སངས་རྒྱས་མ་ཐག་པའི་བདུན་ཕྲག་བདུན་གྱི་རིང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-18 23:58:19     རྩོམ་པ་པོ།   གནས་བརྟན་སཱི་རི་དྷམ་མས་བརྩམས།    ཀློག་ཐེངས།  

03fd64f.jpg
       

                       ༡  བྱང་ཆུབ་ཤིང་གི་བསིལ་གྲིབ་འོག
             སངས་རྒྱས་མ་ཐག་པའི་བདུན་ཕྲག་དང་པོའི་རིང་། སངས་རྒྱས་བཅོམ་ལྡན་འདས་སླར་ཡང་བྱང་ཆུབ་ཤིང་གི་བསིལ་གྲིབ་འོག་ཏུ་བཞུགས་ནས་གཏན་གྱི་ཞི་བའམ་བྱང་གྲོལ་གྱི་བདེ་བ་ལ་མཉམ་པར་བཞག་གོ །
                     ༢  བྱང་ཆུབ་ཤིང་ལ་སྤྱན་གྱིས་ཕུར་ཚུགས་སུ་གཟིགས་པ།
             བདུན་ཕྲག་གཉིས་པའི་སྐབས་སུ། བདག་ཅག་གི་སྟོན་པས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཕྱིར་དཀའ་བ་སྤྱད་པའི་རིང་། རང་ལ་བཞུགས་གནས་མཁོ་སྤྲོད་ཞུ་བའི་བྱང་ཆུབ་ཤིང་ལ་ཐུགས་རྗེ་ལེགས་འབུལ་ལམ་བཀའ་དྲིན་རྗེས་དྲན་མཚོན་ཕྱིར་ཤིང་སྡོང་དེ་ལས་གོམ་པ་ཁ་ཤས་ཕྱིར་སྣུར་གནང་སྟེ། སྤྱན་གྱིས་འབྱེད་བཙུམ་དང་གཡོ་འགུལ་གང་ཡང་མེད་པར་བདུན་ཕྲག་དེའི་རིང་བྱང་ཆུབ་ཤིང་ལ་སྤྱན་གྱིས་ཕུར་ཚུགས་སུ་གཟིགས་ཏེ་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ །
           བཅོམ་ལྡན་འདས་ཀྱི་རྨད་དུ་བྱུང་བའི་རྣམ་ཐར་དེ་ཡིས་ད་ལྟའི་དུས་སུའང་ང་རང་ཚོ་རྗེས་འཇུག་ནང་པ་ཚོས་བྱང་ཆུབ་ཤིང་ལ་མཆོད་ཅིང་བཀུར་བར་བྱེད་བཞིན་པ་འདི་ལགས་སོ། །དེའང་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དངོས་གནས་པ་གཅིག་པུ་དེ་ཙམ་མ་ཡིན་པར་དེ་ལས་གྱེས་པའམ་ཆད་པའི་ཡུལ་ལུང་གཞན་གྱི་བྱང་ཆུབ་ཤིང་ལའང་མཆོད་ཅིང་བཀུར་བར་བྱེད་པ་ཡིན་ནོ། །
                 ༣  གསེར་གྱི་ཟམ་པ།
         བདུན་ཕྲག་གསུམ་པའི་སྐབས་སུ་ཡང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མུ་མཐུད་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ལ། མཐོ་རིས་ཀྱི་ལྷ་དང་ལྷ་མོའི་ཚོགས་ཀྱི་དགོངས་པར། ད་དུང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མུ་མཐུད་བྱང་ཆུབ་ཤིང་གི་བསིལ་གྲིབ་འོག་སྒོམ་གྱི་ཉམས་ལེན་ལ་གཞོལ་བར་མཛད་འདུག་པས་ན། གོ་ཏ་མ་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སམ་སངས་རྒྱས་ཀྱི་གོ་འཕང་ཐོབ་མེད་པ་མིན་ནམ་སྙམ་པའི་དོགས་པའི་དྲ་བར་ཚུད་པ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྤྱན་གྱིས་ཐོགས་མེད་དུ་གཟིགས་པས། ལྷ་རྣམས་ལ་རང་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱས་ཡོད་པའི་ཁུངས་སྐྱེལ་ལམ་དངོས་ར་སྤྲོད་ཕྱིར། བར་སྣང་མཐོངས་སུ་གསེར་གྱི་ཟམ་པ་ཞིག་བསྐྲུན་ཏེ་བདུན་ཕྲག་དེའི་རིང་གསེར་ཟམ་ཐོག་ཡར་མར་ལ་བྱོན་པར་མཛད་དོ། །
           ༤     རིན་པོ་ཆེའི་ཁང་བཟང་།
          བདུན་ཕྲག་བཞི་པའི་སྐབས་སུ།སངས་རྒྱས་ཀྱིས་རིན་པོ་ཆེའི་ཁང་བཟང་ཞིག་བསྐྲུན་ཏེ་དེའི་ནང་བཞུགས་ནས་བསླབ་པ་གོང་མའམ་མངོན་པའི་ཆོས (ABIDHAMMA) ལ་སྒོམ་ཞིང་བཞུགས་སོ། །གང་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཐུགས་ཀྱི་ཡོན་ཏན་ནི་ཤིན་ཏུ་རྣམ་པར་དག་པས། གང་གི་སྐུ་གཟུགས་ལས་ཚོན་མདོག་མི་འདྲ་བ་རྣམ་པ་དྲུག་སྟེ། དཀར་པོ་དང་སེར་པོ། དམར་པོ་དང་སྔོན་པོ། དམར་སེར་དང་འདྲེས་མ་ལས་གྲུབ་པའི་འོད་ཟེར་རྣམ་པ་ལྔ་འཕྲོས་པར་གྱུར།
དེས་ན་དེང་གི་དུས་སུ་འུ་ཅག་ནང་པའི་དར་ཆ་ལའང་ཁ་དོག་མི་འདྲ་བ་དྲུག་འབྲི་བ་འདིས་སངས་རྒྱས་ཀྱི་འོད་ཟེར་དེ་དག་མཚོན་པར་བྱེད་པ་ཡིན་ནོ། །ངེས་པ་དོན་དུ་ན་བདུན་ཕྲག་དེ་ནས་བཟུང་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ཡོངས་ནས་འོད་ཟེར་རྣམ་པ་དྲུག་པོ་ཆད་མེད་དུ་འཁོར་ཞིང་འཕྲོ་བར་གྱུར། འདི་ནི་འོད་ཟེར་རང་ག་བ་ཞིག་མ་ཡིན་པར་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་པར་དག་པའི་ཡོན་ཏན་རེ་རེ་མཚོན་པར་བྱེད་དེ། དཔེར་ན། དཀར་པོས་དག་པ་དང་། སེར་པོས་བསོད་ནམས། དམར་པོས་ཤེས་རབ། སྔོན་པོས་སྤོབས་པ། དམར་སེར་གྱིས་ཆགས་མེད། དེ་རྣམས་འདྲེས་མས་སངས་རྒྱས་ཀྱི་ཡོན་ཏན་གཞན་རྣམས་མཚོན་པར་བྱེད་པ་ཡིན་པས། འུ་ཅག་གིས་ཀྱང་ལུས་སེམས་ཀྱི་ངོ་བོ་གོང་འཕེལ་དུ་བཏང་སྟེ་གནས་ཚད་མཐོར་འདེགས་བྱས་ན་འོད་ཟེར་དེ་དག་རང་བཞིན་གྱིས་འབྱུང་བར་ངེས་སོ། །
              ༥  གཞོན་ནུ་མ་གསུམ།
          བདུན་ཕྲག་ལྔ་པའི་སྐབས་སུ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཤིང་གི་ཉེ་འཁྲིས་སུ་ཨ་ཇ་པ་ལ (AJAPALA) ཞེས་ཆེས་ཁྱད་པར་དུ་འཕགས་པའི་ཤིང་ནྱ་གྲོ་དྷ་ཞིག་ཡོད་པའི་འོགབྱང་གྲོལ་གྱི་བདེ་བ་ལ་ལོངས་སུ་སྤྱོད་ཅིང་མཉམ་པར་བཞག་སྟེ་བཞུགས་པ་ན། མིང་ལ་ཏན་ཧ (TANHA) དང་། ར་ཏི། (RATI) ར་ག (RAGA) ཟེར་བ་ཆེས་ལྟ་ན་སྡུག་ཅིང་ཡིད་དུ་འོང་བའི་མཛེས་མ་གསུམ་སངས་རྒྱས་ཀྱི་མདུན་དུ་ཡོང་ནས་ཆགས་པ་མཆེད་པའི་རྣམ་འགྱུར་ཏེ་འདོད་པའི་སྒྱུ་རྩལ་གྱི་སྒེག་ཉམས་ཡོངས་སུ་བཀྲོལ་ནས་གཞས་དང་ཞབས་བྲོ་འཁྲབ་པ་སོགས། བསླུ་བྲིད་ཀྱི་བྱེད་སྒོ་སྣ་ཚོགས་པའི་སྒོ་ནས་སངས་རྒྱས་ཀྱི་རྩེ་གཅིག་པའི་ཏིང་འཛིན་ལ་བར་ཆད་བྱེད་པར་བརྩམས་ན་ཡང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྔར་བཞིན་སྤྱན་གཉིས་ལེགས་པར་བཙུམས་ཏེ་མུ་མཐུད་སྒོམ་གྱི་རྣལ་འབྱོར་ལ་གཞོལ་ནས་ཡུན་རིང་བཞུགས་པས། མཛེས་མ་རྣམས་ཐང་ཆད་དེ་བྱང་གྲོལ་གྱི་བདེ་བའི་དབྱིངས་ལ་མཉམ་པར་བཞག་བཞིན་པའི་སངས་རྒྱས་བཅོམ་ལྡན་འདས་བཞག་སྟེ་འགྲོ་དགོས་བྱུང་ངོ་། །
           ༦   མུ་ཅ་ལེན་དྷ་ཞེས་པའི་ཤིང་ནྱ་གྲོ་དྷ་ཞིག
          སངས་རྒྱས་བཅོམ་ལྡན་འདས་བཞུགས་གནས་གཞན་ཞིག་སྟེ་མུ་ཅ་ལེན་དྷ (MUCA LINDA) ཞེས་པའི་ཤིང་སྡོང་ཞིག་གི་འོག་ཏུ་བྱོན་ནས། མུ་མཐུད་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྐབས་ངར་ཤུགས་ཆེ་བའི་དྲག་ཆར་ཞིག་བབས་པ་ན། གཟུགས་སྟོབས་ཆེ་བའི་སྦྲུལ་རྒྱལ་མགོ་ལེབ་ཅིག་ཡོང་ནས་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ལ་ལན་བདུན་དུ་དཀྲིས་ཏེ། ངར་ཤུགས་ཆེ་བའི་དྲག་ཆར་གྱིས་སངས་རྒྱས་རློན་དུ་མི་འཇུག་པའི་ཕྱིར་དུག་སྦྲུལ་དེའི་མགོ་བོ་བཅོམ་ལྡན་འདས་ཀྱི་དབུ་ཀླད་ནས་བརྐྱངས་ཏེ་དྲག་ཆར་ལས་སྲུང་ཞིང་སྐྱོབ་པར་བྱས། དྲག་ཆར་མཚམས་ཆད་པ་ན་སྦྲུལ་མགོ་ལེབ་དེ་ཕོ་གཞོན་ཞིག་ཏུ་བསྒྱུར་ནས་སངས་རྒྱས་བཅོམ་ལྡན་འདས་ལ་གུས་ཤིང་བཀུར་བ་བྱས་སོ། །སྦྲུལ་མགོ་ལེབ་དེ་ནི་སྤྲུལ་པའི་གང་ཟག་ཅིག་ཡིན་པར་བཤད།
དེ་ནས་བཅོམ་ལྡན་འདས་ཀྱིས་སྨྲས་པ། གང་དག་ཆོས་ཤེས་པར་བྱེད་པ་དེ་ནི་སྐྱིད་པའོ། །གང་དག་བདེན་པ་མཐོང་ཞིང་ཐོས་པ་རྣམས་ནི་བདེ་བའོ། །གང་དག་སེམས་ཅན་ཀུན་ལ་ལྷག་བསམ་དང་མཐུན་སྒྲིལ་བྱེད་པ་ནི་སྐྱིད་པའོ། །གང་དག་སྣོད་བཅུད་ཀྱི་འཇིག་རྟེན་ལ་ཆགས་ཞེན་དང་བྲལ་ཏེ་འདོད་པ་ལ་འདུན་པ་ལས་ཕ་རོལ་ཏུ་སོན་པ་ནི་ཡང་སྐྱིད་པའོ། །གང་དག་ཁེངས་དྲེགས་དང་ཆེ་རློམ་སོགས་སྤངས་པ་ནི་ངེས་པ་དོན་དུ་ན་ཆེས་བླ་ན་མེད་པའི་བདེ་བ་ཡིན་ནོ། །ཞེས་སོགས་གསུངས། །
           ༧   ཤིང་གྲོལ་རྒྱུ།
            བདུན་ཕྲག་བདུན་པའི་སྐབས་སུ་ཡང་སངས་རྒྱས་བཅོམ་ལྡན་འདས་ཤིང་གྲོལ་རྒྱུའི (RAJAYATANA) འོག་ནས་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། བདུན་ཕྲག་བདུན་གྱི་རིང་སྨྱུང་གནས་ཀྱི་སྒོ་ནས་ཏིང་འཛིན་ལ་སྙོམས་པར་ཞུགས་པའི་ཆེས་མཐའ་མཇུག་གི་ཉིན་མོ་སྟེ་ཉིན་ལྔ་བཅུ་པའི་ཞོགས་པར། མིང་ལ་ག་གོན་དང་བཟང་པོ (TAPUSSA and BHALLIKA) ཟེར་བའི་ཚོང་པ་གཉིས་སངས་རྒྱས་ཀྱི་སྐུ་མདུན་དུ་བཅར་ནས། སྦྲང་རྩི་དང་འབྲས་ཀྱི་ཞལ་ཟས་ལ་སོགས་པས་བསྙེན་བཀུར་ཞིང་མཆོད་པར་བྱས་སོ། །
དངོས་གནས་བྱས་ན། ཚོང་པ་དེ་གཉིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཞུགས་གནས་དང་ཁ་ཕྱོགས་མི་འདྲ་བའི་གྲོང་ཁྱེར་གཞན་ཞིག་ཏུ་འགྲོ་དགོས་ཀྱི་ཡོད་མོད། གང་ལྟར་ཁོང་གཉིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ། སངས་རྒྱས་དཀོན་མཆོག་དང་ཆོས་དཀོན་མཆོག་ལ་སྐྱབས་སུ་སོང་བས་ཁོང་གཉིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་གི་ཐོག་མར་གྱུར། འོན་ཀྱང་སྐབས་དེ་དུས་ད་དུང་དགེ་འདུན་དཀོན་མཆོག་གམ་དགེ་འདུན་གྱི་སྡེ་ནི་བྱུང་མེད་དོ། །
           ཁོང་གཉིས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ། བྱིན་རླབས་ཀྱི་ཚན་ཁ་འབར་བའི་རྟེན་སྐལ་ཞིག་གནང་བར་ཞུ། ཞེས་རེ་འདུན་གྱིས་སྐྱབས་འཇུག་ཞུས་པར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པས་རང་གི་དབུ་ནས་སྐྲ་རྐང་ཁ་ཤས་བལ་ཏེ་གནང་།དབུ་སྐྲ་དེ་ལ་སྐྲ་ཡི་རིང་བསྲེལ (KESADATU) ཟེར། དེ་ནས་ཁོང་གཉིས་ཀྱིས་སྐྲ་ཡི་རིང་བསྲེལ་གདན་དྲངས་ཏེ་མཐར་རང་ཡུལ་དུ་འབྱོར་རྗེས་མཆོད་རྟེན་ཞིག་བཞེངས་ནས་དེའི་གཟུངས་གཞུག་ཏུ་ཕུལ།
             སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞལ་ཟས་གསོལ་གྲུབ་རྗེས་འདི་ལྟར། སྐྱེ་བོ་རྣམས་ནི་རྨོངས་ཤིང་གཏི་མུག་པས་ཀུན་ནས་ཏེ་ཡོངས་སུ་བསྒྲིབས་པས། ངས་རྙེད་ཅིང་ཁོང་དུ་ཆུད་པའི་ཟབ་རྒྱས་ཀྱི་ཆོས་ཚུལ་བླ་ན་མེད་པ་དག་ཁོང་ཚོར་བཤད་ཀྱང་དོན་རྟོགས་པར་མི་ནུས་སོ་དགོངས་ནས། གསུང་ཆོས་ཀྱི་གདམས་པ་གནང་རྩིས་མེད་པར་སླར་ཡང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །
           དེ་ཙ་ན་ལྷ་དང་མི་དང་ཚངས་པའི་གནས་ཏེ་འཇིག་རྟེན་གསུམ་གྱི་མགོན་པོ་ལྷ་ཆེན་ཚངས་པ (BRAHMA SAHAMPATI) ཉིད་སངས་རྒྱས་བཅོམ་ལྡན་འདས་ཀྱི་མདུན་དུ་བཅར་ནས་ཞུས་པ། མགོན་པོ་ཁྱེད་ཀྱིས་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེའི་ལེགས་ཚོགས་ལ་དགོངས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་ཞུ། ཞེས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཆེན་པོས་ཀུན་ནས་བསླངས་ཏེ་ཞལ་གྱིས་བཞེས་སོ། །  ངེས་དོན་རྒྱ་མཚོས་བསྒྱུར།

                                                                            རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
             གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

 

བརྒྱུད་འགོད།