ཆ་གང་མང་མང་ཐོན་བཞིན་ཡོད་པ་རེད། དོན་དངོས་ཐོག་ང་ཚོས་ཀློག་དགོས་པ་དང་ཀློག་འདོད་པ་ནི་མིའི་ཤེས་རིག་གི་ཉིང་བཅུད་ཡིན་པ་ལས་གཞན་པའི་རྨོངས་བཤད་དང་ཉེས་བཤད་ཀྱི་དཔེ་ཆ་མང་བོ་ཞིག་ཀློག་པའི་དུས་ཚོད་ཀྱང་ཡོང་གི་མ་རེད་ལ་ཀློག་དགོས་དོན་ཡང་མེད།

ཡིན་ནའང་ང་ཚོ་ཐུན་མོང་གི་ངོས་འཛིན་ཞིག་ལ། དཔེ་ཆ་གང་ལ་བལྟས་ཀྱང་ཡོན་ཏན་སྦྱོང་གི་ཡོད་པ་དང་། དཔེ་ཆ་བཟང་བོ་ཞིག་སློབ་དགོས་པ་གཞིར་བཞག དཔེ་ཆ་ངན་པ་ཞིག་ཡིན་ནའང་རང་ཉིད་ལ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཡོད་མདོག་གི་དཔེ་ཆ་དེ་ཀློག་རྒྱུར་འཛེམ་བག་མེད་ཅིང་ད་དུང་ཡང་དཔེ་ཆ་ངན་པ་ཞིག་ཡིན་ནའང་དེའི་ནང་ན་བློ་བསྐྱེད་ལེན་རྒྱུ་ཡོད་པའི་རེ་བ་བྱེད་བཞིན་ཡོད་པ་རེད། གལ་ཏེ་སུ་ཞིག་གིས་དཔེ་ཆ་ག་གེ་མོ་ལ་ཁྱོད་ཚོས་མ་བལྟ་ཞེས་བརྗོད་ཚེ་མི་དེ་ཡི་ནག་ཉེས་ནམ་མཁར་མི་ཤོང་བ་ཞིག་བསགས་ཡོད་ཟེར་མཁན་ཡང་ཡོད།

མི་ལ་བཟང་ངན་ཡོད་པ་ལྟར་མི་རེ་རེ་ཡིས་ཐོན་རྫས་སུ་གྱུར་པའི་དཔེ་ཆ་ལའང་བཟང་ངན་ཡོད་པ་རེད། དེ་ལྟར་ན་ང་ཚོས་དཔེ་ཆ་ཀློག་པར་དཔེ་ཆ་ལ་དབྱེ་བ་འགར་དགོས་པ་མ་ཟད་དཔེ་ཆ་ངན་པ་ཞིག་ལ་བལྟས་པའི་ཉེས་དམིགས་དང་བག་ཆགས་ངན་པ་ཐེབས་ངེས་པའི་ཚུལ་ལ་ངོས་ཤེས་གསལ་བོ་དང་བརྟན་པོ་ཡོད་པའི་ཐོག་ནས། དཔེར་ན་དཔེ་ཆ་བཟང་བོ་གང་དག་ལ་བལྟ་དགོས་པའི་སྐོར་དང་། དཔེ་ཆ་ངན་པ་གང་དག་ལ་བལྟ་མི་དགོས་པའི་རིགས་གཉིས་གསལ་བོར་བཟོས་ཏེ་འདོར་ལེན་བྱེད་དགོས་བར་མ་ཟད། དེང་སང་ང་ཚོ་ཆ་མང་བོ་ཞིག་ནས་རུལ་སུངས་ཅན་དུ་འགྱུར་བཞིན་པའི་སྐབས་འདིར་དཔེ་ཆ་ལྟ་སྟངས་ཀྱང་རུལ་སུངས་ཅན་དུ་འགྱུར་བཞིན་པ་འདིས་སློབ་གཉེར་བ་མང་བོ་ཞིག་ལ་གནོད་པ་བྱེད་བཞིན་ཡོད་པར་དམིགས་ཏེ་དཔེ་ཆ་ངན་པའི་ནག་ཉེས་ཅུང་ཟད་ཅིག་གླེང་དགོས་པ་འདུག

དཔེ་ཆ་བལྟས་པའི་དགོས་པ། མི་རྣམས་དང་བོ་སྐྱེས་ཙམ་ཉིད་ནས་ཐམས་ཅད་ངུ་ཤེས་པ་ཙམ་ལས་ཁྱད་པར་གཞན་མེད་ནའང་། རྗེས་སུ་དུས་ཚོད་ངེས་ཅན་ཞིག་འགོར་བའི་རྗེས་སུ་མི་དང་མིའི་བར་ལ་དམ་པ་དང་ཕལ་བའི་ཁྱད་པར། སོ་སྐྱེས་དང་འཕགས་པའི་ཁྱད་པར། མི་ངན་དང་བྱང་ཆུབ་སེམས་དཔའི་ཁྱད་པར་ནམ་མཁའི་ཕ་རོལ་དང་ཚུར་རོལ་ལྟར་ཤོར་འགྲོ་བ། མདོ་ལས། ནམ་མཁའ་དང་ནི་ས་གཞིའི་བར་ཡང་རིང་། །རྒྱ་མཚོའི་ཕ་རོལ་ཚུ་རོལ་མཐའ་ཡང་རིང་། །ཤར་དང་ནུབ་ཀྱི་བར་ཐག་དེ་བས་རིང་། །ཕལ་དང་དམ་པའི་ཆོས་ཀྱང་དེ་བས་རིང་། །ཞེས་གསུངས་པ་ལྟར་མི་དང་མིའི་བར་གྱི་ཁྱད་པར་ཀྱང་རྒྱ་མཚོའི་ཕ་རོལ་དང་ཚུར་རོལ་ལྟར་ཤོར་ཟིན་ཅིང་། ད་དུང་ ཡང་ཤོར་ངེས་ཡིན་པ་འདི་གང་ལ་ཐུག་ཡོད་ཟེར་ན། གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས། དལ་བའི་རྟེན་ཐོབ་རྒྱལ་བའི་བསྟན་དང་མཇལ། །མཚན་ལྡན་བཤེས་དང་ཆོས་མཐུན་གྲོགས་ཀྱིས་བསྐྱངས། །མཐུན་རྐྱེན་རྟེན་འབྲེལ་འཛོམས་པ་འདི་འདྲ་བ། །ཡང་ཡང་རྙེད་པར་དཀའ་ལ་དོན་ཆེ་བས། །ཕྱི་བཤོལ་སྤངས་ཏེ་སྙིང་བོ་ལོངས་ཤིག་ཨང་། །ཞེས་གསུངས་པ་ལྟར། མཐུན་རྐྱེན་རྟེན་འབྲེལ་དེ་དག་འཛོམས་པ་ལ་བརྟེན་ནས་རྗེ་བདག་ཉིད་ཆེན་པོ་གཙོ་བྱས་ པའི་ཚེ་བློས་བཏང་གི་སྐྱེས་བུ་དམ་མང་བོ་བྱུང་བ་དང་། དེ་དག་གི་རྣམ་ཐར་ལ་ཁ་མིག་ཡར་བལྟ་དང་དད་པ་བྱེད་ མཁན་ཚུན་ཆད་ནས་ཀྱང་དུས་དང་བསྟུན་པའམ་རང་ཚོད་དང་མཐུན་པའི་མཐུན་རྐྱེན་རྟེན་འབྲེལ་དེ་དག་ འཛོམས་པ་ལ་བརྟེན་ནས་བྱུང་བ་དང་། མདོར་ན། མི་དང་མིའི་བར་ལ་རྒྱལ་བོ་དང་ཆོམ་རྐུན་གྱི་ཁྱད་པར་ཤོར་བ། བླ་མ་དང་རྐུན་མའི་ཁྱད་པར་ཤོར་བ། སོ་སྐྱེས་དང་འཕགས་པའི་ཁྱད་པར་ཤོར་བ་ཐམས་ཅད་མི་རང་ཉིད་བསམ་བློ་ནར་སོན་པའི་བརྒྱུད་རིམ་ཁྲོད་ནས་དེའི་མཐུན་རྐྱེན་དུ་གྱུར་པའི་རིག་གཞུང་དང་དགེ་རྒན་གྲོགས་སོགས་ལ་བརྟེན་ནས་བྱུང་བ་འདི་འཛམ་གླིང་ཤར་ནུབ་ཐམས་ཅད་ཀྱི་ཁས་ལེན་ཞིང་ཕ་མ་ཐམས་ཅད་ཀྱིས་ཚུལ་འདི་ཤེས་ནས་རང་རང་གི་བུ་ཕྲུག་གི་དོན་དུ་དེའི་དོན་འབད་པ་བྱེད་བཞིན་ཡོད་པ་རེད།

དེ་ལྟ་ན་དཔེ་ཆ་བལྟ་བ་ཡང་མི་དང་མིའི་བར་ལ་ཁྱད་པར་ཤོར་བྱེད་ཀྱི་རྒྱུ་གཙོ་བོ་དེ་ཡིན་པས་ན། གནས་སྐབས་སུ་བསམ་བློ་ག་རེ་འཁོར་ཡང་ཆོག དོན་དངོས་ཐོག་དཔེ་ཆ་གང་འདྲ་ཞིག་ཀློག་ན་ཡང་དཔེ་ཆ་དེ་སློབ་པ་ཡིན་པས་རང་གི་བསམ་བློའི་འཁོར་ཕྱོགས་དང་དམིགས་ཡུལ་ལ་འགྱུར་པ་ཐེབས་པའམ་བག་ཆགས་གཞན་ཞིག་གི་རེ་བ་འདོན་ངེས་ཡིན་པས། མཐུར་གཏུགས་ན་དཔེ་ཆ་ཡི་བདམས་གསེས་དེ་མི་ཚེ་ལ་བདམས་གསེས་གཏོང་བ་རང་ཡིན། དཔེ་ཆ་ངན་པ་བལྟས་པའི་སྐྱོན། གྲོགས་བཟང་བོ་སྨན་གྱི་ལྗོན་ཤིང་ཡིན་ཟེར་བ་ལྟར་གྲོགས་བཟང་བོ་ལ་བསྟེན་ན་འཇིག་རྟེན་བླང་དོར་གྱི་གནས་ལུགས་རྟོགས་པ་ལ་ཕན་ཐོགས་ཡོད་ཅིང་བདེན་པ་དང་བཟང་ལམ་དུ་འགྲོ་བར་འགྲོ་རོགས་དང་སྐུལ་མ་ཐེབས་པ་དེ། གྲོགས་བཟང་བོ་སྨན་གྱི་ལྗོན་ཤིང་གིས་རང་གི་ནད་སེལ་བའི་དཔེ་ཡིན་ལ། གྲོགས་ངན་པ་ལ་བརྟེན་ན་གནས་ལུགས་ལ་འདྲིས་པའི་ཤེས་རབ་ཉམས་ཤིང་ནོར་བ་དང་ཕྱིན་ཅི་ལོག་གི་ལམ་ལ་འཇུག་པའི་ནད་སྐྱེད་པར་བྱེད་པ་དེ། གྲོགས་ངན་པ་དུག་གི་སྡོང་བོ་ཡིན་པའི་དཔེ་སྟེ་དཔེ་འདི་གཉིས་ཆོས་དང་འཇིག་རྟེན་གཉིས་ཀའི་ཆ་ནས་བླང་དོར་བྱེད་བཞིན་ཡོད་པ་རེད། དཔེ་ཆ་བལྟ་བའང་རྩོམ་པ་བོ་དེས་བརྩམས་པའི་གཏམ་ལ་ཉན་པ་ཡིན་པས་རྩོམ་པ་བོ་ལ་འགྲོགས་འདྲིས་བྱས་པ་དང་གཅིག་པ་རེད།

གལ་ཏེ་རྩོམ་པ་བོ་ངན་པ་ཞིག་ཡིན་ན་དཔེ་ཆ་དེ་ཀློག་པ་གྲོགས་ངན་པ་དུག་གི་སྡོང་བོ་ལ་བསྟེན་པའི་ཉེས་དམིགས་ལ་གཡོལ་ཐབས་ཡོད་པ་མ་རེད། དཔེ་ཆ་ངན་པ་ཞིག་ཀློག་པ་དེ་སྡིག་པའི་གྲོགས་པོ་བསྟེན་པ་ཡིན་ལ། ལོག་ལྟ་ཅན་དང་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ལས་འདས་པའི་དཔེ་ཆ་ལ་བལྟ་བ་དེས་གྲོགས་མུ་སྟེགས་ཅན་ལ་འགྲོགས་འདྲིས་བྱས་པ་ཡིན་པས། དོན་གྱིས་དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་ཅན་དང་མི་འགྲོགས་པ་ཞེས་པའི་སྐྱབས་འགྲོའི་བསླབ་བྱ་དང་ཡང་འགལ་ཡོད་པ་རེད། སྐྱབས་འགྲོ་དང་ལས་འབྲས་ཀྱི་ལྟ་བ་དང་དད་པ་དེ་ཆོས་ནས་ཐོས་པ་ཙམ་མ་ཡིན་པར་སྒྲུབ་གྲོགས་དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་དགེ་འདུན་གྲོགས་སུ་བསྟེན་ཏེ། དད་པ་དང་ཉམས་ལེན་སྤེལ་དགོས་ལ་འཕེལ་བར་ཡང་འགྱུར་བ་ལྟར། འདིའི་ལྡོག་ཕྱོགས་ནས་གྲོགས་ལོག་ལྟ་ཅན་དང་མུ་སྟེགས་ཅན་ལ་འགྲོགས་པ་དེ་ཡང་ལོག་ལྟ་དང་ཕྱིན་ཅི་ལོག་གི་བློ་སྤེལ་བ་ཡིན་ལ་འཕེལ་བར་ཡང་འགྱུར་པ་འདི་ལམ་གྱི་ཆོས་ཉིད་དང་རྒྱུ་འབྲས་ཀྱི་ཆོས་ཉིད་ཀྱང་ཡིན་པས་ན། དཔེ་ཆ་སྣ་ཚོགས་ལ་བལྟ་བ་དེ་དངོས་གནས་བྱས་ན་ཆོས་ཀྱི་ཉམས་ལེན་དང་ཡང་འགལ། སྟོན་པའི་བསླབ་བྱ་དང་ཡང་འགལ་བའི་ལས་མ་རུང་བ་ཞིག་ཡིན་པ་ཐག་གིས་ཆོད་ནའང་། ངེད་ཅག་ལ་དཔེ་ཆ་ངན་པ་ལ་བལྟ་བའི་སྐབས་སུ་ཉེན་ཁ་ཞིག་ཡོད་པའི་དོགས་པ་ཙམ་ཡང་མི་བྱེད་པར་བལྟ་ཆོག་ཆོག་བྱེད་ཀྱིན་ཡོད། གོ་ཐོས་ལྟར་ན་གྲྭ་བ་ཚོས་ལྟ་ལོག་གི་དཔེ་ཆ་ཉོ་རྒྱུ་མང་དྲགས་པའི་རྒྱུ་མཚན་གྱིས་ལྟ་ལོག་གི་དཔེ་ཆ་བྲིན་པོ་བྱུང་བ་དང་དེ་ལ་བརྟེན་ནས་ལྟ་ལོག་པ་ཚོས་ལྟ་ལོག་གི་སྐད་ཆ་བཤད་རྒྱུ་དང་དཔེ་དེབ་བསྐྲུན་རྒྱུར་ཁོར་ཡུག་ཅིག་བཟོས་འདུག ཅེས་གསུང་མཁན་ཡང་འདུག་ལ། ཟི་ལིང་ནས་མཚམས་རེར་ཐག་རིང་གི་དགོན་པ་རེའི་ཆེད་དུ་ལྟ་ལོག་གི་དཔེ་ཆ་བཞི་བཅུ་ལྔ་བཅུ་སྡེབ་གཅིག་ལ་ཉོ་མཁན་གྱི་གྲྭ་བར་ཐུག་རྒྱུ་ཡོད་པས། ངོ་མ་ལྟ་ལོག་གི་དཔེ་ཆ་ཉོ་མཁན་ཚང་མ་གྲྭ་བ་རེད་སྙམ་པའི་སྣང་བ་ཞིག་ཀྱང་སྐྱེས་འོང་། གྲྭ་བ་ཚོས་དཔེ་ཆ་ངན་པ་ལ་བལྟ་བ་དེ་མང་ཆེ་བས་ཕྱོགས་སྔའི་འདོད་པ་ངན་པ་ངོས་བཟུང་བ་དང་དགག་བྱ་དེ་འགོག་པའི་ཆེད་དུ་དགོས་པ་ཡོད་བསམ་ནས་ལྟ་བཞིན་ཡོད་ན་ཡང་བལྟས་པའི་རྗེས་སུ་འདོད་པ་ཁ་ཤས་ཤིག་དགག་བྱར་མཐོང་ན་ཡང་། འདོད་པ་ཁ་ཤས་ཤིག་འཐད་པར་མཐོང་ནས་ཡུན་གྱིས་བག་ཆགས་ངན་པ་ཞིག་བཞག་ཡོང་ཀིན་ཡོད། ང་ཚོས་སྐད་ཆ་ངན་པ་དེ་ཚོ་འགོག་དགོས་མིན་ཡང་མི་ཤེས་ལ་དགོས་ན་ཡང་། ང་ཚོ་སུས་ཀྱང་དེ་དག་འགོག་པའི་འགན་འཁུར་དགོས་མིན་ཀྱང་མི་ཤེས། གལ་ཏེ་འགོག་ན་ཡང་གཙོ་བོ་སྒྲུབ་ཕྱོགས་ནས་རིག་པའི་ཆུ་ཚད་ཇེ་མཐོར་བཏང་སྟེ། དཔེར་ན་དེང་སྐབས་ཀྱི་འཛམ་གླིང་སྤྱིའི་འཕེལ་རྒྱས་དང་དེའི་ཆོས་ཉིད། མིའི་སྤྱི་ཚོགས་ཀྱི་ངོ་བོ་དང་དེའི་དཀའ་ངལ་སོགས་རང་ཚོད་ཀྱིས་རྒྱ་གང་ཆེ་དང་གཏིང་གང་ཟབ་བྱས་ནས་ཆོས་དང་འཇིག་རྟེན་གཉིས་ཀའི་གོ་རྟོགས་གང་འཚམས་ཤིག་ཡོད་ན། ལྟ་བ་འདྲ་མིན་ཅི་འདྲ་ཞིག་བཤད་ཀྱང་རང་སེམས་ལ་རྙོག་དྲ་དང་དཀའ་ངལ་ཡོང་གི་མ་རེད་ལ། དེའི་ཚེ་ན་དགག་བྱ་དེ་ཚོ་འགོག་པའི་བྱ་བ་ཡང་ཆུང་ཆུང་ཞིག་དུ་མཐོང་ཡོང་ཀི་རེད། དེ་ལྟ་ན་ང་ཚོས་དཔེ་ཆ་ངན་པ་ལ་བལྟ་དགོས་པའི་རྒྱུ་མཚན་ཆེན་པོ་མེད་པར་མཐོང་ལ། མ་བལྟས་ན་དགོས་པ་ཆེན་པོ་ཡོད་པར་མཐོང་སྟེ་རང་རྒྱུད་གཙང་མ་ཡོང་བ་དང་། ཐ་ན་གང་འདོད་དུ་བཤད་པའི་དཔེ་ཆ་དེ་ཚོ་ཇེ་ཉུང་དུ་འགྲོ་བ་ལ་ཅུང་ཟད་རེ་ཕན་པའི་ཕྱིར་རོ། །

དཔེ་ཆ་ངན་པའི་བྱེད་ལས། བོད་ཀྱི་ཁ་དཔེ་ལ། མགོ་ཡོད་ན་ཀླད་པ་མིས་བླུགས་ཡོང་ཟེར་བའི་དཔེ་ལྟར་རང་གིས་གཟབ་གཟབ་མ་བྱས་ན་ཁྱོད་ཀྱི་མགོའི་ནང་དུ་ཀླད་པ་སུ་ཞིག་གིས་ལྡུག་རྒྱུ་ཡིན་མིན་མི་ཤེས་ལ། ཀླད་པ་དེ་བླུགས་ཚར་ན་ཁྱོད་ཀྱིས་དེ་ལ་ཁ་ལོ་བསྒྱུར་མི་ཐུབ་པར་དེས་ཁྱོད་ལ་ཁ་ལོ་བསྒྱུར་བར་བྱེད་དེ། དཔེར་ན། འཇིག་རྟེན་གྱི་དབང་དུ་བྱས་ན་བསླབ་བྱ་བཟང་བོ་ཞིག་སེམས་ལ་སོང་བ་ལ་བརྟེན་ནས་མི་ཞིག་ཁྲི་ཐོག་གི་རྒྱལ་བོར་འགྱུར་པ་དང་། སློབ་གསོ་ངན་པ་ཞིག་སེམས་ལ་འབྱོར་བ་ལ་བརྟེན་ནས་མི་ཞིག་བཙོན་ནང་གི་རྐུན་མར་འགྱུར་རྒྱུ་ཡོད་པ་གཉིས་ཀླད་པའི་བཀོད་འདོམས་ལ་ཉན་པའི་དཔེ་མཚོན་དང་། ཡང་མགོའི་ནང་དུ་ཀླད་པ་གང་ཞིག་ལྡུག་རྒྱུ་གལ་ཆེ་ཚུལ་མཚོན་པའི་དཔེ་མཚོན་ཡང་ཡིན། དཔེ་ཆ་ཀློག་པ་དེ་ཀླད་པ་འཚོལ་བའི་བྱེད་སྟངས་ཤིག་ཡིན་པས་དཔེ་ཆ་རྩ་ཆེན་པོ་བཀླགས་ན་རང་གི་བསམ་བློ་ཕུན་སུམ་ཚོགས་པ་ཡོང་ཞིང་སྐྱིད། དཔེ་ཆ་འདྲ་མིན་སྣ་ཚོགས་བཀླགས་ན་རང་གི་བསམ་བློ་ཡང་སྣ་ཚོགས་ཅན་དང་རྙོག་དྲ་ཅན་དཀའ་ཁག་ཅན་དུ་འགྱུར། དེའི་རྒྱུ་མཚན་གྱིས་དཔེ་ཆ་སྙིང་བོ་མེད་པ་དེ་ཚོ་ཀློག་པ་ནི་བསམ་བཞིན་དུ་རང་ཉིད་སྙིང་བོ་མེད་པར་གཏོང་བ་དང་རང་གི་ཀླད་པའི་ནང་དུ་སྙིང་བོ་མེད་པའི་དཀར་ཆག་བསྒྲིགས་པ་ལྟ་བུ་རེད། ཡང་ཆོས་ཚིགས་བཅད་གཅིག་ལ་གསེར་སྲང་སྟོང་ལས་ལྷག་པའི་རིན་ཐང་ཡོད་ན། གཏམ་ལོག་བཤད་གཅིག་ལ་དུག་ནག་སྲོག་ལ་རྒོལ་བའི་ནུས་པ་ཡོད་པས་དཔེ་ལོག་ལ་བལྟ་བ་ནི་དུག་ནག་སྲོག་གི་གསོས་སུ་འཐུང་བཞིན་པའི་ངང་ཚུལ་རང་ཡིན་ཟེར་ཀྱང་ཆོག ཡང་སྟོན་པ་ཐུགས་རྗེ་ཅན་གྱིས། འཁོར་རྣམས་ཀྱི་ནང་ནས་ཤཱ་རིའི་བུ་ལ་མ་གཏོགས་མུ་སྟེགས་པའི་གཞུང་ལ་ལྟ་བ་གནང་མེད་ལ། ཤཱ་རིའི་བུ་ལ་ཡང་ཡིད་མི་བདེ་བའི་སྐབས་སུ་མ་གཏོགས་གནང་མེད་པ་ལ་བསམ་བློ་བཏང་ན་ང་ཚོ་ལ་ནི་ཕྱི་རོལ་པའི་གཞུང་ལ་བལྟ་ཆོག་པའི་གདེང་གང་ན་ཡོད། ཡང་དཔེ་ཆ་ངན་པ་ལ་བལྟ་བའམ་སྡིག་པའི་གྲོགས་པོ་ལ་བསྟེན་ན་གླང་ཆེན་སྨྱོན་པ་ལ་འགྲོགས་པའི་ཉེན་ཁ་ཡོད་ཅེས། སྟོན་པ་ཐུགས་རྗེ་ཅན་གྱི་ཞལ་ནས། བྱང་ཆུབ་སེམས་དཔའ་གྲོགས་ངན་པ་ལ་འཇིགས་པ་ལྟར་གླང་བོ་ཆེ་མྱོས་པ་ལ་ནི་མ་ཡིན་དེ་འདིས་ནི་ལུས་ཙམ་འཇིག་པར་བྱེད་ཀྱི། སྔ་མས་ནི་དགེ་བ་དང་སེམས་རྣམ་པར་དག་པ་གཉིས་ཀ་འཇིག་པར་བྱེད་པའི་ཕྱིར། ཞེས་གསུངས་པ་ལྟར་དཔེ་ཆ་ངན་པ་ལ་བལྟ་བ་དེར་མ་མཐའ་ཡང་གླང་ཆེན་སྨྱོན་པ་ཞིག་ལ་ཐུག་པའི་ཉེན་ཁ་ཡོད་པ་ནི་དོགས་ཟོན་བྱེད་དགོས་ས་ཤིག་རེད། ལྷག་པར་རྒྱལ་སྲས་ལག་ ལེན་ལས། གང་དང་འགྲོགས་ན་དུག་གསུམ་འཕེལ་འགྱུར་ཞིང་། །ཐོས་བསམ་སྒོམ་པའི་བྱ་བ་ཉམས་འགྱུར་ལ། ། བྱམས་དང་སྙིང་རྗེ་མེད་པར་སྒྱུར་བྱེད་པའི། །གྲོགས་ངན་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པ་འདིས་དཔེ་ངན་སྤོང་བ་རྒྱལ་སྲས་ལག་ལེན་ཡིན་ཞེས་ཀྱང་དོན་གྱིས་ཐོབ་བོ། །

དཔེ་ཆ་སྣ་ཚོགས་ཀྱི་འབྱུང་རྐྱེན། སྤྱིར་ན་དཔེ་ཆ་འདྲ་མིན་སྣ་ཚོགས་ཤིག་ཐོན་པ་དེས་དེང་སང་གི་ལོ་ཆུང་རིག་པ་ཅན་མང་བོ་ཞིག་གི་བསམ་བློ་ནར་སོན་པའི་བརྒྱུད་རིམ་ལ་ཤུགས་རྐྱེན་ཐེབས་ཤིང་། དེ་ནི་བོད་སྤྱིའི་ལྟ་སྤྱོད་ལ་འགྱུར་པ་དང་ཤུགས་རྐྱེན་ངན་པ་ཐེབས་པའི་གོད་ཆག་དང་བཀྲ་མ་ཤིས་པ་ཞིག་ཡིན། རུལ་སུངས་ཀྱི་རང་དབང་ལྡན་པའི་དེང་སང་གི་དུས་སྐབས་འདི་གོ་སྐབས་སུ་བཟུང་ནས་མི་ཁ་ཤས་ཀྱིས་བསམ་ཚུལ་ཉི་ཚེ་བ་ཞིག་བློ་ཡུལ་དུ་སོང་དྲགས་པ་ལ་བརྟེན་ནས་དཔེ་ཆ་འདྲ་མིན་སྣ་ཚོགས་ཤིག་ཐོན་པའི་ཐོན་ཁུངས་རྒྱ་ཇེ་ཆེ་རུ་སོང་ཡོད་ན་ཡང་། དཔེ་ཆ་དེ་དག་གི་དགེ་སྐྱོན་ལ་ཞིབ་ཏུ་བལྟས་ནས་བོད་ཀྱི་མི་སྒེར་དང་སྤྱི་བའི་ལས་དོན་ལ་ཤུགས་རྐྱེན་ག་འདྲ་ཐེབས་ཀྱིན་ཡོད་པ་བོད་མི་ཡིན་ཚད་ཐམས་ཅད་ཀྱིས་བསམ་བློ་གཏོང་དགོས་པ་འདི་འོས་འགན་ཡིན་པ་མ་ཟད། ཇི་ལྟར་བྱས་ནས་སྤྱི་དང་སྒེར་གཉིས་ཀ་ལ་གནོད་པའི་བསམ་ཚུལ་དང་། རིག་གཞུང་གི་རིན་ཐང་མེད་པའི་བསམ་ཚུལ་དེ་དག་སྟོན་པའི་དཔེ་ཆ་དང་བཅས་པ་ཇི་ལྟར་ལྡོག་པའི་ཐབས་ལ་འབད་དགོས་པ་ཡང་བོད་མི་ཡིན་ཚད་ཐམས་ཅད་ཀྱི་འོས་འགན་ཡིན་པ་བཤད་མ་དགོས།

ཐོས་བསམ་རྒྱ་མཚོ་ནི་མདོ་སྨད་མང་རའི་མི་ཡིན་ཞིང་ད་ལྟ་མདོ་སྨད་མང་རའི་ཐོ་ལེའི་དགོན་པའི་དགེ་རྒན་ཡིན།


བརྒྱུད་འགོད།