སྐྱེ་བ་སྔ་ཕྱི་སྐོར་ཅུང་ཙམ་གླེང་བ།

ཡོང་ཁུངས།   བསམ་བློའི་ཤེས་རིག     སྤེལ་དུས།  2015-12-08 15:09:44     རྩོམ་པ་པོ།   མང་རའི་ཚེ་དཔལ་སྟོབས་རྒྱལ།     ཀློག་ཐེངས།  

གླེང་གཞི།

 གང་ནས་འོང་ཞིང་གང་དུ་འགྲོ་བའི་གནད་དོན་འདི་ལ་གནའ་དེང་གི་མཚན་ཉིད་པ་དང་ཆོས་ལུགས་པ། ཚན་རིག་པ་སོགས་ཀྱིས་ལོ་ངོ་སྟོང་ཕྲག་མང་བོར་ཞིབ་འཇུག་དང་རྩོད་གླེང་བྱས་པའི་གནད་དོན་གལ་ཆེན་ཞིག་ཡིན། དེ་ཡང་ཐོག་མར་འགྲོ་བ་མིའི་རིགས་འདི་ས་སྒང་རིལ་བོ་འདིའི་སྟེང་དུ་འཚོ་སྡོད་བྱས་པ་ནས་བཟུང་། རང་རང་གི་བདེ་བའི་ཆེད་དུ་རིགས་པ་སྣ་ཚོགས་ལ་བརྟེན་ནས་མིག་སྔར་གྱི་དཀའ་ངལ་ཇི་ལྟར་སེལ་བ་དང་བདེ་བ་ཇི་ལྟར་སྒྲུབ་པའི་ཐབས་ལ་ཞིབ་འཇུག་དང་བརྟག་དཔྱད་བྱས་ཏེ་ཚེ་འདིའི་བདེ་བ་ཁོ་ན་ཙམ་བསྒྲུབས་པ་ཡིན། རྗེས་སུ་མི་རྣམ་དཔྱོད་ཅན་མང་བོ་ཞིག་གིས་ཚེ་འདིའི་གནད་དོན་ཁོ་ན་ཐག་གཅོད་བྱས་ན་ཆོག་གམ། མི་ཤི་རྗེས་གཏན་མེད་དུ་འགྲོ་བ་ཡིན་ནམ། ཡང་ན་སླར་འཇིག་རྟེན་འདིར་ཡོང་བ་ཡིན་པ་སོགས་ལ་བསམ་བློ་བཏང་ནས་སྐྱེ་བ་ཕྱི་མ་ཡོད་པ་རྟོགས་ལ། འཇིག་རྟེན་འདིར་སྐྱེ་ན་སྡུག་བསྔལ་ཚད་མེད་པ་མྱོང་དགོས་པས་སྡུག་བསྔལ་གྱི་རྒྱུན་ཇི་ལྟར་གཅོད་དགོས་པའི་  ཐབས་ལ་བརྟག་དཔྱད་དང་ཞིབ་འཇུག་བྱས་ནས་ཆོས་ལུགས་བྱུང་བ་ཡིན། སྐྱེ་བ་སྔ་ཕྱི་ཡོད་པའི་བསམ་བློ་ནི་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་སྐབས་སུ་བྱུང་བ་ཞིག་མ་ཡིན་པར་ཚེ་ལོ་དཔག་མེད་ཀྱི་དུས་སུ་བྱུང་བ་ཞིག་སྟེ།   གྲུབ་མཐའ་རྩ་བ་ལས།"ཚེ་ལོ་དཔག་མེད་དུས་སུ་སེར་སྐྱ་ཡིས། །གྲངས་ཅན་གཞུང་བརྩམས་དེའི་བདག་རྣམ་དབྱེ་ལ། །སྒྲོ་བཏགས་མི་འདྲས་མུ་སྟེགས་ལུགས་མང་གྱེས། །"ཞེས་གསུངས་པ་ལ་དཔག་ན་སྐྱེ་བ་སྔ་ཕྱིའི་ལྟ་ཚུལ་འདི་སྔ་མོ་ཞིག་ནས་བྱུང་ཡོད་པ་ཤེས་ཐུབ།

ཚན་རིག་ལ་རྨོངས་དད་བྱེད་པའི་དུས་སྐབས་འདིར་ཚན་རིག་གི་ཟེར་སྒྲོས་ཐམས་ཅད་ཚད་མར་རློམས་ཤིང་། ནང་བའི་ལྟ་གྲུབ་ཡོད་ཚད་རྗེས་ལུས་ཡིན་པའི་འགལ་འདུའི་ལྟ་བ་ཞིག་ད་ལྟའི་ན་གཞོན་མང་བོའི་བློ་ངོར་ངང་གིས་གྲུབ་ན་ཡང་། བདེན་ལུགས་ལ་ནམ་ཡང་འགྱུར་པ་མེད་པས་ཚན་རིག་གིས་བརྟག་དཔྱད་དང་རིགས་པས་དཔྱད་བཟོད་ཚུགས་པ་ཞིག་ཡིན། ཚན་རིག་དང་ཆོས་ལུགས་གཉིས་འགལ་བར་བཟུང་བའི་ལྟ་བ་འདི་བོད་རང་ས་རང་ཡུལ་ནས་བྱུང་བ་ཞིག་མ་ཡིན་པར་ཕྱི་གླིང་བས་ཤན་ཐེབས་པ་ཡིན་ཏེ། ཚན་རིག་དང་རིགས་པས་དཔྱད་བཟོད་མི་ཚུགས་པའི་ནུབ་ཕྱོགས་ཀྱི་ཆོས་ལུགས་ཀྱི་སྐྱོན་ཆ་ཐམས་ཅད་དེང་དུས་ན་གཞོན་མང་བོ་ཞིག་གིས་བརྟག་དཔྱད་མ་བྱས་པར་བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་ནང་བ་ལ་སྐྱོན་ཆ་དེ་དག་མཆིས་པར་སྒྲོ་བཏགས་བྱས་པ་སྟེ། "ནང་ཆོས་ཚན་རིག་དང་མཐུན་པ་མ་ཟད་ཚན་རིག་ལས་བརྒལ་འདུག "ཅེས་ཨན་ཡིན་སི་ཐན་གྱིས་གསུངས་པར་བལྟས་ན་ཡང་དཔག་ཐུབ།

ཉེ་བའི་ལོ་འགའི་རིང་ལ་ནུབ་ཕྱོགས་ཀྱི་ཚན་རིག་པ་རྣམས་ཀྱིས་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ལ་ཞིབ་འཇུག་དང་བརྟག་དཔྱད་བྱས་མཐར། ཚན་རིག་པ་དང་གསོ་རིག་ཆེད་མཁས་མང་བོས་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཡོད་པའི་གནས་ལུགས་ར་སྤྲོད་བྱས་པ་རེད། སྤྱིར་ནང་བའི་གཞུང་ལུགས་སུ་རིགས་པ་མཐའ་ཡས་པའི་སྒོ་ནས་བསྒྲུབས་ཡོད་ནའང་། འདིར་ཕྲན་གྱིས་བདག་དང་བདག་འདྲ་བའི་སློབ་གཉེར་བ་མང་བོ་ཞིག་ལ་ཨེ་ཕན་སྙམ་ནས་རྒྱ་ཡིག་ལས་རང་གི་མོས་པ་ལྟར་མཁོ་ཆེ་བ་རྣམས་བཏུས་ནས་བསྒྱུར་བ་ཡིན།

དང་བོ། འདས་ལོག

སྐྱེ་བ་སྔ་ཕྱི་བཤད་པ་ལ་ཐོག་མར་རྣམ་ཤེས་ཡོད་མེད་ར་སྤྲོད་བྱ་དགོས་པས། ནུབ་ཕྱོགས་ཀྱི་གསོ་བ་རིག་པ་དང་། ལྷག་པར་དུ་སེམས་ཁམས་གསོ་བ་རིག་པ་དང་འཆི་སྲིད་གསོ་བ་རིག་པ(死亡医学)མང་བོ་ཞིག་གིས་རྣམ་ཤེས་  ཡོད་པར་བདེན་དཔང་བྱས་པའི་ལུང་མང་བོ《སྐྱེ་བ་སྔ་ཕྱིའི་རྣམ་གཞག》དང《ནང་བསྟན་དང་ཚན་རིག》ཅེས་པའི་ནང་རྒྱས་པར་དྲངས་ཡོད་པས་འདིར་མ་སྤྲོས་སོ། །ནུབ་ཕྱོགས་ཀྱི་ཚན་རིག་ཁྲོད་དུ་འདས་ལོག་ལ་ཞིབ་འཇུག་བྱེད་པ་འདིས་གོ་གནས་གལ་ཆེན་ཞིག་བཟུང་ཡོད་དེ། གཙོ་བོ་ནི་འཆི་ལ་ཉེ་བའི་ནད་པ་མང་བོ་མྱུར་སྐྱོབ་བྱེད་དུས་རྣམ་ཤེས་ཕུང་བོ་དང་བྲལ་རྗེས་སྣང་ཚུལ་མང་བོ་ཞིག་མཐོང་བ་དང་། དེ་ནས་སླར་ཕུང་བོར་ཞུགས་རྗེས་རང་གི་མཐོང་ཐོས་ ཐམས་ཅད་སྨན་པར་བཤད་པ་ཞིག་ཡིན།

ཨ་རིའི་འདས་ལོག་ལ་ཞིབ་འཇུག་བྱེད་པའི་དུས་ཧ་ཅང་སྔ་སྟེ། སྤྱི་ལོ་༡༩༥༩ལོར་ཨ་རིའི་སེམས་ཁམས་ཞིབ་འཇུག་ཆེད་མཁས་འོ་སེ་སི(Karlis Osis)ཡིས་ནད་པ་བརྒྱ་ཕྲག་ལྷག་གི་ཉམས་མྱོང་ལ་ཞིབ་འཇུག་བྱས་མཐར། སྤྱི་ལོ་༡༩༧༢ལོར་ཁོང་གིས་བྲིས་པའི《འཆི་དུས》ཞེས་པའི་སྙན་ཞུའི་ནང་དུ། "ནད་པ་མང་ཆེ་བ་འཆི་ཁར་རིག་པ་མི་གསལ་བ་དང་བརྗེད་སླ་བ། ཐ་ན་འདུ་ཤེས་མེད་པར་གྱུར་ན་ཡང་། མི་ལ་ལ་ཞིག་གིས་མ་བརྗེད་པར་རང་ཉིད་ཀྱི་ཉམས་མྱོང་གསལ་བོར་བཤད་ཐུབ"ཅེས་གསུངས་ཡོད། ཡང་ཨ་རིའི་ནི་ཧ་ཏ་སློབ་ཆེན་གྱི་དགེ་རྒན་ཆེན་མོ། རྩེ་རམས་པ་མོད་རྡེ(Raymond Mody )ཡིས་སྤྱི་ལོ༡༩༧༤ལོར་བྲིས་པའི《ཚེ་སྲོག་གི་རྗེས་ཀྱི་ཚེ་སྲོག》གི་ནང་དུ། "འཆི་ལ་ཉེ་བའི་ནད་པ་ཞིག་བཤག་བཅོས་སྟེགས་བུའི་སྟེང་དུ་མྱུར་སྐྱོབ་བྱེད་དུས། ན་ཟུག་བཟོད་བླག་མེད་པ་མྱང་ནས་ཅུང་མ་འགོར་བར་སྨན་པས་ལོགས་ཤིག་ནས་སྙིང་གི་ལྡིང་མཚམས་ཆད་ཐལ་ཞེས་བསྒྲགས་པ་ཡིན། འདི་ནི་གསོ་བ་རིག་པའི་ སྟེང་ནས་བཤད་ན་འཆི་བ་ཡིན། དེ་རྗེས་ཁོང་གིས་སྒྲ་སྣ་ཚོགས་ཐོས་པ་དང་བསྟུན་ནས་རང་གི་མདུན་དུ་ནག་ཁུང་ཞིག་ཡོད་པ་མཐོང་ལ། མྱུར་དུ་ནག་ཁུང་དེ་ལས་ཕྱིར་བུད་རྗེས་ད་གཟོད་རང་ཉིད་ཀྱི་རྣམ་ཤེས་ལུས་པོ་དང་ཁ་བྲལ་བ་ཤེས། རྣམ་ཤེས་ཀྱིས་བར་སྣང་ནས་ལུས་པོ་མལ་ཁྲིའི་སྟེང་དུ་ཡོད་པ་མཐོང་ལ་སྨན་པས་ད་དུང་མྱུར་སྐྱོབ་བྱེད་ བཞིན་པ་ཡང་མཐོང་ཐུབ། སྐབས་དེར་མི་ལ་ལས་སྔ་མོ་ནས་འདས་ཟིན་པའི་རང་གི་གཉེན་ཉེ་དང་གྲོགས་པོ་མཐོང་བ་དང་། མི་ལ་ལས་ཡིད་དུ་འོང་བའི་ཁ་དོག་དང་ལ་ལས་ལྷ་ཡུལ་ལྟ་བུ། ད་དུང་མི་ལ་ལས་ཆོས་ལུགས་ནང་གི་ལྷ་ མཐོང་ལ། ལྷ་འདི་དག་ནི་འོད་ཀྱི་རྣམ་པ་ཅན་ཞིག་སྟེ་ཐུགས་བརྩེ་བས་ངང་ནས་ཁོ་ཚོར་བསུ་བ་བྱེད་ཟེར། སྐབས་དེར་རང་ཉིད་ལུས་པོ་དང་ཁ་བྲལ་བའི་བདེ་སྣང་ཞིག་ལ་ཞེན་ནས་ཕྱིར་འགྲོ་འདོད་མེད་ན་ཡང་གཟུགས་མེད་ཀྱི་ནུས་པ་ཞིག་གིས་རང་ཉིད་ཕྱིར་དྲངས་པས་རང་དབང་མེད་ཟེར། རྗེས་སུ་སད་དུས་རང་ཉིད་མལ་ཁྲིའི་སྟེང་དུ་ཉལ་འདུག་ལ། རང་ཉིད་ཀྱི་མཐོང་ཐོས་ཐམས་ཅད་སྨན་པར་བཤད་པ་ཞིག་ལ་འདས་ལོག་གི་ཉམས་མྱོང་ཟེར།

ལས་དགེ་སྡུག་གི་དབང་གིས་ཡུལ་ཡིད་དུ་འོང་བ་དང་མི་འོང་བ་སྣ་ཚོགས་མཐོང་ཟེར་ཏེ། 《ལྷ་ཡུལ་གྱི་བག་ཆགས། མི་བརྒྱ་འདས་ནས་ལོག་པའི་གཏམ་རྒྱུད》ཅེས་པའི་ནང་དུ་མི་བརྒྱའི་འདས་ལོག་བྱས་པའི་ཉམས་མྱོང་བཀོད་ཡོད་ལ། དེའི་ནང་དུ་འཇར་མན་གྱི་ཉེན་རྟོག་པའི་ཅུའུ་ཀྲང་སི་ཧེ་རྡི་ལི་ནི་མི་གདུག་རྩུབ་ཆེ་ཞིང་སྙིང་རྗེ་མེད་པ། རང་དོན་ཡིད་བྱེད་ཀྱི་སེམས་པ་ཤུགས་ཆེ་བ། མི་ཉེས་ཅན་ལ་གཅེར་རྡུང་བྱེད་མཁན་ཞིག་ཡོད་པ་དེ་འཆི་ཁར་འཇིགས་ཡུར་བའི་སྣང་བ་མང་བོ་བྱུང་། ཁོས་རང་གི་རྣམ་ཤེས་ལུས་པོ་དང་བྲལ་རྗེས། གདུག་རྩུབ་ཆེ་བའི་གཤིན་རྗེའི་གཤེད་མ་མང་བོ་མཐོང་ལ། དེ་དག་གིས་ཁོའི་མཐའ་བསྐོར་བ་དང་དེ་ནང་གཅིག་གིས་ཁྲག་གིས་བརྫིས་པའི་ཁ་ཆེ་ཆེར་གདངས་ནས་ང་ལ་སོ་འདེབས་ཟེར། འདི་ནི་གདུག་རྩུབ་ཆེ་བའི་ལས་ཀྱི་འབྲས་བུ་ཡིན་ཏེ། གལ་ཏེ་ཚེ་གང་བོར་སྙིང་རྗེ་ཆུང་ཞིང་རང་དོན་ཡིད་བྱེད་ཀྱི་སེམས་པ་ཤུགས་ཆེ་བ། སྡིག་པའི་ལས་བསགས་ན་འཆི་ཁར་གནད་གཅོད་ཀྱི་སྡུག་བསྔལ་ཆེ་བ་མ་ཟད། ཤི་ནས་གང་དུ་འགྲོ་བ་ལ་དེ་ལས་ཀྱང་ཡ་ང་བ་ཞིག་མ་ཡིན་ནམ། མི་མང་བོ་ཞིག་གིས་གཞན་གྱིས་མ་ཤེས་ན་སྐྱོན་མེད་སྙམ་ནས་སྡིག་པའི་ལས་ལ་སྤྱོད་པ་ནི་སྙིང་རྗེ་བའི་ཡུལ་ཡིན་ཏེ། ལས་ནི་ཆུད་མི་ཟ་བ་ཡིན་པས་ རང་གིས་རང་ཉིད་སྡུག་ལ་སྦྱོར་བ་ཁོ་ནའོ། །

《རང་ཉིད་ཀྱི་ནང་དུ་ཡོད་པའི་གསང་བ》ལས་དབྱིན་ཇི་ཨར་ལན་གྱི་བུད་མེད་ཅིག་གིས་རྒྱུན་དུ་རྨི་ལམ་ལ་ཁང་བ་ཡིད་དུ་འོང་བ་ཞིག་རྨིས། དེ་ནས་ཅུང་མ་འགོར་བར་ཁོ་མོའི་ཁྱོ་ག་དང་ཁོང་གཉིས་ཨེ་འར་ལན་ནས་དབྱིན་ཇིའི་ལྷོ་ཕྱོགས་ཀྱི་ལིན་ཏིན་ལ་གནས་སྤར་རྗེས། ཚགས་པར་ཞིག་ལས་ཁོ་མོས་རིན་གོང་བདེ་བའི་ཁང་བ་ཞིག་བཙོང་རྒྱུ་ཡོད་པ་མཐོང་བས་ཁ་པར་བཏང་ནས་ཁང་བ་ལ་བལྟ་རུ་སོང་མཐར། དེ་ནི་རང་ཉིད་ཀྱིས་རྒྱུན་དུ་རྨི་ལམ་ལས་མཐོང་བའི་ཁང་བ་དེ་ཡིན་པས་དགའ་སྤྲོ་དང་བཅས་ཉོ་བར་བསམས་ནས་ཚོང་བ་ལ། ཁང་བ་འདི་རིན་གོང་འདི་འདྲ་བདེ་བ་ཅི་ཡིན་ཞེས་དྲིས་པ་ལ། ཁང་བ་འདིའི་ནང་དུ་འདྲེ་ཡོད་པས་ཁང་བདག་འདུག་མ་ཐུབ་པར་རིན་བདེ་མོ་བྱས་ནས་འཚོང་བ་ཡིན་ཟེར། ཁང་བ་འདི་ནི་རང་གི་རྨི་ལམ་དུ་རེ་སྒུག་བྱས་པའི་ཁང་བ་ཡིན་པས་ཁོ་མོས་ཁང་བ་དེ་ཉོ་བར་ སེམས་ཐག་བཅད་རྗེས། ཁང་བདག་དང་ཕྲད་དུས་ཁང་བདག་དངངས་སྐྲག་དང་བཅས་འདི་ནི་ངས་རྒྱུན་དུ་མཐོང་བའི་འདྲེ་དེ་རེད་ཟེར། མ་གཞི་དེ་ནི་ཁང་བདག་གིས་བུད་མེད་འདིའི་རྣམ་ཤེས་མཐོང་བ་རེད། བྱ་བ་འདི་ནི་དོན་དངོས་ཡིན་ལ་འདིས་ང་ཚོ་ལ་བློ་བསྐྱེད་མང་བོ་སྟེར་ཐུབ་སྟེ། དབྱིན་ཇིའི་བྱང་ཕྱོགས་ཀྱི་ཨར་ལན་ནས་ལྷོ་ཕྱོགས་ཀྱི་ ལིན་ཏིན་བར་དུ་ཉུང་མཐའ་ཡང་སྤྱི་ལེ་བཞི་བརྒྱ་ལྷག་ཡོད་ལ། རྣམ་ཤེས་ཕུང་བོ་དང་ཁ་བྲལ་རྗེས་ཡུལ་དུས་ཀྱི་བཀག་རྒྱ་མེད་པར་སྐད་ཅིག་མ་ཞིག་གི་ངང་དུ་འགྲོ་ཐུབ་ལ་ལུས་པོ་དེ་ལས་ལོག་སྟེ་ཡུལ་དུས་ཀྱི་བཀག་རྒྱ་ཐེབས་པ་རེད། དེ་བས་གཟུགས་ཀྱི་ཕུང་བོ་འདིས་ང་ཚོའི་རང་དབང་ལ་ཚོད་འཛིན་བྱས་ཡོད་པ་རེད། ལུས་པོ་ནི་ལྭ་བ་ཞིག་དང་འདྲ་ བར་རྙིང་རལ་དུ་སོང་ཚེ་ལྭ་བ་གསར་བ་ཞིག་གྱོན་པ་ནང་བཞིན་ང་ཚོའི་ཕུང་བོ་འདི་ཡང་དེ་ལས་མ་འདས་ལ། མི་མང་བོ་ཞིག་གིས་གནད་འདི་མ་རྟོགས་པར་ཕུང་བོ་ལ་བདག་ཏུ་བཟུང་ནས་འབད་པ་བརྒྱ་ཡིས་འདི་ལ་གཅེས་སྤྲས་སོགས་བྱེད་པ་ནི་སྙིང་བོ་མེད་པའི་ལས་ཁོ་ནའོ། །སྤྱིར་མི་ནི་ཕུང་བོ་འདིའི་བདག་པོ་ཡིན་ལ་ད་ལྟ་ཕལ་མོ་ཆེ་ཞིག་དེ་ལས་ལོག་སྟེ་ཚོར་བ་ལུས་བདེ་ཙམ་ལ་ཞེན་ནས་འབད་པ་ནི་དོན་དངོས་སུ་བདག་པོ་བྲན་གཡོག་གི་བྲན་དུ་གྱུར་པ་མ་ཡིན་ནམ། དེ་བས་དོན་གྱི་གནད་གཙོ་བོ་ནི་ཕུང་བོ་འདི་ལ་ཚད་ལས་བརྒལ་བའི་གཅེས་སྤྲས་བྱེད་པ་མ་ཡིན་པར་ནང་སེམས་ཀྱི་ཡོན་ཏན་དང་རྟོགས་པ་གོང་འཕེལ་དུ་བཏང་ནས་སྡིག་སྤངས་དགེ་སྒྲུབ་བྱེད་པ་དེ་ཡིན།

གཉིས་པ། སྐྱེ་བ་སྔ་མ་དྲན་པའི་མི།

སྐྱེ་བ་སྔ་ཕྱི་དྲན་པའི་སྣང་ཚུལ་འདི་ལ་ཚན་རིག་དང་གཏན་ཚིགས་རིག་པའི་རིགས་པ་སྤྱད་ཡོད་དེ། ཐོག་མར་དམིགས་ཡུལ་རྙེད་པ་དང་། དེ་ནས་རྒྱུ་ཆ་འཚོལ་བ། དེ་ནས་དོགས་དཔྱོད་བྱེད་པ། དེ་ནས་མི་དངོས་ལ་འདྲི་གཏུགས་བྱེད་པ། བརྟག་ཞིབ་བྱེད་པ། དེ་ནས་ཡར་ཞུ་བྱེད་པ་ཞིག་ཡིན། འདི་ནི་ཐོག་མར་གནས་ཚུལ་འདི་འདྲ་ཡོད་པའི་མི་འཚོལ་བ་ཡིན། མི་འདི་དག་ནི་རང་ཉིད་ཀྱི་སྐྱེ་བ་སྔ་མ་དྲན་པའི་བྱིས་པ་ཏག་ཏག་རེད། བྱིས་པའི་དྲན་པ་ཧ་ཅང་གསལ་བས་ཁོ་ཚོའི་རང་ཉིད་ཀྱི་ཚེ་སྔ་མ་དྲན་པ་ཡིན་ལ། ན་ཚོད་ཆེ་རུ་སོང་བ་དང་བསྟུན་ནས་རིམ་གྱིས་བརྗེད་པ་རེད། ཞིབ་འཇུག་པ་རྣམས་ཀྱིས་བྱིས་པ་རྣམས་ཀྱིས་བཤད་པའི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས་ནས་སྐྱེ་བ་སྔ་མའི་འཚོ་བ་རོལ་སའི་གནས་དང་ཁྱིམ་ཚང་། གཉེན་ཉེ་དང་གྲོགས་པོ་དག་ལ་བརྟག་དཔྱད་ལེགས་པོ་བྱས་རྗེས་ བསྡོམས་ཚིག་བཀོད་པ་ཡིན།

སྤྱི་ལོ༡༩༦༢ལོའི་ཟླ༡༢བའི་ཚེས་༡༡ཉིན། རྒྱ་གར་རྡེ་ལི་རུ་བུ་མོ་ཞིག་སྐྱེས་ཤིང་། དེའི་མིང་ལ་ས་ནཱ་ཐས་ཟེར། ཁོ་མོའི་སྐད་ཆ་བཤད་ཤེས་པ་ནས་བཟུང་རང་ཉིད་ཀྱི་སྐྱེ་བ་སྔོན་མའི་ཁྱོ་ག་དང་བྱིས་པ། གཉེན་ཉེ་ཡི་གནས་ཚུལ་སོགས་བཤད་པས་ཕ་མའི་སེམས་སུ་འདིས་གང་དྲན་དྲན་བཤད་བཞིན་འདུག་སྙམ་ནས་བཏང་སྙོམས་སུ་བཞག ཡིན་ན་ཡང་ཁོ་མོས་བཤད་པའི་སྐྱེ་བ་སྔོན་མའི་བཟའ་ཚང་གི་འཚོ་བ་དེ་བུ་མོ་ཆུང་ཆུང་ཞིག་གིས་གཏན་ནས་བརྗོད་མི་ཐུབ། སྐྱེ་བ་སྔོན་མར་ཁོ་མོ་ནི་མཱ་ཐུ་རོ་ཨཱ་གྲོང་ཁྱེར་གྱི་ཁྱིམ་ཚང་ཞིག་གི་བདག་མོ་ཡིན་ལ། ཁྱོ་ཤུག་གི་བརྩེ་དུང་ཧ་ཅང་ཟབ། ཐེངས་ཤིག་ཕོ་བ་བཤག་ནས་བྱིས་པ་ལེན་པའི་བཤག་བཅོས་ལེགས་འགྲུབ་མ་བྱུང་བས་ཉིན་འགའི་རྗེས་སུ་ཚེ་ལས་འདས་པ་རེད། འདི་ནི་ཁོ་མོ་སྐྱེ་དུས་ཀྱི་ལོ་སྔོན་མ་ཏག་ཏག་རེད། ས་ནཱ་ཐས་ཀྱིས་རྒྱུན་ཏུ་རང་ཉིད་ཀྱི་སྐྱེ་བ་སྔོན་མའི་གནས་ཚུལ་བཤད་པས། ཉིན་ཞིག་མོ་ནད་ཚན་ཁག་གི་སྨན་པ(ཁོ་མོའི་ཨ་ཕའི་གྲོགས་པོ་ཡིན)ཁོང་ཚང་ལ་ཡོང་ནས་ཁོ་མོར་དྲིས་པས། ཁོ་མོས་བྱིས་པ་ལེན་པའི་བཤག་བཅོས་ཀྱི་རིམ་པ་གསལ་ལ་ཞིབ་ཚགས་ཡོད་པའི་སྒོ་ནས་བརྗོད་པས། སློབ་གྲྭ་ཆེན་མོ་བ(སྨན་པ་ཆེད་ལས)ཞིག་གིས་གསལ་བོར་བཤད་དཀའ་བའི་གནད་དོན་ལོ་ན་དྲུག་ཅན་གྱི་བྱིས་པ་ཞིག་གིས་བཤད་ཅེས་ཧ་ལས་སོང་།

རྗེས་སུ་ཁོས་བཤད་པའི་གནས་ཚུལ་ཐམས་ཅད་ཡི་གེར་བཀོད་ནས་ཁོ་མོས་བཤད་པའི་གནས་དེར་བསྐུར། ཁོ་མའི་ཁྱོ་ག་ཁུ་ཏཱ་ཨེར་གྱིས་ཡི་གེ་དེ་མཐོང་རྗེས་ཧ་ལས་པར་གྱུར་ནས་རང་གི་ཁྱིམ་མི་ཚང་མ་ཁྲིད་ནས་བུ་མོ་དེར་བལྟ་རུ་སོང་། ས་ནཱ་ཐས་ཚང་གི་ཁྱིམ་ལ་ཐོན་དུས་ཁུ་ཏཱ་ཨེར་གྱིས་ཁོ་མོ་ལ་ཚོད་བགམ་བྱ་ཆེད་ང་ཁུ་ཏཱ་ཨེར་གྱི་ཕུ་བོ་ཡིན་ཞེས་སོགས་མང་བོ་བཤད་ནའང་བུ་མོ་ཆུང་ཆུང་དེས་གཅིག་ཀྱང་མ་ནོར་བར་རེ་རེ་བཞིན་ངོས་འཛིན་བྱས་པ་མ་ཟད། ཁུ་ཏཱ་ཨེར་ཆེས་དགའ་བའི་ཟས་རིགས་ཀྱི་མིང་ཡང་བཤད་པས་ཐམས་ཅད་ཧ་ལས་པར་གྱུར།

ཁོ་མོས་རང་གི་ཕོ་བ་བཤག་ནས་བླངས་པའི་བྱིས་པ་དེ་མཐོང་རྗེས་མིག་གཉིས་ནས་མཆི་མ་བཞུར་བཞིན་ཁང་བའི་ནང་དུ་སོང་ནས། རང་ཉིད་ཀྱི་རྩེད་སྤྱད་ཚང་མ་ཁྱེར་ཡོང་ནས་རང་ལས་ལོ་ན་ཆེ་བའི་བྱིས་པ་དེ་ལ་སྟེར་དུས་མི་ཚང་མ་ཡིད་འགུལ་ཐེབས། ཁྱེད་ཀྱིས་ཇི་ལྟར་ངོ་ཤེས་པ་ཡིན་ཞེས་དྲིས་པ་ལ། ས་ནཱ་ཐས་ཀྱིས་ཁོ་བོ་ངའི་སྙིང་གི་ཕྱེད་ཀ་ཡིན་པས་ཅི་འདྲ་འགྱུར་ཡང་འཕྱུག་མི་སྲིད་ཅེས་བཤད།

གཞན་སྤྱི་ལོ༡༩༤༥ལོའི་དབྱར་ཁར་རྒྱ་གར་གྱི་བྱིས་པ་ཅཱ་སི་པོ་ལ་ལོ་གསུམ་གྱི་དུས་སུ་སྙུང་ནད་ཅིག་ཕོག་ནས་ཚེ་ལས་འདས་པས་ཕ་མ་གཉིས་ཀ་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་། ནམ་གུང་གི་དུས་སུ་ཨ་ཕས་པུར་སྒྲོམ་ལས་གསལ་ལ་མི་གསལ་བའི་སྒྲ་ཞིག་ཐོས་པས། མྱུར་དུ་སོང་ནས་བལྟས་པ་ན་རང་གི་བུ་ཚ་སླར་སོས་འདུག་པ་མཐོང་། ཁོ་དགའ་སྤྲོ་དང་བཅས་ཏེ་བྱིས་པ་པུར་སྒྲོམ་ལས་ཕྱིར་བླངས་ནས་བཟའ་བ་དང་བཏུང་བ་ལྡུད་དུས། བསམ་ཡིད་ལས་འདས་པ་ཞིག་ལ་སླར་སོས་པའི་བྱིས་པ་དེ་རང་གི་བྱིས་པ་མ་ཡིན་པར་མི་གཞན་ཞིག་རེད། དེས་རང་གིས་ཨ་ཕས་བྱིན་པའི་ཟོས་མི་ཟ་བར། ང་ནི་བེ་ཞི་ཏེ་སྡེ་བའི་བྲམ་ཟེ་རིགས་ཡིན། ངའི་མིང་ལ་ནཱང་ཁའོ་ཟེར། ད་ལོ་ལོ་ཉེར་གཉིས་ཡིན་ཟེར། རྒྱ་གར་དུ་རིགས་ཀྱི་མཆོག་དམན་ཡོད་པས་ཨ་ཕས་བྱིན་པའི་ཟ་མ་མ་ཟོས་པ་རེད། ཁོང་ཚང་ལ་ཁྱིམ་མཚེས་བྲམ་ཟེ་རྒན་མོ་ཞིག་ཡོད་པ་དེས་བྱིན་པས་ཟོས་པ་རེད། ནཱང་ཁའོ་ཡིས་ལྟོ་བ་བགྲངས་རྗེས་ཁོའི་སྐྱེ་བ་སྔ་མའི་གནས་ཚུལ་རྣམས་བཤད་དེ། ཉིན་ཞིག་ཁོ་གཉེན་ཉེ་ཞིག་གི་སྟོན་ཐོག་ཏུ་སོང་ནས་གྲོགས་པོ་ཞིག་དང་འཕྲད། མི་དེས་ཁོ་ལ་སྒོར་མོ་བསྐྱིས་ཡོད་པས་སྟེར་མ་འདོད་པར་གཡོ་སྒྱུའི་སྒོ་ནས་ཀ་ར་དུག་ཅན་འགའ་བྱིན་ནས་ཟ་རུ་བཅུག ཡུལ་ལ་ལོག་པའི་ལམ་བར་དུ་དུག་གི་ནུས་པ་ཇེ་ཆེར་སོང་བས་ཤིང་རྟ་ལས་ལྷུང་ནས་ཚེ་ལས་འདས་ཞེས་བཤད། གནས་ཚུལ་འདི་དགེ་རྒན་ཆེན་མོ་ཧྲི་ཏེ་ཧྥུན་སིན་གྱིས་ཐོས་རྗེས་ཆེད་དུ་ཨ་རི་ནས་རྒྱ་གར་གྱི་ཅཱ་ཟི་པོ་ཚང་ལ་སོང་ནས་བརྟག་དཔྱད་བྱས་མཐར། ཁོའི་སྐྱེ་བ་སྔ་མའི་ཁྱིམ་ཚང་བཙལ་ནས་རྙེད་པ་མ་ཟད་ཇི་ལྟར་ཤི་བའི་གནས་ཚུལ་ཡང་གསལ་བར་བྱས་པ་རེད།

ཧ་ཤང་ཁྲོ་ཁོང་ནི་སྤྱི་ལོ་༡༩༠༨ལོའི་ཟླ༡༠བའི་ཚེས༡༢ཉིན་ཐེ་ལན་རྒྱལ་ཁབ་ཀྱི་སོ་ལུན་ཞིང་ཆེན་དུ་སྐྱེས། སྐྱེས་མ་ཐག་ནས་ཁོས་ཨ་མ་ལ་ང་ནཱ་ལིན་ཡིན་ཟེར།(ཨ་མའི་ཕུ་བོ་ཡིན། )ཐེ་ལན་ནི་ནང་ཆོས་དར་བའི་རྒྱལ་ཁབ་ཅིག་ཡིན་ཞིང་མི་ཕལ་མོ་ཆེ་ནང་ཆོས་ལ་དད་པས་ནཱ་ལིན་ཡང་དེ་ནང་གི་གཅིག་ཡིན། ཁོས་རྒྱུན་དུ་སྒོམ་རྒྱག་པ་དང་ནང་ཆོས་ལ་སློབ་གཉེར། དགོན་པར་འགྲོ་རྒྱུར་ཧ་ཅང་དགའ་བ་ཞིག་ཡིན། ཁོའི་སྲིང་མོར་མངལ་ཆགས་དུས་སྙུང་ གཞི་ཞིག་ཕོག་ནས་ཁོ་རང་མལ་དུ་ལྷུང་། འཆི་ཁའི་དུས་སུ་སྲིང་མོས་བྱིས་པ་ཡིད་དུ་འོང་བ་ཞིག་བཙས་འདུག་པ་ཐོས་ནས་ལྟ་འདོད་སྐྱེ་ན་ཡང་ནད་ཀྱི་དབང་གིས་ལྟ་མ་ཐུབ་པར་ཚེ་ལས་འདས། ཁོའི་སྣང་བ་ཞིག་ལ་རང་ཉིད་ཀྱི་ལུས་པོ་ ཡང་མོ་ཞིག་ཏུ་གྱུར་པ་དང་། ཡིད་ལ་ཡུལ་གང་དུ་འགྲོ་འདོད་པ་ཙམ་གྱིས་གནས་དེར་སླེབས་ཐུབ་པ་དང་། ཁོས་རང་གི་གཉེན་ཉེ་ལ་སོགས་པར་ཁ་ཡ་བྱེད་འདོད་ནས་མི་མང་བོ་ཞིག་གི་གོང་བ་དང་ཐུ་བའི་འཐེན་ན་ཡང་གཉེན་ཉེ་རྣམས་ཀྱིས་ཁ་ཡ་མི་བྱེད་ཟེར། མཐར་མི་མང་བོ་ཞིག་གིས་རང་ཉིད་ཀྱི་ལུས་པོའི་མཐའ་སྐོར་ནས་ངུ་བཞིན་པ་མཐོང་རྗེས་ད་གཟོད་རང་ཉིད་འཆི་ཟིན་པ་ཤེས། ཁོས་རང་གི་བེམ་པོ་གཉེན་ཉེ་རྣམས་ཀྱིས་མེ་ལ་བསྲེགས་རྗེས་སུ་སྡུག་བསྔལ་དང་ཕངས་སེམས་ཚད་མེད་ཅིག་སྐྱེ་སོང་ཟེར། སྐབས་དེར་ཁོའི་སེམས་སུ་གློ་བུར་དུ་རང་གི་སྲིང་མོའི་བྱིས་པར་ལྟ་འདོད་སྐྱེ་བ་ཙམ་གྱིས་སྲིང་མོའི་ཁང་བ་ནང་དུ་ཐོན་འདུག བྱིས་པ་བཙས་ནས་ཅུང་མ་འགོར་ལ་ཧ་ཅང་སྙིང་རྗེ་བོ་ཞིག་འདུག ལྟ་ཀིན་ལྟ་བཞིན་གློ་བུར་དུ་ནུས་པ་ཞིག་གིས་ཁོ་རང་དྲངས་ནས་གནམ་ས་ཁ་ལོ་བསྒྱུར་བའི་སྣང་བ་ཞིག་བྱུང་ནས་བརྒྱལ་སོང་། དེ་ནས་ཡུད་ཙམ་གྱི་རྗེས་སུ་སད་དུས་གཉེན་ཉེ་མང་བོས་རང་གི་མཐའ་བསྐོར་ནས་ འཛུམ་གྱིས་ཁེངས་འདུག་ཟེར། ཁོས་རང་གི་གཉེན་ཉེ་རྣམས་ལ་ཁ་བརྡ་བྱེད་འདོད་ནས་ཁ་གྲགས་དུས་སྐད་ཆ་བཤད་མི་ཐུབ་པ་མ་ཟད་སྐད་ངག་ཀྱང་འགྱུར་ནས་བྱིས་པའི་སྐད་ངག་ཏུ་གྱུར་འདུག དེ་ནས་ད་གཟོད་རང་ཉིད་ཡིད་དུ་ འོང་བའི་བྱིས་པ་དེ་རུ་གྱུར་པ་རྟོགས། བྱིས་པ་ཉིན་རེ་བཞིན་ནར་སོན་ནས་བརྡ་སྤྲོད་དུས་སྐྱེ་བ་སྔ་མའི་བག་ཆགས་ཀྱི་དབང་གིས་ཨ་མ་ལ་སྲིང་མོ་དང་ཨ་ཕྱི་ལ་ཨ་མ་ཞེས་འབོད། ཁོ་ཡང་སྐྱེ་བ་སྔོན་མའི་ནཱ་ལིན་བཞིན་ནང་ཆོས་ལ་དད་པ་མ་ཟད།རྒྱུན་དུ་སྒོམ་རྒྱག་པ་དང་ནང་ཆོས་ལ་སློབ་གཉེར། དགོན་པར་འགྲོ་རྒྱུར་ཧ་ཅང་དགའ། དེ་ནས་ཅུང་མ་འགོར་བར་རབ་ཏུ་བྱུང་ནས་མཚན་ལ་ཧ་ཤང་ཁྲོ་ཁོང་ཟེར། རྗེས་སུ་མིང་གྲགས་ཆེ་བའི་ཐེ་ལན་གྱི་དགེ་བཤེས་ཤིག་ཏུ་གྱུར། ནཱ་ལིན་གྱི་རྣམ་ཤེས་བྱིས་པ་དེའི་ལུས་སུ་ཞུགས་པ་ནི་འཕོ་བ་གྲོང་འཇུག་དང་འདྲ་མོད། ཡིན་ན་ཡང་བྱིས་པ་མ་ཤི་ བར་གསོན་བའི་གནས་སྐབས་ཡིན་པས་ཕལ་ཆེར་ཁོའི་རྣམ་ཤེས་ཀྱི་སྟོབས་ཆེ་བས་སྔར་ལུས་ལ་གནས་པའི་རྣམ་ཤེས་ཕྱིར་བདས་པ་ཡིན་སྙམ། འདི་ལས་ལུས་པོ་འདི་རང་ཉིད་མིན་པ་གསལ་བྱེད་བྱས་ཡོད་དེ། རྣམ་ཤེས་ཤིག་ལུས་པོ་དང་ཁ་བྲལ་རྗེས་རྣམ་ཤེས་གཞན་ཞིག་ལུས་ལ་ཞུགས་ནས་ལོངས་སྤྱོད་བྱས་ཆོག་པ་ཞིག་ཡིན། ལར་ལུས་གཅིག་ལ་རྣམ་ ཤེས་གཅིག་ལས་མེད་ན་ཡང་། འདིར་རྣམ་ཤེས་གཉིས་ལུས་གཅིག་ལ་མཉམ་དུ་གནས་ནས་ལོངས་སུ་སྤྱོད་པའམ་ཡང་ན་རྣམ་ཤེས་གཅིག་གིས་རྣམ་ཤེས་གཅིག་ཚོད་འཛིན་བྱས་པ་ཡིན་ཏེ། དམངས་ཁྲོད་དུ་ལུས་ལ་གདོན་ཞུགས་ཟེར། གདོན་ཞུགས་པ་ནི་ཚེ་སྲོག་གི་སྣང་ཚུལ་ཞིག་ཡིན་པས་སྐྲག་མི་དགོས་ལ། གཙོ་བོ་རྣམ་ཤེས་གཉིས་ལུས་གཅིག་གི་སྟེང་དུ་འགལ་བ་མེད་པར་མཐུན་པར་གནས་ན་གནད་དོན་ཐག་གཅོད་སླ་བ་ཡིན།

གསུམ་པ། གཉིད་འགུག་པའི་ཐབས།

གཉིད་འགུག་ཐབས་ནི་གཉིད་པ་མ་ཡིན་པར།སེམས་ཁམས་འཚོ་བྱེད་དང་གཉིད་འགུག་མཁན་ལ་བརྟེན་ནས་སེམས་ཞི་བར་གནས་པའི་རྣམ་པ་ཅན་ཞིག་ཡིན། བྱེད་ལས་འདས་ཟིན་པའམ་སྐྱེ་བ་སྔ་མ་དྲན་པར་བྱེད་པ་ཡིན། གཉིད་འགུག་ཐབས་སྤྱད་ནས་ནད་གསོ་བ་ནི་གཉིད་འགུག་ཐབས་ཀྱིས་ནད་པའི་སྐྱེ་བ་སྔ་མར་མྱང་བའི་སྡུག་བསྔལ་རྣམས་དྲན་དུ་འཇུག་པ་ཡིན་ལ། སྡུག་བསྔལ་དེ་དག་ནི་ཏག་ཏག་སྐྱེ་བ་འདིའི་ནད་ཀྱི་རྩ་བར་གྱུར་པ་རེད། དེ་བས་སྨན་པས་ཁོ་ལ་སེམས་གསོ་དང་མཛུབ་སྟོན་བྱས་ནས་ནད་པ་རྣམས་ནད་ལས་གྲོལ་བར་བྱེད་པ་ཞིག་ཡིན། གཉིད་འགུག་པའི་དུས་སུ་ནད་པའི་རིག་པ་དང་སྨྲ་བརྗོད་ཧ་ཅང་གསལ། སྨན་པའི་མཛུབ་ཁྲིད་ལ་བརྟེན་ན་སྐྱེ་བ་སྔ་མ་དྲན་ཐུབ་པ་མ་ཟད། གཉིད་འགུག་པའི་གོ་རིམ་ཁྲོད་མཐོང་བའི་རྣམ་པ་གསལ་བོར་བཤད་པ་ཞིག་ཡིན། བྱེད་ཐབས་འདིས་སེམས་ཀྱི་གཅོང་ནད་གསོ་བ་ལ་ནུས་པ་ཕུན་སུམ་ཚོགས་པ་ཐོན་འདུག་སྟེ། རྒྱུན་ལྡན་གྱི་ལག་རྩལ་གྱིས་གསོ་མི་ཐུབ་པའི་ནད་མང་བོ་ཞིག་ཐབས་འདི་ལ་བརྟེན་ནས་སེལ་ནུས་པས། ད་ལྟའི་སེམས་ཁམས་གསོ་བ་རིག་པའི་ཁྱབ་ཁོངས་སུ་བཀོལ་རྒྱ་ཧ་ཅང་ཆེ།

༡སྐྱེ་བ་སྔ་མའི་རྒྱུ་ཡིས་སྐྱེ་བ་འདིའི་ནད་སྐྱེད་པ། ཁུད་ལའེ་ནི་སྤྱི་ལོ༡༩༥༣ལོའི་ཟླ༡ཚེས༡༩ཉིན་སྐྱེས་ཤིང་། ཆུང་དུས་ནས་མཚོ་གྲུར་འདུག་པ་དང་ཆུར་བསྐྱལ་བར་ཧ་ཅང་སྐྲག་པ་མ་ཟད། ཐ་ན་ཁྲུས་གཞུང་གི་ཆུ་མཐོང་ན་ཡང་སྐྲག་པ་ཡིན། འདིས་ཁོའི་འཚོ་བ་དང་བྱ་བ་ལམ་འགྲོ་ཡོང་བར་གནོད་པ་ཐེབས་པས་ཧ་ཅང་སྡུག་བསྔལ་བར་གྱུར། དེ་བས་གསོ་ཐབས་འདི་སྤྱད་པས་ནད་ལས་གྲོལ་བ་རེད། འཛམ་གླིང་གཡུལ་ཆེན་གཉིས་པའི་སྐབས་སུ་ཁོ་ནི་ཨ་རིའི་མཚོ་དམག་ཅིག་ཡིན་ལ། ཉི་ཧོང་གིས་དམག་མིས་བརྒྱབ་ནས་མཚོ་གྲུ་ཆུར་ནུབ་ནས་དངངས་སྐྲག་དང་བཅས་ཏེ་ཤི་བས་སྐྱེ་བ་འདིར་ཆུ་ལ་སྐྲག་པ་ཡིན། ནད་ཀྱི་རྒྱུ་འདི་ཤེས་པ་ལ་བརྟེན་ནས་ཁོ་རང་ནད་ལས་གྲོལ་བ་རེད།

༢མངལ་འདོན(堕胎)པ་ནི་རང་ཉིད་ཀྱི་བུ་ཕྲུག་བསད་པ་ཡིན། ཁེ་སི་ལིན་ནི་རང་གི་རོགས་པས་བསད་རྗེས་རྣམ་ཤེས་ནམ་མཁར་འཕར་ནས་སྤྲིན་མང་བོ་མཐོང་ལ། གློ་བུར་དུ་གཟུགས་མེད་ཀྱི་ནུས་པ་ཞིག་གིས་དྲོ་ཞིང་ཆུང་བའི་ཡུལ་ཞིག་ཏུ་དྲངས། མ་གཞི་དེ་ནི་ཉིང་མཚམས་སྦྱར་བ་རེད། དེ་ནས་ཅུང་མ་འགོར་བར་བཙས་པ་ཡིན། རྣམ་ཤེས་ཤིག་མའི་མངལ་དུ་ཉིང་མཚམས་སྦྱར་བ་ནས་སྐྱེ་སྲིད་གྲུབ་པ་ཡིན་ཏེ། དེ་ལ་གཟུགས་ཀྱི་ཕུང་བོ་དང་རྣམ་ཤེས་གཉིས་ཀ་ཡོད། མི་མང་བོ་ཞིག་གིས་གནས་ལུགས་འདི་མ་རྟོགས་པར་མ་བཙས་ན་སྡིག་པ་མེད་སྙམ་པ་ནི་རང་གིས་རང་ལ་མགོ་སྐོར་བཏང་བ་རེད། མངལ་འདོན་པ་ནི་ད་ལྟའི་སྤྱི་ཚོགས་ཁྲོད་ཀྱི་གནད་དོན་གལ་ཆེན་ཞིག་སྟེ། འདིས་རང་ཉིད་ལ་སྡུག་བསྔལ་བསྐྱེད་པ་མ་ཟད་སྙིང་རྗེ་བའི་བུ་ཕྲུག་ཅིག་རྩ་མེད་དུ་བཏང་བ་ཡིན།

ད་ལྟ་འཛམ་གླིང་དུ་མངལ་འདོན་པའི་སྐྱོ་གར་འདི་ཧ་ཅང་ཚབས་ཆེ་སྟེ། ས་སྒང་འདིའི་སྟེང་དུ་ལོ་རེར་མངལ་འདོན་བཤག་བཅོས་ཁྲི་ལྔ་བརྒྱ་བྱེད་བཞིན་ཡོད་ལ། ཆ་སྙོམས་བྱས་ན་སྐར་མ་རེར་བཅུ་རེ་དང་། སྐར་ཆ་བཅུའི་ནང་ཉེས་མེད་ཀྱི་ཚེ་སྲོག་ཅིག་གམ་ཡང་ན་རང་ཉིད་ཀྱི་ཁོང་གི་སྙིང་དང་དཔྲལ་བའི་མིག་ལྟར་གཅེས་པའི་བུ་ཕྲུག་གི་སྲོག་གཅོད་བཞིན་ཡོད།

༣ ལས་ཁོ་ན་ང་ཚོའི་རྗེས་སུ་འབྲངས་པ་ཡིན། དབྱིན་ཇིའི་མིང་དུ་གྲགས་པའི་སྐྱེ་བ་སྔ་ཕྱིའི་ཆེད་མཁས། རྩེ་རམས་པ་རོད་ཀར་གྱིས་པོ་ནཱ་ལ་གཉིད་བཀུགས་ནས་འཇིགས་ཡུར་བའི་སྐྱེ་བ་སྔ་མ་གཉིས་དྲན་པ་རེད། ཁོ་མོས་ཐོག་མར་གནའ་སྔ་མོའི་འཚོ་བ་ཞིག་ཏུ་བུད་མེད་ཅིག་ཡིན་པ་མཐོང་། སྐབས་དེར་མུ་གེ་བྱུང་བས་ཚང་མར་བཟའ་བཏུང་ཅི་ཡང་མེད། ཏག་ཏག་སྐབས་འདིར་བུད་མེད་འདིས་ཕྲུ་གུ་ཞིག་བཙས། ཁོ་མོ་ལྟོགས་ནས་མ་བཟོད་པར་རང་གི་བྱིས་པ་ལ་སྟ་རེས་བརྒྱབ་ནས་བསད་རྗེས་ཟོས་ནས་རང་ཉིད་ཀྱི་བཀྲེས་པ་སེལ། སྐྱེ་ནས་མྱོང་འགྱུར་གྱི་ལས་ལ་ཁོ་མོ་སྐྱེ་བ་དེར་གཅན་གཟན་གྱིས་ཟོས་པ་དང་། ཡང་སྐྱེ་བ་གཅིག་ལ་ཁོ་མོ་གནའ་བོའི་འཚོ་བ་ཞིག་ལ་མུ་གེ་བྱུང་སྐབས་གནས་དེ་རུ་བྱིས་པ་ཞིག་ཏུ་སྐྱེས། བཟའ་བཅའ་ཅི་ཡང་མེད་པས་ཁོ་མོའི་ཨ་མའི་ཁོ་མོ་ལ་སྟ་རེ་ཡིས་བརྒྱབ་ནས་བསད་དེ་ཟས་པ་ཡིན། ཡ་མཚར་བ་ཞིག་ལ་ཁོ་མོའི་ཨ་མ་ནི་ཁོང་གི་སྐྱེ་བ་སྔ་མར་སྟ་རེས་བརྒྱབ་ནས་བསད་པའི་བྱིས་པ་དེ་རེད། ལས་ནི་ནམ་ཡང་ཆུད་མི་ཟ་བ་ཡིན་པས་ག་ས་གང་དུ་སོང་ཡང་ཆོག ལས་ཀྱིས་མི་ཚུགས་པའི་ས་ཕྱོགས་ནམ་ཡང་ཡོད་པ་མིན་ཏེ། ཇི་སྐད་དུ། གང་དུ་གནས་ན་ལས་ཀྱིས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ནམ་ཡང་ཡོད་མིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་བོ་རྣམས་ཀྱི་ནི་གསེབ་ཏུ་ཞུགས་ན་མིན། །ཞེས་པ་ནང་བཞིན་ལས་ཁོ་ན་ལུས་དང་གྲིབ་མ་བཞིན་ང་ཚོའི་རྗེས་སུ་འབྲངས་པ་ཡིན།

བཞི་བ། ནུས་པ་ཁྱད་པར་ཅན་གྱིས་སྐྱེ་བ་སྔ་ཕྱི་ལ་ཞིབ་འཇུག་བྱེད་པ།

ནུས་པ་ཁྱད་པར་ཅན་གྱིས་སྐྱེ་བ་སྔ་ཕྱིའི་ཞིབ་འཇུག་གི་ཐད་ལ་དགེ་མཚན་ཆེན་པོ་ཐོན་པ་མ་ཟད། ནད་གསོ་བ་ལ་ཡང་དགེ་མཚན་ཆེན་པོ་ཡོད་དེ། བཅོས་དཀའ་བའི་ནད་མང་བོ་ནུས་པ་ཁྱད་པར་ཅན་ལྡན་པའི་མི་རྣམས་ཀྱིས་སེལ་བ་སོགས་ཧ་ཅང་མང་། ཁཱད་ཞིས་ནད་ཐམས་ཅད་ནི་སྐྱེ་བ་སྔ་མའི་ལས་ཀྱིས་བསྐྱེད་པ་ཡིན་ལ། བྱ་བ་ཅི་ཞིག་བསྒྲུབས་ན་ཡང་མཐར་རང་གི་སྟེང་དུ་འབྲས་བུ་སྨིན་ངེས་ཡིན་ཞེས་ཐག་གིས་བཅད།

ག་གེ་མོ་ནི་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སྟེ། བློ་རིག་ཧ་ཅང་གསལ་ནའང་ཡིད་སྐྱོ་བ་ཞིག་ལ་ཁོ་ནི་ལོང་བ་ཞིག་ཡིན། ཁོ་བོ་ཁཱད་ཞིའི་དྲུང་དུ་སོང་ནས་ཁོ་ལོང་བར་གྱུར་པའི་རྒྱུ་མཚན་གསལ་བོར་ཤེས་པ་སྟེ། སྤྱི་ལོ་སྔོན་གྱི་ལོ་ཆིག་སྟོང་གི་དུས་སུ་ཁོ་ནི་པོ་སི་རྒྱལ་ཁབ་ཀྱི་ཚོ་བ་ཞིག་གི་མི་ཡིན། མི་རྣམས་གདུག་རྩུབ་ཧ་ཅང་ཆེ་བས་ཚོ་བ་གཞན་གྱིས་མི་བཟུང་ནས་མིག་གཉིས་ལ་དམར་ལམ་ལམ་གྱི་ལྕགས་བཏབ་ནས་བསྲེགས། སྐབས་དེར་བྱ་བ་འདི་སྒྲུབ་མཁན་ནི་ཁོ་བོ་ཡིན་ལ། དེ་བས་ལས་འདིའི་དབང་གིས་སྐྱེ་བ་འདི་མ་ཟད་སྐྱེ་བ་མང་བོ་ལ་ལོང་བ་རུ་སྐྱེ་བ་ཡིན། སེམས་ཅན་རྣམས་ཀྱིས་ལས་དགེ་བ་མི་དགེ་བ་བྱས་པ་རྣམས་ཀྱིས་འབྲས་བུ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་འབྲས་བུ་འབྱིན་སྟེ། ཏིང་ངེ་འཛིན་རྒྱལ་བོ་ལས། དེ་ཡང་བྱས་ནས་རེག་པར་མི་འགྱུར་མིན། །གཞན་གྱིས་བྱས་པ་ཚོར་བར་འགྱུར་བའང་མེད། །ཅེས་གསུངས་པ་ཡིན་པས། དཀར་ནག་གི་ལས་ཕྲ་མོ་ཙམ་ཡང་རྗེས་སུ་གྲིབ་མ་བཞིན་འབྲངས་ནས་བདེ་སྡུག་ཆེན་པོ་བསྐྱེད་པ་ཡིན་པས་མི་དགེ་བའི་ལས་ཕྲ་མོ་ཙམ་ལ་ཡང་འཛེམ་པ་དང་། དགེ་བའི་ལས་ཕྲ་མོ་ཡིན་ན་ཡང་འབད་པ་ཆེན་པོས་སྒྲུབ་པར་བྱའོ། །

མཇུག་བསྡུ་བ།

ཨེ་ཡུན་སི་ཐན་གྱིས།"གལ་ཏེ་ཆོས་ལུགས་གང་ཞིག་དེང་དུས་ཀྱི་ཚན་རིག་གི་འཕེལ་རྒྱས་དང་མཐུན་ཞེས་དྲིས་ན། ཆོས་ལུགས་དེ་ནི་ནང་ཆོས་རེད"ཅེས་གསུངས་ཡོད་པ་དང་། དེང་དུས་ཀྱི་མཁས་པ་མང་བོ་ཞིག་གིས་ནང་བསྟན་གྱི་ལྟ་བའི་ཆ་ནི་ཚན་རིག་དང་། སྤྱོད་པའི་ཆ་ནི་ཞི་བདེ་ཡིན་ཞེས་ཀུན་ལ་གྲགས་མོད། ཡིན་ན་ཡང་ཨ་གསར་ལ་དགའ་བའི་ན་གཞོན་མང་བོ་ཞིག་གིས་མ་བརྟགས་མ་དཔྱད་པར་ཟེར་སྒྲོས་ཙམ་གྱི་རྗེས་སུ་འབྲངས་པ་ནི་བླུན་པོའི་རང་མཚང་མངོན་པ་ཡིན་པས་བརྟགས་ནས་བཤད་རྒྱུ་གལ། དེ་བས་བདག་གིས་འདིར་བདག་དང་བདག་འདྲ་བའི་གྲོགས་པོ་མང་བོ་ཞིག་ལ་ཨེ་ཕན་སྙམ་ནས། མི་རིགས་གཞན་གྱི་དཔེ་བརྗོད་དང་ལྟ་བ་སོར་བཞག་བྱས་ཐོག་རང་གིས་ཀྱང་ཁ་བསྐངས་པའི་ཚུལ་གྱིས་ཅུང་ཞིག་བྲིས་པའོ། །


བརྒྱུད་འགོད།