ཁྱོད་ཀྱིས་དབུ་མའི་སྐོར་ཤེས་སམ།
ཁྱོད་ཀྱིས་དབུ་མ་ཤེས་སམ།དབུ་མའི་བསྟན་བཅོས། དབུ་མ་དར་ཚུལ།དབུ་མར་སྦྱོང་བའི་དགོས་པ་ཤེས་སམ།
དབུ་མ་ཞེས་པ་ནི་མ་དྷུ་མ་ཀ་སྟེ་སྒྲོ་འདོགས་པའི་རྟག་མཐའ་དང་།སྐུར་བ་འདེབས་པའི་ཆད་མཐའ་སྟེ།མཐའ་གཉིས་དང་བྲལ་བའི་དབུས་ཁས་ལེན་པས་ན་དབུ་མ་བ་དང་། ཆོས་ཐམས་ཅད་གཞི་དབུ་མ་དང་། དེ་རྟོགས་པའི་ལམ་ཤེར་ཕྱིན་ལམ་དབུ་མ། ཉམས་སུ་བླངས་པའི་འབྲས་བུ་འབྲས་བུ་དབུ་མ་ཟེར། དེ་བརྗོད་བྱར་བྱེད་པའི་བསྟན་བཅོས་ལ་གཞུང་དབུ་མ་ཟེར།
བདག་ཅག་གི་སྟོན་པས་བྱ་རྒོད་ཕུང་བོའི་རིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་བསྡུས་གསུམ་སྐོར་ དགུ་གསུངས་པ་དབུ་མའི་མདོ་ཡིན་ཞིང་། དེའི་བརྗོད་བྱ་ལ་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་ཡོད།
སློབ་དཔོན་ཀླུ་སྒྲུབ་སྟེ།ཁོང་གིས་སྟོང་ཉིད་ལུང་གིས་བསྒྲུབ་པར་མདོ་ཀུན་ལས་བཏུས་པ་དང་། རིགས་པས་བསྒྲུབ་པར་དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་དང་། རྒྱལ་བོ་ལ་གཏམ་བྱ་བ་རིན་པོ་ཆེའི་འཕྲེང་བ། ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་མདོ། རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ། སྟོང་བ་ཉིད་བདུན་ཅུ་བའི་ཚིག་ལེའུར་བྱས་པ། རིགས་པ་དྲུག་ཅུ་བའི་ཚིག་ལེའུར་བྱས་པ་དྲུག་བརྩམས་ཏེ་ཆོས་སྒྲ་གཉིས་པ་བསྒྲགས་ཤིང་དབུ་མ་བའི་ཤིང་རྟའི་སྲོལ་ཕྱེས།
སློབ་དཔོན་གྱི་དབུ་མའི་བསྟན་བཅོས་རྣམས་ཀྱི་གཙོ་བོ་ནི་བསྒྲུབ་བྱ་བདེན་དངོས་འགོག་པའི་རྩ་བ་ཤེས་རབ་ཡིན་ལ།དེའི་རབ་བྱེད་དང་པོའི་འཕྲོས་དོན་རྩོད་ཟློག་དང་། རབ་བྱེད་བདུན་པའི་འཕྲོས་དོན་སྟོང་ཉིད་བདུན་ཅུ་པ་དང་། རང་སྡེའི་བདེན་དངོས་བྱེ་བྲག་ཏུ་འགོག་པ་རིགས་པ་དྲུག་ཅུ་པ། རིན་ཆེན་ཕྲེང་བ་གཉིས་དང་ལྔ། བདེན་དངོས་སྒྲུབ་བྱེད་རྟོག་གེའི་ཚིག་དོན་བཅུ་དྲུག་འགོག་པ་ཞིབ་མོ་རྣམ་འཐག་ཡིན་ནོ། །
ཁོང་ལ་སློབ་མ་ཤཱཀྱ་མི་ཏྲ། ན་ག་བོ་ངྷི། ཨརྱ་དེ་བ། མ་ཏིངྐ་བ་བཞི་ནི་གཙོ་བོར་གྱུར་པ་སྲས་ཀྱི་ཐུ་བོ་རྣམ་པ་བཞི་དང་།སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོ་ཉེ་བའི་ཐུགས་སྲས་ཏེ། སློབ་མ་ཆེན་པོ་བདུན་བྱོན། དེ་དག་ལས་ཟླ་དང་བྲལ་བ་ནི་སློབ་དཔོན་ཨརྱ་དེ་བ་ཡིན།
སློབ་དཔོན་ཀླུ་སྒྲུབ་དང་དེའི་དངོས་སློབ་འཕགས་པ་ལྷའམ་ཨརྱ་དེ་བ་གཉིས་ཀྱི་དགོངས་པ་མཐར་ཐུག་ཐལ་འགྱུར་བ་ཡིན་ཡང་ཁོ་གཉིས་ཀྱིས་བརྩམས་པའི་བསྟན་བཅོས་སུ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་འདོད་ཚུལ་གསལ་བར་མ་བཤད་ཅིང་། ཐལ་རང་གཉིས་ཀའི་སྤྱི་ལ་བཞུགས་པས་ཕྱི་མོའི་དབུ་མ་བ་དང་། སངས་རྒྱས་བསྐྱངས་དང་ཟླ་གྲགས་སོགས་ཐལ་རང་སོ་སོར་འགྲེལ་བ་རྣམས་ལ་ཕྱོགས་འཛིན་པའི་དབུ་མ་བ། སློབ་དཔོན་ཤཱཀྱ་བཤེས་གཉེན་དང་ཀླུའི་བྱང་ཆུབ། རིག་པའི་ཁུ་བྱུག་སོགས་ལ་ཕྱོགས་མི་འཛིན་པའི་དབུ་མ་བ་ཟེར་རོ། །
ཐལ་འགྱུར་ཙམ་གྱིས་ཕྱི་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་བསྐྱེད་པར་འདོད་པས་ན་ཐལ་འགྱུར་བ་དང་། ཚུལ་གསུམ་རང་ངོས་ནས་གྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་བསྒྲུབ་བྱ་བདེན་དངོས་འགོག་པས་ན་དབུ་མ་རང་རྒྱུད་པ་ཟེར། སློབ་དཔོན་ཞི་འཚོས་དབུ་མ་རྒྱན་དང་སློབ་དཔོན་ཡེ་ཤེས་སྙིང་བོས་དབུ་མ་བདེན་གཉིས། ཀ་མ་ལ་ཤཱི་ལས་དབུ་མ་སྣང་བ་མཛད་ཅིང་དེ་གསུམ་ལ་རང་རྒྱུད་ཤར་གསུམ་དུ་གྲགས།
དབུ་མའི་རྩ་བ་ཤེས་རབ་ལ་རབ་བྱེད་ཉེར་བདུན་ཡོད་ཅིང་།རབ་བྱེད་དང་བོ། རྐྱེན་བརྟག་པ། ཤོ་ལོ་ཀ༡༤༢རབ་བྱེད་གཉིས་པ། འགྲོ་འོང་བརྟག་པ།༢༤༣རབ་བྱེད་གསུམ་པ། དབང་བོ་བརྟག་པ། ༨༤རབ་བྱེད་བཞི་པ། ཕུང་བོ་བརྟག་པ།༧༥རབ་བྱེད་ལྔ་པ། ཁམས་བརྟག་པ།༨༦རབ་བྱེད་དྲུག་པ། འདོད་ཆགས་དང་ཆགས་པ་བརྟག་པ། ༡༠༧རབ་བྱེད་བདུན་པ། སྐྱེ་གནས་འཇིག་གསུམ་བརྟག་པ།༣༤༧རབ་བྱེད་བརྒྱད་པ། བྱེད་པ་པོ་དང་ལས་བརྟག་པ།༡༢༩རབ་བྱེད་དགུ་པ། སྔ་རོལ་ན་གནས་པ་བརྟག་པ། ༡༢༡༠རབ་བྱེད་བཅུ་པ། མེ་དང་བུད་ཤིང་བརྟག་པ།༡༦༡༡རབ་བྱེད་བཅུ་གཅིག་པ། སྔོན་དང་ཕྱི་མའི་མཐའ་བརྟག་པ། ༨༡༣རབ་བྱེད་བཅུ་གཉིས་པ། བདག་དང་གཞན་གྱིས་བྱས་པ་བརྟག་པ། ༡༠༡༣། རབ་བྱེད་བཅུ་གསུམ་པ། འདུ་བྱེད་བརྟག་པ། ༨༡༤ རབ་བྱེད་བཅུ་བཞི་པ། ཕྲད་པ་བརྟག་པ། ༨༡༥རབ་བྱེད་བཅོ་ལྔ་པ། རང་བཞིན་བརྟག་པ།༡༡ ༡༦ རབ་བྱེད་བཅུ་དྲུག་པ། བཅིངས་ཐར་བརྟག་པ། ༡༠༡༧ རབ་བྱེད་བཅུ་བདུན་པ། ལས་བརྟག་པ། ༡༧༡༨ རབ་བྱེད་བཅོ་བརྒྱད་པ། བདག་དང་ཆོས་བརྟག་པ། ༡༢༡༩རབ་བྱེད་བཅུ་དགུ་པ། དུས་བརྟག་པ། ༦༢༠རབ་བྱེད་ཉི་ཤུ་བ། ཚོགས་པ་བརྟག་པ། ༢༤༢༡རབ་བྱེད་ཉེར་གཅིག་པ། འབྱུང་འཇིག་བརྟག་པ། ༢༣༢༢། རབ་བྱེད་ཉེར་གཉིས་པ། དེ་བཞིན་གཤེགས་པ་བརྟག་པ། ༡༦༢༣རབ་བྱེད་ཉེར་གསུམ་པ། ཕྱིན་ཅི་ལོག་བརྟག་པ། ༢༣༢༤རབ་བྱེད་ཉེར་བཞི་པ། འཕགས་པའི་བདེན་པ་བརྟག་པ།༤༠༢༥རབ་བྱེད་ཉེར་ལྔ་པ། མྱང་འདས་བརྟག་པ།༢༤༢༦རབ་བྱེད་ཉེར་དྲུག་པ། སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པ།༡༢༢༧རབ་བྱེད་ཉེར་བདུན་པ། ལྟ་བ་བརྟག་པ། ༣༠
དེ་ལྟར་པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་ཀྱིས་བསྒྱུར་བའི་དབུ་མ་རྩ་བ་ཤེས་རབ་ཅེས་བྱ་བའི་བསྟན་བཅོས་འདི་ལ་རབ་བྱེད་ཉེར་བདུན་དང་ཤོ་ལོ་ཀ་བཞི་བརྒྱ་དང་བཞི་བཅུ་ཞེ་དགུ་བཞུགས།
རྩ་ཤེས་ལ་འགྲེལ་བ་ག་ལས་འཇིགས་མེད་དང་། དེ་བ་ཤར་མ། གུ་ན་མ་ཏི། སྠིར་མ་ཏི། གུ་ན་ཤྲྀ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཟླ་གྲགས་ཀྱི་འགྲེལ་བ་བཅས་འགྲེལ་བ་ཆེན་པོ་བརྒྱད་ཡོད་ཅིང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དབུ་མ་རྩ་ཤེའི་འགྲེལ་བ་བུདྡྷ་པཱ་ལི་ཏ་བརྩམས་ཏེ་ཐལ་ འགྱུར་བའི་ཤིང་རྟའི་སྲོལ་ཕྱེས། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྩ་ཤེའི་འགྲེལ་བ་ཤེས་རབ་སྒྲོན་མེ་དང་། དབུ་མ་སྙིང་བོའི་ཚིག་ལེའུར་བྱས་པ། དབུ་མ་སྙིང་བོའི་རང་འགྲེལ་རྟོག་གེ་འབར་བ་བཅས་བརྩམས་ཏེ་དབུ་མ་རང་རྒྱུད་པའི་སྲོལ་ཕྱེས།
ལྷག་པར་སློབ་དཔོན་ཟླ་བ་གྲགས་པས་དབུ་མ་འཇུག་པ་དང་རྩ་ཤེའི་འགྲེལ་བ་ཚིག་གསལ། དབུ་མ་ལ་འཇུག་པའི་རང་འགྲེལ་བཅས་བརྩམས་ཏེ་ཐལ་འགྱུར་བའི་ཤིང་རྟའི་སྲོལ་རྒྱ་ཆེར་བཀྲལ། ད་དུང་ལོ་ཙཱ་བ་དཔའ་རིས་བློ་བཟང་གིས་བོད་ཡིག་ཏུ་བསྒྱུར་པའི་རྩ་ཤེའི་འགྲེལ་བ་མཛད་པའི་སློབ་དཔོན་མཐིང་མིག་བྱ་བའང་སློབ་དཔོན་ཟླ་གྲགས་ཡིན་པར་ཐུའུ་བཀྭན་ཆོས་ཀྱི་ཉི་མས་བཞེད།
རྗེས་སུ་ཛ་ཡ་ཨ་ནན་ཏས་དབུ་མ་ལ་འཇུག་པའི་རང་འགྲེལ་དང་བཤད་སྲོལ་མི་མཐུན་པ་བྱུང་བས་བོད་སྔ་རབས་པ་དག་འདིའི་རྗེས་སུ་འབྲངས་མོད་རྗེ་ཙོང་ཁ་བས་སློབ་དཔོན་ཟླ་གྲགས་ཀྱིས་དབུ་མ་འཇུག་པའི་རང་འགྲེལ་ལ་བསྟུན་ནས་འགྲེལ་བ་མཛད་དོ།།
དེ་ལྟར་ཁོང་གི་སློབ་མ་དང་ཡང་སློབ་རྣམས་ཀྱིས་འགྲེལ་བ་མང་དུ་བརྩམས་པ་ལས་གྲགས་ཆེ་ཞིང་།གནད་བསྡུས་པ། ལག་ཏུ་ལེན་བདེ་བ་ནི་སློབ་དཔོན་ཟླ་གྲགས་ཀྱིས་མཛད་པའི་དབུ་མ་འཇུག་པ་ཡིན།དབུ་མ་འཇུག་པ་ལ་ལེའུ་བཅུ་སྟེ། དེ་རེ་རེར་སེམས་བསྐྱེད་རེ་རེའི་མིང་བཏགས་ཤིང་། སེམས་བསྐྱེད་པ་དང་བོ་ནས་བཅུ་བའི་བར་ལེའུ་བཅུ་ཡོད། ལེའུ་དང་བོར་རྐང་བ་རེ་བརྒྱད་དང་། གཉིས་པར་བཞི་བཅུ། གསུམ་པར་ང་གཉིས། བཞི་བར་བརྒྱད། ལྔ་བར་བཞི། དྲུག་པར་དགུ་བརྒྱ། བདུན་པར་གསུམ། བརྒྱད་པར་བཅུ་གཅིག དགུ་བར་གཉིས།བཅུ་བར་བཞི་སྟེ་ཤོ་ལོ་ཀ་སུམ་བརྒྱ་སུམ་ཅུ་ཡོད།
ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སློབ་དཔོན་ཞི་བ་འཚོ་བོད་དུ་གདན་དྲངས་པ་དེས་བོད་ལ་དབུ་མ་རང་རྒྱུད་པའི་ལྟ་བ་དར་བར་འདོད་དེ། སློབ་དཔོན་ཞི་འཚོས་དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ་དང་དབུ་མ་རྒྱན་གྱི་རང་འགྲེལ་གཉིས་བརྩམས། དེ་བས་རྒྱལ་བོས་ལྟ་བ་དང་སྤྱོད་པ་མཁན་ཆེན་བོ་དྷི་ས་ཏྭའི་ལུགས་བཞིན་གྱིས་ཤིག་ཅེས་ཁྲིམས་བསྒྲགས།དེའི་རྗེས་སུ་ཧྭ་ཤང་གིས་ཅི་ཡང་ ཡིད་ལ་མི་བྱེད་པའི་ལྟ་བ་སྤེལ་ནས་བོད་ཀྱི་ལྟ་བ་གཞན་དུ་འགྱུར་མགོ་ཚུགས། འོན་ཀྱང་སློབ་དཔོན་ཞི་འཚོའི་སློབ་མ་དག་ལ་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱབ་སྐྱོར་བྱས་ནས་ཀ་མ་ལ་ཤཱི་ལ་བོད་དུ་གདན་དྲངས་ནས་ཧྭ་ཤང་དང་རྩོད་པ་བྱས་ཏེ་ཕམ་པར་བྱས་པས་སླར་ཡང་ད་ཕྱིན་ཆད་ལྟ་བ་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་ལྟར་བྱ་དགོས་ཞེས་ཁྲིམས་བསྒྲགས། ཀ་མ་ལ་ཤཱི་ལས་དབུ་མ་སྣང་བ་མཛད་ཅིང་། སློབ་དཔོན་ཡེ་ཤེས་སྡེ་སོགས་ཀྱིས་དབུ་མའི་སྐོར་གྱི་བཀའ་བསྟན་མང་དུ་བསྒྱུར།
ཁྱད་པར་རྒྱ་གར་གྱི་མཁན་པོ་དབུ་མ་ཆེན་པོ་ཛྙྲན་གརྦྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་དབུ་མ་རྩ་བ་ཤེས་རབ་དང་། ག་ལས་འཇིགས་མེད། བུདྡྷ་པ་ལི་ཏ། ཤེས་རབ་སྒྲོན་མེ་བཅས་བོད་སྐད་དུ་བསྒྱུར་ཅིང་གཏན་ལ་ཕབ་སྟེ་འཆད་ཉན་གྱི་གཞི་བཙུགས་ཤིང་།རྒྱ་གར་གྱི་མཁན་པོ་ཛྙྲན་གརྦྷ་དང་། ལོ་ཙཱ་བ་ཀ་བ་དཔལ་བརྩེགས་ཀྱིས་དབུ་མ་རྩོད་བཟློག་དང་། དེའི་འགྲེལ་པ་ སོགས་དབུ་མའི་གཞུང་འགའ་ཞིག་བསྒྱུར་བ་དང་། ཡང་ཞང་ཡེ་ཤེས་སྡེ་དང་། ཁུ་མདོ་དཔལ་དང་། དགེ་སློང་གྲགས་འབྱོར་ཤེས་རབ་སོགས་ལོ་ཙཱ་བ་མང་བོ་ཞིག་གིས་དབུ་ མའི་གཞུང་བོད་སྐད་དུ་བསྒྱུར་བ་ལ་བརྟེན་ནས་ཕལ་ཆེར་དབུ་མ་རང་བརྒྱུད་པའི་གཞུང་ལུགས་ཀྱི་འཆད་ཉན་དར།
བསྟན་པ་ཕྱི་དར་སྐབས་སུ་མཉམ་མེད་ཇོ་བོ་ཆེན་པོས་བོད་དུ་རྟོག་གེ་འབར་བ་གསུངས་ཤིང་རྔོག་གིས་བོད་ཡིག་ཏུ་བསྒྱུར།ཇོ་བོ་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་གཉིས་ཀྱིས་དབུ་མ་སྙིང་བོ་དང་། དེའི་འགྲེལ་པ་རྟོག་གེ་འབར་བ། དབུ་མ་རིན་ཆེན་སྒྲོལ་མ། དབུ་མའི་དོན་བསྡུས་པ་བཅས་བོད་སྐད་དུ་བསྒྱུར་བ་དང་།རྒྱ་གར་གྱི་ མཁན་པོ་ཀྲིཥྞ་པཎྜིཏ་དང་། ནག་ཚོ་ལོ་ཙཱ་བས་དབུ་མ་ལ་འཇུག་པ་རྩ་བ་དང་རང་འགྲེལ་བསྒྱུར།
ཇོ་བོས་དབུ་མའི་མན་ ངག་ཆེ་ཆུང་དང་། བདེན་གཉིས་འཇོག་ཚུལ་དང་དབུ་མའི་མན་ངག་རིན་པོ་ཆེ་ཟ་མ་ཏོག་ཁ་ཕྱེ་བ། ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ། ལྟ་སྒོམ་ཆུང་ངུ་། ལྟ་སྒོམ་འབྲིང་བོ། ལྟ་སྒོམ་ཆེན་པོ། དབུ་མའི་མན་ངག་གི་འབུམ། བདེན་གཉིས་ཀྱི་འབུམ། བདེན་གཉིས་སྤྱི་བཤད་དང་བདེན་གཉིས་འཇོག་ཚུལ་བཅས་ལྟ་བའི་སྐོར་གྱི་བསྟན་བཅོས་དགུ་བཞུགས།
དབུ་མའི་གཞུང་གི་འཆད་ཉན་སྤེལ་བ་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཏེ།ཁོང་གིས་དབུ་མའི་འཆད་ཉན་ལེགས་པར་བཙུགས་ཏེ་སློབ་མ་མང་དུ་བསྐྱངས། རྩ་འཇུག་བཞི་གསུམ། སློབ་དཔོན་ཟླ་བས་མཛད་པའི་རིགས་པ་དྲུག་ཅུ་བ་བཅས་ཀྱི་འགྲེལ་པ་རྣམས་ལེགས་པར་བསྒྱུར་ཅིང་། ཕྱིས་ར་མོ་ཆེར་པཎྜི་ཏ་ཀ་ན་ཀ་ཝརྨ་དང་ལྷན་ཅིག་ཏུ་ཡུལ་དབུས་ཀྱི་དཔེ་དང་མཐུན་པར་ཡང་བཅོས།
པ་ཚབ་ལོ་ཙྪ་བ་རྒྱ་གར་ནས་ཕེབས་དུས་འཕྲིན་ལས་ཆེར་མ་བྱུང་བ་ལ། ཤ་ར་བས་དབུ་མའི་དྲི་བ་མཛད། ལན་ལ་མཉེས་ནས་བཙུན་ཆུང་མང་བོ་པ་ཚབ་ཀྱི་སར་དབུ་མ་སློབ་ཏུ་བཏང་། ཁོང་གིས་བསྔགས་པ་མང་དུ་བརྗོད་ནས། དབུ་མའི་བཤད་པ་སྤེལ་བའི་གྲོགས་ཆེན་པོ་མཛད།
སྟོང་ཉིད་བདུན་ཅུ་བ་ལ་སློབ་དཔོན་ཟླ་བས་མཛད་པའི་འགྲེལ་པ་ཆེན་པོ་དེ། ཨ་བྷ་ཡ་དང་སྣུར་དྷརྨ་གྲགས་ཀྱིས་བསྒྱུར་པ་ལས། པ་ཚབ་ཀྱིས་པཎྜི་ཏ་མུ་དི་ཏ་དང་ལྷན་ཅིག་ཏུ་འགྲེལ་པ་དེའི་སྟོད་ནས་བམ་པོ་གཉིས་ལྷག་ཙམ་གྱི་འགྱུར་བཅོས་མཛད།
སློབ་མ་རྣམས་ལས་གཙང་བ་སར་སྤོས་དང་། རྨ་བྱ་བྱང་ཆུབ་ཡེ་ཤེས། དར་ཡོན་ཏན་གྲགས། ཞང་ཐང་སག་པ་ཡེ་ཤེས་འབྱུང་གནས་བཅས་ལ་པ་ཚབ་ཀྱི་བུ་བཞིར་གྲགས། དེ་རྣམས་ལ་བརྟེན་ནས་དབུས་གཙང་དུ་དབུ་མའི་གཞུང་བཤད་མོད། "པ་ཚབ་བུ་བཞིར་གྲགས་པ་བྱུང་བ་སོགས་ཀྱིས་བླ་མའི་གསུང་སྒྲོས་མ་ཟིན་པའམ་གོ་ཚུལ་ནོར་བའི་སྐྱོན་གྱིས་དགག་བྱ་ཁྱབ་ཆེ་བ་སོགས་སུ་གོལ་བ་དང་དེ་ལས་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་གོལ་སར་སོང་བའི་ཚུལ་ནི་རྗེ་ཡབ་སྲས་ཀྱི་ལེགས་བཤད་ཟླ་བྲལ་རྣམས་སུ་གསལ། "
སློབ་དཔོན་ཕྱཱ་པའི་སློབ་མ་རྨ་བྱ་བྱང་བརྩོན་གྱིས་པ་ཚབ་ལ་དབུ་མ་དང་འདུས་པ་གཉིས་ཀ་གསན་ཏེ། རྩ་ཤེས་དང་ཚིག་གསལ་སྟོང་ཐུན་གྱི་ཊཱིཀ་ཀ་མཛད། ཡར་ཀླུངས་ཀྱི་སྟོད་སྨད་དུ་ཆོས་གཞི་སྤོས་ཤིང་དབུ་མའི་བཤད་པ་ཡུན་རིང་དུ་མཛད། བཙན་ཐང་བ་རྒྱལ་བ་དཔལ་ལ་སོགས་པའི་སློབ་མ་མང་བོ་བྱུང་ཞིང་དབུ་མ་ཤིན་ཏུ་དར་བར་མཛད། རྨ་བྱ་བྱང་བརྩོན་ཁུ་ལོ་ཙཱ་བ་མདོ་སྡེ་འབར་དང་། ཁ་ཆེ་ཛ་ཡ་ཨཱ་ནནྡ་གཉིས་ཀའི་སློབ་མ་སྟེ། ཛ་ཡ་ཨཱ་ནནྡས་མཛད་པའི་རྟོག་གེ་ཐོ་བ་ལ་ཡང་ཊཱིཀ་ཀ་མཛད། རྩ་བ་ཤེས་རབ་ཀྱི་ཊཱིཀ་ཀཚིག་གསལ་གྱི་སྟོང་ཐུན་ལ་ཊཱིཀ་ཀའཇུག་འགྲེལ་གྱི་བསྡུས་དོན་དང་མཆན། དབུ་མའི་བསྡུས་པ་རྣམས་མཛད།
ཁོང་གི་སློབ་མ་ཞང་ཐང་སག་པས་ཐང་སག་བཏབ་ནས་དབུ་མའི་འཆད་ཉན་ལེགས་པར་མཛད་དེ། ཁོང་གིས་མཛད་པའི་འཇུག་པའི་ཊཱིཀ་ཀརིགས་པ་དྲུག་ཅུ་བའི་ཊཱིཀ་ཀབཞི་བརྒྱ་བའི་ཊཱིཀ་ཀརིན་ཆེན་ཕྲེང་བའི་ཊཱིཀ་ཀ་མཛད། ཐང་སག་ཏུ་ཁོང་ལ་བརྟེན་ནས་དབུ་མའི་བཤད་པ་རྒྱུན་མ་ཆད་པར་བྱུང་། དབུས་གཙང་གི་དགེ་བཤེས་བཟང་བོ་མང་བོས་ཀྱང་དེར་གཏུགས་ཏེ། དབུ་མ་ལ་ཕན་པ་ཆེའོ། །ཞང་ཐང་སག་པའི་རྗེས་ནས་གདན་ས་བ་བློ་གྲོས་དཔལ་རིན་པའི་བར་དུ་ཚིག་གསལ་དང་འཇུག་པའི་འགྲེལ་ཆེན་གཉིས་པོ་ལ་གཞུང་དུ་བྱས་ནས་བཤད་པ་མཛད།
རྗེ་ཙོང་ཁ་བ་དགུང་ལོ་བཅུ་དགུ་བ་ལ་རྗེ་རེད་མདའ་བ་ལས་དབུ་མ་འཇུག་པ་གསན། སྐབས་དེར་དབུ་མའི་འཆད་ཉན་ཤིན་ཏུ་དཀོན་པས་འདི་ཉིད་རྗེ་རེད་མདའ་བས་ཀྱང་དབུ་མ་གསུངས་པའི་ཐོག་མ་ཡིན་པར་བཤད།
རྗེ་རེད་མདའ་བ་ལས་འཇུག་པའི་བཤད་པ་མ་གཏོགས་རྩ་ཤེས་ལ་སོགས་པའི་རིགས་ཚོགས་གཞན་གྱི་བཤད་པ་གསན་པ་མ་བྱུང་ཞིང་རིགས་ཚོགས་ཀྱི་ལུང་ཞིག་སྣར་ཐང་མཁན་པོ་ཀུན་དགའ་རྒྱལ་མཚན་དང་བདེ་བ་ཅན་པའི་བླ་མ་འཇམ་རིན་པ་ལས་གསན། "མདོར་ན་དེའི་དུས་སུ་ཁོང་དཔོན་སློབ་ལ་རིགས་ཚོགས་རྣམས་ཀྱི་བཤད་པ་ལྟ་ཞོག་ལུང་ལེན་པའི་ཡུལ་ཡང་དཀའ་བར་བྱུང་འདུག་གོ །" ཀརྨ་པ་དཀོན་གཞོན་གྱིས། དེང་སང་མཁས་རྨོངས་ཀུན་ལ་དབུ་མ་དབུ་མ་ཟེར་བ་འདི་རེད་མདའ་བ་ཡབ་སྲས་ཀྱི་དྲིན་ཡིན། དེ་གོང་ཐང་སག་ན་དབུ་མ་ཤི་རོ་གཅིག་ལས་གཞན་མེད། ཅེས་གསུངས་པ་ལྟར་རོ།།
དགུང་ལོ་ཉི་ཤུའི་སྟེང་སྐྱོར་མོ་ལུང་དུ་ཁས་ལེན་ཅི་ཡང་མེད་ཅིང་རང་ལུགས་ལ་ཆོས་གང་ཡང་གཞག་པ་མེད་པར་གཞན་ངོ་འབའ་ཞིག་ལ་སྐྱེལ་བའི་དབུ་མའི་ལྟ་བ་དེ་ཅུང་བདེ་བར་ཡོད་པས། རྗེ་བཙུན་ལ་དྲི་བ་ཞུས་ཏེ་ཚོགས་བསགས་སྒྲིབ་སྦྱངས་ཀྱིས་རིགས་པས་དཔྱད། རྩ་ཤེས་རབ་བྱེད་བཅོ་བརྒྱད་པའི། བརྟེན་ནས་འབྱུང་བ་མེད་པ་ཡི། །ཞེས་སོགས་ཀྱི་ཐད་ཀྱི་འགྲེལ་བར་གཟིགས་ནས་སྟོང་ཉིད་གསར་དུ་རྟོགས། དེ་ལྟ་བས་ན་བོད་འདིར་སྔོན་བྱོན་པའི་མཁས་པ་སུས་ཀྱང་ཇི་ལྟ་བ་བཞིན་མ་ཐོན་པའི་དབུ་མ་ཐལ་འགྱུར་བའི་ལྟ་བ་ཟབ་མོ་རྗེ་བླ་མས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་དྲིན་ལས་རྙེད་པ་སྟེ། ལྟ་བའི་རྣམ་གཞག་ཕལ་ཆེར་རེད་མདའ་བ་དང་རྗེ་བླ་མའི་བཞེད་པ་གཅིག་ཅིང་སྣང་བས་ཡོད་མཐའ་དང་། སྟོང་བས་མེད་མཐའ་སེལ་ཞིང་སྟོང་བ་ཉིད་རྒྱུ་འབྲས་སུ་འཆར་བའི་ཚུལ་རྗེ་བླ་མའི་ཐུན་མོང་མ་ཡིན་པ་ཡིན་ཞེས་གསུངས་སོ། །
ཁོང་གིས་དབུ་བའི་ལྟ་བ་རྙེད་ནས་དབུ་མའི་སྐོར་གྱི་བསྟན་བཅོས་གང་མང་ཞིག་མཛད་ཡོད་དེ། ཟབ་མོ་ལྟ་བའི་སྐོར་ནི། རྩ་ཤེའི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ། འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ། ཐལ་འགྱུར་བའི་དཀའ་གནད་བརྒྱད་རྒྱལ་ཚབ་རྗེའི་ཟིན་བྲིས།སྤྱོད་འཇུག་ཤེར་ལེའི་ཟིན་བྲིས། ཤེས་རབ་ལེའུ་ཡི་འགྲེལ་བ། རིགས་པ་དྲུག་ཅུ་བའི་ཟིན་བྲིས། དབུ་མ་རྒྱན་གྱི་ཟིན་བྲིས། དེའི་བརྗེད་བྱང་། ལྟ་ཁྲིད་བསྡུས་པ། ལྟ་ཁྲིད་མཁས་གྲུབ་རྗེའི་ཟིན་བྲིས། དབུ་མ་བའི་ལྟ་ཁྲིད། འཇམ་དབྱངས་ཀྱིས་གསུངས་པའི་ལྟ་བའི་གནད་རྣམས་སོ། །ཆེད་དུ་དབུ་མའི་སྐོར་བཤད་པ་མིན་ཀྱང་དེའི་སྐོར་གསུང་ཡོད་པའི་བསྟན་བཅོས་ནི་རྒྱ་ཆེན་སྤྱོད་པའི་བསྟན་བཅོས་ལེགས་བཤད་གསེར་ཕྲེང་དང་། དྲང་ངེས་རྣམ་འབྱེད་ལེགས་བཤད་སྙིང་བོ། ལྷག་མཐོང་ཆེ་ཆུང་གཉིས་བཅས་དབུ་མའི་སྐོར་གྱི་གསུང་མང་བོ་བཞུགས་ཡོད།
དེ་ལས་རྗེ་བླ་མའི་རྩ་ཤེའི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ། འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་གཉིས་ཀྱིས་དབུ་མའི་གནད་ཐམས་ཅད་ཉིན་མོ་བཞིན་བཀྲལ་བར་མཛད་ནས་དབུ་མའི་ལྟ་བ་རྣམ་དག་བོད་གངས་ཅན་དུ་དར་བར་མཛད་པས་སྟོང་ཉིད་སྨྲ་བའི་ཁྱུ་མཆོག་ཙོང་ཁ་བ། །ཞེས་མཁས་པ་རྣམས་ཀྱིས་བསྔགས་པར་མཛད།
འཇུག་པའི་འགྲེལ་བའི་ལུགས་ནི་བོད་སྔ་རབས་པའི་ལུགས་དང་ཕྱི་རབས་པའི་ལུགས་གཉིས་ཡོད་དེ། སྔ་རབས་པ་ནི་དབུ་མ་འཇུག་པའི་འགྲེལ་བཤད་མཁན་པོ་ཛ་ཡ་ཨ་ནནྟའི་ལུགས་ཡིན་ལ། བོད་ཕྱི་རབས་པའི་ལུགས་ནི་རྗེ་ཙོང་ཁ་བས་སློབ་དཔོན་ཟླ་བ་གྲགས་པའི་དབུ་མ་འཇུག་པའི་རང་འགྲེལ་གྱི་རྗེས་སུ་འབྲངས་ནས་འཆད་དོ། །
རྒྱལ་བ་དགེ་འདུན་གྲུབ་ཀྱི་གསུང་ན་རྩ་ཤེའི་འགྲེལ་ཞིག་དང་འཇུག་འགྲེལ་ཞིག་ཡོད་པ་འདི་གཉིས་སློབ་གཉེར་གྱི་རྟེན་གལ་ཆེན་ཞིག་ཡིན་པས་ངས་བསྐུལ་བ་བཞིན་ད་ལོའི་ཕར་ཕྱིན་དམ་བཅའི་འཛིན་གྲྭ་འདིས་དམ་བཅའི་རྗེས་དྲན་གྱི་ལེགས་སྐྱེས་སུ་དཔར་བར་སྐྱོར་དཔོན་ཐར་ཤུལ་ཤེས་རབ་རྒྱ་མཚོས་དབུ་བཟུང་ནས་རྩ་འགྲེལ་སྦྱར་ཞིང་གཟིགས་བདེ་བ་ཞིག་དཔར་བ་འདི་དབུ་མ་སྦྱང་འདོད་པ་རྣམས་ཀྱི་སློབ་གཉེར་གྱི་གསོས་སུ་འགྱུར་བར་ངེས།
དབུ་མ་མ་ཤེས་ན་ཁྱོད་གྲུབ་མཐའ་སྨྲ་བའི་གྲས་སུ་མི་ཚུད་དེ།གྲུབ་མཐའི་གནད་ལྟ་བའི་སྟེང་དུ་ཡོད་ལ།རྒྱ་ཆེ་བའི་ལམ་སྐོར་ཕལ་ཆེར་མཐུན་པ་ཡིན།རྗེ་བསྟན་པའི་སྒྲོན་མེས། ལྟ་བ་རྣམ་དག་རྟག་ཆད་མཐའ་ལས་གྲོལ། །སྒོམ་པ་རྣམ་དག་བྱིང་རྨུགས་མུན་པ་སངས། །སྤྱོད་པ་རྣམ་དག་རྒྱལ་བའི་བཀའ་བཞིན་བསྒྲུབས། །ཞེས་གསུངས་པ་ལྟར་ལྟ་བ་རྣམ་དག་རྒྱུད་ལ་སྐྱེ་བ་ལ་དབུ་མ་སྦྱང་དགོས་སོ། །དེ་མིན་ན་དགེ་ལུགས་པ་ཡིན་པར་འདོད་ཀྱང་དགེ་ལུགས་པའི་གྲུབ་མཐའ་སྨྲ་བའི་གྲས་སུ་མི་ཚུད་ལ། རྙིང་མར་ཁས་འཆེས་མོད་རྙིང་མའི་གྲུབ་མཐའ་སྨྲ་བའི་གྲས་སུ་མི་ཚུད།
དེ་བས་ཡོན་ཏན་རིན་པོ་ཆེ་སྡུད་པ་ལས་ཀྱང་། མཁས་ལ་གང་ཞིག་བསླབ་ཀུན་ཕ་རོལ་འགྲོ་འདོད་པས། །སངས་རྒྱས་བསླབ་པ་ཤེས་རབ་ཕ་རོལ་ཕྱིན་འདིར་སློབས། །འདི་ནི་ཆོས་གཏེར་མཆོག་དང་ཆོས་མཛོད་དམ་པ་ཡིན། །སངས་རྒྱས་རིགས་ཡིན་འགྲོ་བའི་བདེ་དང་སྐྱིད་པའི་མཛོད། །ཅེས་གསུངས་ཤིང་། འཇམ་པའི་དབྱངས་བསྟན་པའི་སྒྲོན་མེས།དབུ་ཚད་ཟུང་དུ་འཇུག་པའི་ལྟ་བ་དང་། ། ཆོས་མངོན་མཛོད་དང་ཕ་རོལ་ཕྱིན་པའི་སྒོམ། ། བསྟན་པའི་ནང་མཛོད་འདུལ་བའི་སྤྱོད་པ་རྣམས། །མ་ཚང་བསླབ་གསུམ་ཡ་བྲལ་འགྱུར་བའི་ཕྱིར། ། བཀའ་པོད་ལྔ་ལ་ཚང་བར་སྦྱོངས་ཤིག་ཨང་། ། ཞེས་གསུངས་པ་ལྟར་དབུ་མ་ལ་སྦྱང་དགོས་པ་ཤིན་ཏུ་གལ་ཆེའོ། །
དབུ་མ་ནི་སྟོང་བ་ཉིད་གཙོ་བོར་སྟོན་པས་ན་མདོ་སྡེ་ཀུན་གྱི་གཙོ་བོ་ཡིན་ཏེ། འདི་ལ་ཐོས་པ་བྱས་ན་མདོ་སྡེ་གཞན་ལ་ཐོས་པ་བྱས་པ་ལས་ཀྱང་ཁྱད་པར་དུ་འཕགས་ཏེ། མ་སྐྱེས་དགྲའི་མདོ་ལས། མཚམས་མེད་པ་བྱེད་པས་དམ་པའི་ཆོས་འདི་ཐོས་ནས་འཇུག་ཅིང་མནོས་ན། དེའི་ལས་དེ་ལས་ཀྱི་སྒྲིབ་པ་ཡིན་ཞེས་ང་མི་སྨྲའོ་ཞེས་གསུངས་ཤིང་། སྐལ་བཟང་མིག་འབྱེད་ལས་ཀྱང་། སྡིག་པ་བྱེད་པ་ལ་ ཡང་སྟོང་བ་ཉིད་ལ་མོས་པ་ལས་སྟོབས་ཆེ་བའི་སྦྱོང་བྱེད་མ་གསུངས་སོ། །ཞེས་ལས་མི་དགེ་བ་སྟོབས་ཆེན་པོ་ལས་ཀྱང་འདི་ཉིད་ཐོས་པ་ལ་བརྟེན་ནས་འདག་པར་གསུངས་སོ། །
དེ་བས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་བ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ།ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་བ་དེ་བཞིན་དུ་ཁྱོད་སྤོབས་པར་བྱོས་ཤིག།ཞེས་གསུངས་པ་ལྟར་ཤེར་ཕྱིན་དང་དབུ་མ་ལ་སྦྱོང་བ་ནི་སྤོབས་པ་བསྐྱེད་དགོས་སོ། །
ལྷག་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་ཆེ་ཞིང་མཇལ་དཀའ་བས་ན་སྦྱོང་བའི་གོ་སྐབས་ཡོད་དུས་སྔོན་སྦྱངས་མ་སྦྱངས་ལ་མ་ལྟོས་པར་མཇལ་ནའང་མྱུར་ཏུ་མཇལ་དགོས་ལ། སྦྱང་ནའང་མྱུར་ཏུ་སྦྱང་དགོས་པ་ཡིན་ནོ། །མ་མཐའ་རྒྱན་འཇུག་འདི་ཁ་ཏོན་བྱ་ཐུབ་ནའང་བསོད་ནམས་གཞན་ལས་ཁྱད་ཆེ་བ་སྟེ། མི་ཞིག་གིས་རྒྱ་གར་དང་ལྷ་ས་ལ་ཕྱག་འཚལ་ཏེ་ཐེངས་བརྒྱར་སོང་བའི་ཕན་ཡོན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟན་བཅོས་ཚར་གཅིག་བཀླགས་པའི་ཕན་ཡོན་གྱི་བརྒྱའི་ཆའང་མི་འོང་། སྟོང་གི་ཆའང་མི་འོང་། འབུམ་གྱི་ཆའང་མི་འོང་བས་ཤིན་ཏུ་གལ་ཆེའོ། །
རིགས་པ་སྨྲ་བ་ཐར་ཤུལ་ཤེས་རབ་རྒྱ་མཚོ་གཙོས་ཕར་ཕྱིན་སྐབས་བཞི་བའི་འཛིན་གྲྭས་བསྐུལ་བ་ལྟར་དབུ་མ་མཚམས་སྦྱོར་གྱི་ཚུལ་དུ་དགེ་སྦྱོང་གི་གཟུགས་བརྙན་འཛིན་པ་ཤེས་རབ་བསྟན་དར་གྱིས་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་བྲིས་སོ། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn