བུད་མེད་ཀྱིས་འདོན་མི་ཆོག་པའི་ཆོས་ཡོད་དམ།
བུད་མེད་ཀྱིས་འདོན་མི་ཆོག་པའི་ཆོས་ཡོད་དམ།
ད་ལྟ་བུད་མེད་ཚོས་ཆོས་ག་གེ་མོ་འདོན་མི་ཆོག་ཅེས་བཤད་མཁན་མང་ལ།དེ་ལས་བུད་མེད་མང་བོ་ཐེ་ཚོམ་སྟེ་ཡང་ཡང་འདྲི་བར་བྱེད།
ནང་བ་སངས་རྒྱས་པ་ལས་བུད་མེད་ལ་གོ་ས་མཐོ་བ་དེ་འདྲ་ཆོས་ལུགས་གཞན་དུ་དཀོན་ཏེ།སྟོན་པས་སྐབས་དེའི་རྒྱ་གར་གྱི་ཁྱོ་ག་ཤི་ན་ཆུང་མ་གསོན་སྲེག་བྱེད་པའི་སྲོལ་ངན་པ་དེ་བཀག་པས་སྟོན་པའི་སློབ་མར་རིགས་རུས་མཐོ་དམན་གྱི་བུད་མེད་མང་བོ་བྱུང་།
བདག་ཅག་གི་སྟོན་པའི་འཁོར་དུའང་དགེ་སློང་ཕ་མ་དང་དགེ་བསྙེན་ཕ་མ་ཞེས་ཁྱད་མེད་པར་གསུངས་ཤིང་།གསང་སྔགས་ལས།བུད་མེད་ལ་དམོད་ན་རྩ་ལྟུང་ཞིག་འབྱུང་ལ་སྐྱེས་པ་ལ་དམོད་ན་རྩ་ལྟུང་འབྱུང་བ་ཞིག་མེད་པ་ཁོང་གིས་བུད་མེད་རྣམས་ལ་ཐུགས་ཁུར་དང་བརྩེ་བ་ཆེན་པོ་གནང་བའི་རྟགས་རེད།
འོན་ཀྱང་།རང་རེའི་བོད་དུ་བུད་མེད་དམན་པར་འཛིན་པའི་ལྟ་བ་ཅུང་ཤུགས་དྲག་སྟེ།བུད་མེད་ཚོས་ཆོས་ག་གེ་མོ་འདོན་མི་ཆོག བཏོན་ན་ཆོས་དེ་བརྫད་འགྲོ་ཞེས་བཤད་ཀྱིན་ཡོད།
དེ་ནི་ནང་བའི་ཆོས་ལས་བྱུང་བ་མ་ཡིན་པར་ཕྱི་རོལ་པའི་ཆོས་ལས་བྱུང་བར་མངོན་ནོ།།
དཔེར་ན། བུད་མེད་མང་བོ་ཞིག་གིས་ང་ལ་བུད་མེད་ཀྱིས་ལམ་རིམ་བཏོན་ཆོག་གམ་ཞེས་འདྲི།
ངས་ལོས་ཆོག ཅིའི་ཕྱིར་མི་ཆོག་པ་ཡིན།ཞེས་བཤད་པ་ཡིན།
གཅིག་གིས་ལུང་མེད་ན་འདོན་མི་རུང་།ཁྱོད་ཚོ་དམྱལ་བར་སྐྱེ་ངེས་ཟེར།སྐྱེས་པ་ཚོས་བཏོན་ན་ལུང་མི་དགོས་ཤིང་།བུད་མེད་ཚོས་བཏོན་ན་ལུང་དགོས་པ་བླ་མ་སུའི་ཆོས་ཡིན་ནམ།
ལམ་རིམ་ནི་ཤེར་ཕྱིན་གྱི་ཉིང་ཁུ་ཡིན་པས་བརྒྱད་སྟོང་བ་སོགས་གསུང་ཆོག་པ་སངས་རྒྱས་བཅོམ་འདས་ཉིད་ཀྱིས་གསུངས་ཤིང་།མི་སུ་ཡིན་ཡང་ཆོས་ཉམས་སུ་ལེན་དགོས་པས་ན་འདི་ཆོག་དང་མི་ཆོག་ཅེས་པའི་རྣམ་བཞག་ཅིག་མེད།
ཀན་ལྷོའི་བུད་མེད་ཅིག་གིས་ངེད་སྡེ་བའི་བཀའ་འགྱུར་གསུང་དུས་ཤིག་ལ།བུ་མོ་ཞིབ་འཇུག་སློབ་མ་ཞིག་སྐྱེས་པ་ཚོའི་གྲས་སུ་བསྡད་ནས་བཀའ་འགྱུར་གསུངས་པ་ལ་རྒད་པོ་ཚོས།བུ་མོ་དེ་ལ་འདྲེ་རྒན་མ་ཁྱོད་ཀྱིས་བཀའ་འགྱུར་བརྫད་བཏང་ཞེས་སྡིགས་མོ་དྲག་པོ་ཞིག་བྱས་ཟེར།
ཆོས་འདོན་པ་ལ་བུད་མེད་དང་སྐྱེས་པ་ལ་ཁྱད་པར་ཅི་ཞིག་ཡོད།ངས་དམ་པའི་ཆོས་ལས་བུད་མེད་དང་སྐྱེས་པའི་རྟེན་ལ་ཁྱད་པར་ཡོད་པ་ལས་ཆོས་ཉམས་སུ་ལེན་པར་ཁྱད་པར་ཡོད་པ་ཞིག་མ་མཐོང་།
ཡང་བུད་མེད་ཅིག་གིས་བུད་མེད་ཚོས་གདུགས་དཀར་མཆོག་གྲུབ་མ་བཏོན་ན་ཆོག་གམ་ཞེས་དྲིས་པར།ངས་ཅིའི་ཕྱིར་མི་ཆོག གདུགས་དཀར་ཡང་ལྷ་མོ་རེད། ཅེས་བཤད་པར། མོས།ངེད་ཚོ་བུད་མེད་སྐོར་ཞིག་གིས་གདུགས་དཀར་བློར་བཟུང་ནས་སྡེ་བའི་སྐུ་རིམ་འདོན་པར་སོང་མོད།རྒད་པོ་ཚོས་སྡིགས་སྡིགས་ནས་འདོན་དུ་མ་བཅུག་ཟེར།
གདུགས་དཀར་མཆོག་གྲུབ་མ་ལས།རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བུ་འདོད་པ་གང་ལ་ལས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་བོ་ཅན་ཕྱིར་ཟློག་པ་རིག་སྔགས་ཀྱི་རྒྱལ་མོ་འདི་འཆང་ངམ་ཀློག་ན་བུ་འདོད་པ་དེས་བུ་རྙེད་དེ། ཚེ་དང་བསོད་ནམས་དང་སྟོབས་ཀྱང་རབ་ཏུ་རྙེད་དོ། །འདི་ནས་ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པ་འདིར་ཅི་ཡིན་ནམ།རིགས་ཀྱི་བུ་མོ་ཞེས་པ་བུད་མེད་ཀྱི་མིང་རེད།
ཡང་བུད་མེད་ཅིག་གིས་ཐར་མདོ་བཏོན་པ་ལ།སྐོར་ཞིག་གིས་བུད་མེད་ཀྱིས་ཐར་མདོ་འདོན་མི་རུང་ཟེར།
མོས་དགེ་བཤེས་ཤིག་གིས་ཐར་མདོའི་ལུང་གནང་དུས་མ་ཡོང་མ་གསུངས།མ་འདོན་ཡང་མ་གསུངས་པས་འདོན་མི་ཆོག་ན་ཁོང་གིས་གསུང་འོས་པ་ལ་མ་གསུངས་པས་གདོན་རྒྱུ་ཞེས་ཨུ་ཚུགས་བྱས།
རྗེས་སུ་ངར་དྲིས་པར་།ངས་ཐར་མདོ་རང་ལས། འཇམ་དཔལ་ང་མྱ་ངན་ལས་འདས་པའི་འོག་ཏུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་དད་པ་སྐད་ཅིག་མའི་སེམས་བསྐྱེད་དེ། མདོ་འདི་ཡི་གེར་འདྲི་བའམ། ཀློག་པའམ། ཁ་ཏོན་དུ་སྐད་ཅིག་མར་དྲན་ཏེ། བསམ་པའི་འདུ་ཤེས་དང་། དྲན་པའི་འདུ་ཤེས་དང་། རྟོགས་པའི་འདུ་ཤེས་སུ་དད་པའི་སེམས་གྲུབ་ན་སྐད་ཅིག་མར་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུའི་གང་གཱའི་བྱེ་མ་སྙེད་ཀྱི་འཁོར་བའི་སྡིག་ཕྱིར་བསྙིལ་བར་འགྱུར་རོ། །མ་རིག་པའི་སྒྲིབ་པ་ཡང་གཏན་བྲལ་བར་འགྱུར་རོ། །དེ་བས་ན་དེ་བཞིན་གཤེགས་པ་རྟག་ཏུ་འཚོ་སྐྱོང་ཞིང་གཞེས་ཏེ་མྱ་ངན་ལས་མི་འདའ་བར་མངོན་ནོ། ། ཞེས་གསུངས་ཡོད་པས་གཞན་ལ་མ་འདོན་ཟེར་བའི་དབང་ཆ་མེད་ཅེས་ལན་བཏབ།
ཡང་ལ་ལས་བུད་མེད་ཀྱིས་བརྒྱད་སྟོང་བ་འདོན་མི་ཆོག་ཟེར་སྐད།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས།སེམས་དཔའ་སེམས་དཔའ་ཆེན་པོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ།རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། ལྷའི་བུ་འམ། ལྷའི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། སྒོམ་པ་དང་། གཞན་ཡང་རྒྱ་ཆེར་འཆད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་། ཡང་མྱི་འབྲལ་བ་དེ་དག་ནི། བདུད་སྡིག་ཅན་དང་། བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་གླགས་རྙེད་པར་མྱི་འགྱུར་རོ། །ཞེས་གསུངས་པས་སངས་རྒྱས་ལ་ངོ་རྒོལ་བྱེད་ན་མ་གཏོགས་བུ་མོས་བཏོན་ན་ཆོག་པ་སངས་རྒྱས་ཀྱིས་གསུངས་ཡོད་པ་འདི་རེད།
ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ལས་རབ་དང་ཕུལ་དང་། གཙོ་བོ་དང་། གྱ་ནོམ་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་དེའང་བུད་མེད་རྣམས་ཀྱི་བཀླག་ཆོག་ན་གཞན་རྣམས་ལྟ་ཅི་སྨོས།
དེ་བས་བུད་མེད་རྣམས་ཀྱིས་སེམས་ལྷོད་ལ་བབས་ནས་ཆོས་གསུང་ན་ཆོག་སྟེ།རྒད་པོ་ཚོས་ཀྱང་བུད་མེེད་རྣམས་ཀྱིས་ཆོས་བརྫད་འགྲོ་ཞེས་སངས་རྒྱས་ཀྱི་གོང་ནས་སྐད་ཆ་མི་བཤད་པར་ཞུའོ།།
༼ འདི་རྒྱུན་ཤེས་ཤིག་ཡིན་མོད་བོད་དུ་འདོད་ཚུལ་འདི་ཚབ་ཆེ་བས་ཆེད་དུ་ཤེས་རབ་བསྟན་དར་གྱིས་ས་ག་ཟླ་བའི་ཚེས་བརྒྱད་ཉིན་མང་རར་ཡི་གེར་བཀོད་ཅིང་།འཕྲིན་སྟེགས་རྣམས་ཀྱིས་རྩོམ་ཡིག་འདིར་ཕྲི་སྣོན་མེད་པར་ཇི་བཞིན་དུ་སྤེལ་ཆོག
ངེད་ཤེས་རབ་ཚོམས།(嘉卓文苑)འཕྲིན་སྟེགས་འདིའི་རྩོམ་ཡིག་མང་བོ་འཕྲིན་སྟེགས་འགའ་རེས་རྩོམ་པ་པོའི་མིང་མི་འགོད་པར་པར་གྱི་རྣམ་པར་བཀོད་དང་འགོད་བཞིན་ཡོད་པ་མང་དུ་མཐོང་།
དེ་ནིཡ་རབས་མི་ཆོས་དང་འགལ་ཞིང་།རྩོམ་པ་པོའི་བཅའ་ཁྲིམས་དང་འགལ་བའི་་སྤྱོད་ངན་ཞིག་ཏུ་མ་ཟད།མི་གཤིས་དང་བྲལ་བའི་རིག་གནས་ཁྲམ་པའི་སྤྱོད་པ་ཡིན་པས།དེའི་རིགས་བོད་ལ་དར་བར་ཐུན་མོང་གིས་དགག་དགོས་པས་དེའི་རིགས་སུ་སུས་མཐོང་ན་འཕྲིན་སྟེགས་དེའི་སྦྲེལ་ཐག་འདིའི་མཆན་དུ་འགོད་རོགས། ༽
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn