བླ་མ་སྡིག་པ་ར་ཙར་སྐྱེས་པ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2016-06-04 23:59:45     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

033.JPG

        སྔོན་གཙང་རྟ་ནག་བླ་མ་ཟེར་བ་ཞིག་ཡོད།  ཁོ་ནི་ཤི་གསོན་གྱི་དཀོར་ལ་འཛེམ་མེད་དུ་སྤྱོད་ཅིང་སྟོབས་འབྱོར་སོགས་ཤིན་ཏུ་ཆེ་བ་ཞིག་ཡིན།
རྗེས་སུ་ཁོང་ན་སྟེ་ཤི་ལ་ཉེ་བའི་སྐབས་གྲྭ་བ་ཞིག་ལ། ངའི་དབུགས་ཆད་པ་དང་མཉམ་དུ་ལུས་འདི་དྲོད་ཡལ་མ་བཅུག་པར་སྙིང་བླངས་ནས་ཆོས་གོས་ཀྱིས་བཏུམ་སྟེ། ཁ་རག་སྒོམ་ཆུང་ལ་དབུལ་དགོས་ཞེས་གདམས། 
        གྲྭ་བ་དེས་ཀྱང་ཁོས་གདམས་པ་བཞིན་ཁོ་ཤི་མ་ཐག་ཏུ་དྲོད་ཡལ་དུ་མ་བཅུག་པར་སྙིང་བླངས་ནས་ཆོས་གོས་ཀྱིས་བཏུམ་སྟེ།  ཁ་རག་སྒོམ་ཆུང་གི་དྲུང་དུ་ཁྱེར། 
ལམ་ཁར་ཁོའི་སེམས་སུ་ཁ་རག་སྒོམ་ཆུང་ནི་སྤྱོད་པ་གཙང་ལ་གཞུང་དྲང་བའི་བླ་མ་ཆེན་པོ་ཡིན་པས་ཁོང་བསྔོ་རྟེན་སོགས་དབུལ་རྒྱུ་མེད་པར་གཞན་སུ་ལའང་མི་དར་བ་འདི་འདྲ་བྱས་ན་ཨེ་རུང་སྙམ་སྟེ། སྔོན་ལ་བླ་མ་ཁ་རག་པ་ལ་གནས་ཚུལ་གསལ་བོ་མ་ཞུས་ན་མི་ལེགས་སྙམ་ནས། སྙིང་དེ་རྡོ་ཕ་བོང་ཞིག་གི་སྟེང་དུ་བཞག་ནས་ཁ་རག་སྒོམ་ཆུང་གི་དྲུང་དུ་སོང་སྟེ་ཇི་བཞིན་ཞུས།
          ཁ་རག་སྒོམ་ཆུང་གིས། གཏམ་དེ་གསན་མ་ཐག་ཏུ་འོ་ད་མ་འགྲིག  མགྱོགས་པར་འགྲོ་གསུངས་ནས་སྙིང་བཞག་སའི་ཕ་བོང་སར་ཕེབས་དུས། སྙིང་དེ་སྡིག་པ་ར་ཙ་འཇིགས་སུ་རུང་བ་ཞིག་ཏུ་གྱུར་ཅིང་། ཕ་བོང་དེའི་ཁ་གད་པས་དེ་མ་ཐག་ཏུ་ནང་དུ་འཛུལ།
         སྐབས་དེར་ཁ་རག་སྒོམ་ཆུང་གིས་ཕངས་སེམས་དང་བཅས་ད་བཅོས་ཐབས་མི་འདུག ནམ་ཞིག་ཕ་བོང་འདིའི་སྟེང་དུ་ཤིང་སྐྱེས་ཤིང་། དེར་བྱ་རོག་བབས་ནས་སྡིག་པ་ར་ཙ་དེ་ཟ་བར་མ་གྱུར་དེ་སྲིད་དུ། འདི་ལས་ཚེ་མི་འཕོ་གསུངས།


  (དགེ་ལུགས་པའི་སྐྱེས་བུ་དམ་པ་དག་གི་ངག་རྒྱུན་འདི་ལྟ་བུ་བྲིས་ནས་བསྐུར་ན་དུས་ལྟར་དགེ་ལུགས་དྲ་བར་འགོད་ངེས།)

                                                                       རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།གསལ་འདེབས།                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།