ཁྱད་མཚར་བའི་གདུགས་དཀར་འཁོར་ལོ།

    སྤེལ་དུས།  2015-12-17 23:14:20     རྩོམ་པ་པོ།   གྱི་ལིང་འཇིགས་མེད།     ཀློག་ཐེངས།  

 ང་ཚོའི་དགོན་པ་ལ་གདུགས་དཀར་འཁོར་ལོའི་དཔར་ཤིང་ཞིག་ཡོད། ངག་རྒྱུན་དུ་འཁོར་ལོ་དེ་མེས་མི་ཚིག་པས་མིང་ལ་གྱི་ལིང་འཁོར་ལོ་མེ་ཐུབ་མའང་ཟེར་བའི་བཤད་རྒྱུན་ཡོད་མོད། རང་གི་ས་ཆ་ན་དེ་ཙམ་རྒྱུས་ཆེན་པོ་མེད།

དཔར་ཤིང་དེ་ཁྱད་པར་བ་ཞིག་ཡིན། གོ་ཐོས་སུ་དཔར་ཤིང་དེ་མགོ་ནས་དཀྱིལ་བར་ང་ཚོའི་དགོན་པའི་བླ་མ་རོང་ཁམས་ཞབས་དྲུང་སྐུ་འཕྲེང་གསུམ་པ་ཚང་གིས་བརྐོས་པ་རེད་ཟེར། ཁོང་བསམ་གྱིས་མི་ཁྱབ་པའི་གྲྭབ་ཐོབ་ཅིག་ཡིན་ཞེས་ད་ལྟའི་བར་ངག་རྒྱུན་ཁྱད་མཚར་བ་སྣ་ཚོགས་ཡོད། ཁོང་གིས་དཔར་ཤིང་དེ་འཕྲོ་ཅན་དུ་བསྐྱུར་རྗེས་སྐུ་གཤེགས་པ་རེད། རྗེས་སུ་འབོ་རའི་ཕྱོགས་ནས་ཁྱིམ་སྔགས་ཤིག་གིས་མགོ་མེད་པའི་དཔར་ཤིང་ཞིག་བརྐོས་པ་དེ་ང་ཚོའི་ཨ་ལགས་ཚང་གིས་བརྐོས་པ་དེའི་མཇུག་ཏུ་མཐུད་ན་ཡི་གེ་གཅིག་ཀྱང་ཆད་ལྷག་མེད་པར་འགྲིག་ཡོད་པ་ཞིག་ཡིན་པས་ཐམས་ཅད་ཧ་ལས་ཤིང་། དཔར་ཤིང་ང་ཚོའི་དགོན་པར་གདན་དྲངས་པ་རེད་ཟེར།

དེ་ནས་བཟུང་དཔར་ཤིང་དེས་ལོ་རྒྱུས་ཀྱི་སྐྱོ་གར་མང་བོ་ཞིག་མྱངས་ཡོད་དེ། ང་ཚོའི་དགོན་པ་ཐང་ཚའི་ཀརྨ་སོགས་ཀྱིས་དྲག་འདུལ་བྱེད་སྐབས་དཔར་ཤིང་དེ་ཐབས་སྣ་ཚོགས་ཀྱིས་གཞན་ལག་ཏུ་མ་ཤོར། རྗེས་སུ་རིག་གནས་གསར་བརྗེ་ཆེན་མོའི་ནང་སླར་ཡང་དཔར་ཤིང་འངིས་འོ་བརྒྱལ་མང་བོ་མྱངས།

རིག་གསར་གྱི་ལས་འགུལ་ཇ་ཅང་ཛ་དྲག་ཆེ་བའི་སྐབས་ཤིག་ང་ཚོའི་དགོན་པའི་ཨ་ཁུ་དཀོན་མཆོག་ཅེས་པའི་དགེ་སློང་ཞིག་ཡོད་པ་དེས་དཔར་ཤིང་དེ་རྙེད་ནས་འཁྱེར་ཏེ་དགོན་པའི་གཡས་འགྲམ་གྱི་མཁར་ལུང་ནང་ཞེས་པའི་ལུང་ཤུར་ལས་བྱི་ཁུང་ཞིག་ཏུ་བསྐུངས།

ཨ་ཁུ་དཀོན་མཆོག་ཚང་ནི་གྱི་ལིང་རུ་འགབ་མ་ནས་སྐུ་འཁྲུངས་ཤིང་ཆུང་དུས་ནས་སྤྱོད་པ་ཡ་མཚན་པ་ཞིག་ཡིན་པས་འགའ་རེས་གསང་བདག་གི་སྤྲུལ་བ་ཡིན་པར་ཡང་བཤད། རྗེས་སུ་གྱི་ལིང་དགོན་ནས་རབ་ཏུ་བྱུང་ཞིང་དགོན་པ་ཐང་ཚའི་འགོ་བ་སོགས་ཀྱིས་དྲག་གནོན་བྱེད་སྐབས་བླ་བྲང་དུ་བྲོས་ཏེ་རྒྱུད་སྨད་པའི་ཚོགས་ལ་ཞུགས། བསྟན་པ་ཡང་དར་སྐབས་ཕྱིར་རང་དགོན་དུ་ཕེབས་ཤིང་བླ་བྲང་ནས་རྒྱུད་པ་གྲྭ་ཚང་གིས་ཡང་ཡང་བོས་ཀྱང་མ་ཕེབས། གཞུང་གིས་ཁོང་ལ་བྱིན་པའི་ཁང་ས་དེ་ཡུན་རིང་བོར་བཞག་སྐད།

ཁོང་ཆུང་དུས་ནས་སྤྱན་གྱིས་མི་གཟིགས་ནའང་འདོན་ཆོས་སྤྱོད་ལ་ངེས་ཆ་ཧ་ཅང་ཆེ་བར་མ་ཟད། གར་རྟ་དབྱངས་གསུམ་སོགས་ཕྱག་ལེན་ལ་བྱང་ཆུབ་ཡོད་པས་དགོན་པ་སླར་གསོའི་སྐབས་སྐུ་དྲིན་ཤིན་ཏུ་ཆེ་བར་བཤད། ཡ་མཚན་པ་ཞིག་ལ་ཕྱིས་དགུང་ལོ་ཧ་ཅང་མཐོན་པོར་བུད་ཚེ་ཁོང་གི་སྤྱན་གཉིས་སླར་ཡང་བྱུང་སྟེ་མཐོང་ཐུབ་པར་གྱུར།

རིག་གསར་སྐབས་ཁོང་གིས་སྤྱན་གྱིས་མི་གཟིགས་ནའང་གདུགས་དཀར་འཁོར་ལོས་མཚོན་པའི་དཔར་ཤིང་མང་བོ་ཞིག་རྙེད་དེ་འཁྱེར་ནས་བྱི་ཁུང་དུ་བཅུག་པ་རེད། རྗེས་སོར་སྲིད་ཇུས་ཅུང་ཇེ་ཡག་ལ་སོང་སྐབས་ཁོང་གིས་སྔར་གྱི་བྱི་ཁུང་དེ་ཅི་ལྟར་བཙལ་ནའང་མ་རྙེད་པས་མཐར་མགོན་ཁང་དུ་ཕེབས་ནས་མགོན་པོའི་བསྐང་བ་མང་དུ་གསུངས་པས་སོས་ཀ་ཞིག་ལ་བྱི་ཁུང་ཞིག་ནས་བྱི་བ་སྒོར་བུད་དེ་ནང་གི་ས་རྣམས་སྒོར་དེད་ཡོད་པའི་གྲས་སུ་དཔར་ཤིང་ཚང་མའང་གྲ་མ་ཉམས་ཤིང་གྲུ་མ་འཐོར་བར་ཕྱིར་རྙེད་པ་རེད།

ད་ལྟ་དཔར་ཤིང་དེ་ཧ་ཅང་རྩ་ཆེན་པོ་བྱེད་ཅིང་ལོ་རེར་འཁོར་ལོ་ཡང་གྲངས་ངེས་ཅན་ཞིག་མ་གཏོགས་མི་དཔར་བས་ཕྱོགས་ཡས་མས་ནས་དེ་ཨེ་འཐོབ་རྩོད་མཁན་ཇེ་མང་ནས་ཇེ་མང་རེད། འོན་ཀྱང་འཁོར་ལོ་དཔར་ཏེ་ཡོན་ལེན་མཁན་དང་། ཡང་ན་ཡོན་བྱིན་ཏེ་འཁོར་ལོ་བླུ་མཁན་སུ་ཡིན་ཡང་ཞིར་གཤེགས་དམ་པ་ཁོང་གི་སྐུ་དྲིན་དང་མཛད་རྗེས་དྲན་མཁན་ལྟ་ཅི། ཁོང་གི་མཚན་ཐོས་མ་མྱོང་བའང་རིམ་བཞིན་ཇེ་མང་རེད།

གསལ་འདེབས།     
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།     

       རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
        རྩོམ་འདིའི་སྦྲེལ་ཐག
http://www.tb1025.cn


བརྒྱུད་འགོད།