དགྲ་ཤ་ལེན་པའི་ཆེད་དུ་ལམ་རིམ་བློར་བཟུང་བའི་དགེ་བཤེས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2016-05-02 08:54:54     རྩོམ་པ་པོ།   རྗེ་དཔལ་ལྡན་རྒྱ་མཚོས་གསུངས།    ཀློག་ཐེངས།  

846866006873796090.jpg

སྔོན་ཆད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་གུང་ཐང་བློ་གྲོས་ཚང་ལ་གྲགས་པ་མཐའ་ཡས་ཟེར་བའི་དགེ་ཕྲུག་ཅིག་ཡོད། 

དེ་ནི་བུ་རྒོད་ཅིག་ཡིན་ཚོད་རེད། ཁོ་ལ་ཕུ་བོ་ཞིག་ཡོད་པ་དེ་སྟབས་མ་ལེགས་པར་གཞན་གྱིས་བསད་པས། སྡུག་བསྔལ་བཟོད་གླགས་མེད་པ་ཞིག་སྐྱེས་ཤིང་། མཐར་རབ་ཏུ་བྱུང་བ་ཞིག་ཡིན་ནའང་ཞེ་སྡང་དྲག་པོ་སྐྱེས་ཏེ་བཟོད་མ་ཐུབ་པར་དགྲ་ཤ་ལེན་རྒྱུའི་སེམས་ཐག་བཅད།

དེ་ནས་ཁོང་ཨ་ཁུ་གུང་ཐང་བློ་གྲོས་ཚང་ལ་རྒྱུ་མཚན་རྣམས་ཞིབ་པར་ཞུས་ཤིང་རང་ཉིད་སྐྱ་སར་བབས་ནས་ཕུ་བོའི་དགྲ་ཤ་ལེན་རྒྱུ་ཞེས་ཞུས་པ་ན། བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་ཨ་ཁུ་རིན་པོ་ཆེས་ཀྱང་དེ་འགྲིག་གི་གསུངས། 

འོན་ཀྱང་དགེ་རྩ་སྔོན་ལ་བསྒྲུབས་རྗེས་དགྲ་ཤ་ལེན་དུ་སོངས། བསྒྲུབ་རྒྱུའི་དགེ་རྩར་ལམ་རིམ་ཆེན་མོའི་སྐྱེས་བུ་ཆུང་ངུའི་ཆོས་སྐོར་དེ་བློ་ལ་བྱང་བར་ཟུངས་གསུངས།

དེ་ནས་ཁོས་ལམ་རིམ་ཆེན་མོའི་སྐྱེས་བུ་ཆུང་ངུའི་ཆོས་སྐོར་རྣམས་རྫོགས་པར་བློར་བཟུང་རྗེས་སེམས་ལ་འགྱུར་བ་ཐེབས་སྟེ། ཁོང་ཨ་ཁུ་རིན་པོ་ཆེའི་མདུན་དུ་སོང་ནས་ད་ང་ཕུ་བོའི་དགྲ་ཤ་ལེན་དུ་མི་འགྲོ།  དེར་མ་ཟད་ལམ་རིམ་ཆེན་མོ་རྫོགས་པར་བློར་འཛིན་རྒྱུ་ཞེས་ཞུས་སྟེ་སྔར་ལས་ལྷག་པའི་་ལྷག་པར་དཀའ་སྤྱད་འབད་བརྩོན་གྱིས་ལམ་རིམ་ཆེན་མོ་རྫོགས་པར་བློར་བཟུང་བར་མ་ཟད། མདོ་སྔགས་ཐམས་ཅད་ལ་དཔྱིས་ཕྱིན་པ་བསླབས་པས་མཐར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཆེན་མོ་ཞིག་ཏུ་གྱུར་པ་དང་། དབལ་མང་རིན་པོ་ཆེའི་ཡོངས་འཛིན་དུའང་གྱུར་པ་རེད། 

ཞེས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དཔལ་ལྡན་རྒྱ་མཚོ་དཔལ་བཟང་པོས་གསུངས་པ་ཇི་ལྟ་བུ་བཞིན་མང་ར་བ་འཇམ་དབྱངས་ཆོས་འཕེལ་གྱིས་ཟིན་བྲིས་སུ་བཏབ།

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།