ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་དཔའ་རིས་ལ་ཕེབས་ནས་འགྲོ་དོན་མཛད་ཚུལ།
དོན་དངོས་ཀྱི་ལེའུ།
སྤྱི་ལོ་༡༩༨༥ལོའི་སྟོན་ཀར། རྒྱལ་ཡོངས་དམངས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པ་པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་མཆོག་དཔའ་རིས་ས་ཆར་གཟིགས་ཞིབ་དང་འཚམས་འདྲིར་ཕེབས། དཔའ་རིས་རྟེན་འབྲི་ས་ཆ་ནི་བཅིངས་གྲོལ་གྱི་རྗེས་སུ་མི་རིགས་ས་ཁུལ་རང་སྐྱོང་གི་ལམ་ལུགས་ལག་བསྟར་བྱས་པའི་ས་ཆ་སྔ་ཤོས་ཤིག་ཡིན། ལོ་རྒྱུས་སྟེང་དུ་དཔའ་རིས་བོད་ས་འདི་མིང་རྒྱལ་རབས་ཀྱི་མཇུག་དང་ཆིང་རྒྱལ་རབས་ཀྱི་མགོ་ལ་འབྲོང་ལུང་ཁྲཱ་མ་ཐིན་དུ་གཏོགས། མིང་གོ་ལོ་ཉེར་ལྔར(༡༩༣༦ལོ)རྒྱ་སྐད་ཀྱི་ས་མིང་ལ་མངའ་ཁོངས་ཀྱི་མཆོད་རྟེན་ཐང་དགོན་པ་དང་འབྲི་གུང་དགོན་པ་གཉིས་ཀྱི་མིང་གི་ཡིག་འབྲུ་ཐོག་མ་བླངས་ནས་རྟེན་འབྲི་ཞེས་བཏགས་ནས་རྟེན་འབྲི་ཞང་བཙུགས། སྐབས་དེར་ཚོ་བ་སོ་དྲུག་དང་དགོན་སྡེ་མཆོད་རྟེན་ཐང་། འབྲི་གུང་། ཡར་ལུང་། སྟག་ལུང་སོགས་བཅུ་བཞི་ཡོད། ༡༩༥༠ལོའི་ཟླ༥པར་རང་སྐྱོང་ལྗོངས་(རྫོང་རིམ་པ)ཚུགས། ༡༩༥༥ལོར་དཔའ་རིས་བོད་རང་སྐྱོང་རྫོང་ཞེས་པར་བཅོས། རྫོང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ༧༡༤༦.༨ཡོད། ༡༩༨༤ལོར་རྫོང་ཡོངས་ཀྱི་མི་གྲངས་ཁྲི༡༨.༨ལྷག་ཡོད། དེའི་ནང་དུ་བོད་༤༥༩༢༡ཁར་བུད་འདུག་རྫོང་ཁོངས་སུ་གདོད་མའི་རང་བྱུང་ནགས་ཚལ་རྒྱ་ཆེན་པོ་ཡོད་ལ་ཡངས་ཤིང་་ལྟ་ན་སྡུག་པའི་རྩྭ་ཐང་ཡང་ཡོད། ས་འདིའི་བོད་རིགས་མི་དམངས་རྣམས་མི་རབས་ནས་མི་ཐོག་བར་འབྲོག་ལས་གཉེར་ཏེ་འཚོ་བ་རོལ། འཛམ་གླིང་གི་དཀོན་ནོར་དཔའ་རིས་ནོར་དཀར་དང་སྙན་གྲགས་ཕྱོགས་སུ་ཁྱབ་པའི་དཔའ་རིས་གོམ་རྟ་ས་འདི་ནས་ཐོན་པ་རེད། ས་འདིར་གནས་པའི་བོད་དང་ཧོར་སོགས་མི་རིགས་གྲངས་ཉུང་བོད་བརྒྱུད་ནང་བསྟན་ལ་དད་པ་ཆེ། འདིར་ཆོས་སྡེ་ཆེན་མོ་དཔའ་རིས་མཆོད་རྟེན་ཐང་དང་རྒྱལ་བ་ཚངས་དབྱངས་རྒྱ་མཚོས་ཕྱག་འདེབས་མཛད་ཅིང་ཁྲི་བ་བཞེས་པའི་ཡར་ལུང་ཐོས་བསམ་དར་རྒྱས་གླིང་། འཇམ་དབྱངས་གོང་མས་ཐོབ་དང་གསེར་སྒ་སོགས་གནང་བའི་སྟག་ལུང་དགོན་སོགས་གནས། འདིར་གོང་མ་གཡུང་ཊིང་དང་ཆན་ལུང་ལྷས་སྐྱོང་རྒྱལ་བོའི་དབུ་བླ་ལྕང་སྐྱ་རོལ་བའི་རྡོ་རྗེ་ཚང་། ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་སྐྱེས་ཆེན་དམ་པ་མང་པོ་འཁྲུངས། རིག་གནས་དངོས་རྫས་རྩ་ཆེན་ལ་ཧན་རྒྱལ་རབས་ཀྱི་ཟངས་གཡག་དང་མེན་རྒྱལ་རབས་ཀྱི་ལྕགས་རི་རིང་མོ། ཆིང་གཡུང་ཊིང་ཁྲི་ལོ་གཉིས་བའི་བདེར་འགུགས་བཀའ་ཤོག་སོགས་བཞུགས། རྒྱལ་ཁབ་གསར་བ་དབུ་བརྙེས་རྗེས། ཙུང་ལི་ཀྲོའུ་ཨེན་ལེས་སྐུ་དངོས་སུ་རྫོང་མིང་གསོལ་བ་ཡིན། དཔའ་རིས་དམངས་གླུ་དང་ཧོར་གྱི་གེ་སར་སྒྲུང་ནི་རྒྱལ་ཁབ་རིམ་པའི་གཟུགས་མིན་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་བཀོད་འདུག
༡༩༨༤ལོའི་ཟླ༨པའི་ཟླ་སྨད་དུ་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་སྒྲིལ་པུས་རྫོང་ཨུ་དང་རྫོང་སྲིད་གཞུང་ལ“པཎ་ཆེན་གཙོ་འཁོར་མི༡༧ཞིན་ཅང་ནས་པེ་ཅིན་དུ་ཕེབས་དུས་དཔའ་རིས་བརྒྱུད་སྐབས་དཔའ་རིས་བོད་ཁུལ་ལ་གཟིགས་ཞིབ་དང་འཚམས་འདྲི་གནང་རྒྱུ་རེད། ”ཅེས་པའི་འཕྲིན་བཏང་། སྐབས་དེའི་རྫོང་ཨུའི་ཧྲི་ཅི་རུན་ཡོ་ཆིས་རྫོང་གི་མགོ་ཁྲིད་སྡེ་ཁག་བཞིའི་མཉམ་འབྲེལ་ཚོགས་འདུ་བསྡུས་ནས་སྣེ་ལེན་གྱི་འཆར་འགོད་གཏན་ལ་ཕབ། གོང་རིམ་གྱིས་འཐད་པ་བྱུང་རྗེས། མུ་མཐུད་དུ་རྫོང་གིས་ཟླ༩བའི་ཚེས༥ཉིན་ལ་ཆུས་དང་ཞང་གི་མགོ་ཁྲིད་ལས་བྱེད་པ་དང་རྫོང་ཐད་གཏོགས་ལས་ཁུངས་སོ་སོའི་མགོ་ཁྲིད་དག་ཞུགས་པའི་བྲེལ་མྱུར་ཚོགས་འདུ་བསྡུས་ཏེ་ཆེད་དུ་སྣེ་ལེན་གྱི་བྱ་བ་བཀོད་བསྒྲིགས་གང་ཞིབ་བྱས། ཚོགས་འདུ་གཉིས་ཀྱིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དཔའ་རིས་ལ་ཕེབས་རྒྱུའི་འཕྲིན་བཟང་དེ་དཔྱིད་དཔལ་བཞིན་ས་ཕྱོགས་ཀུན་ལ་ཁྱབ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་བསུ་བ་གཟབ་རྒྱས་བྱེད་རྒྱུའི་ཚ་རླབས་དེ་རྫོང་ཡོངས་ཀྱི་ཡུལ་གྲུ་ཀུན་ནས་རང་ཤུགས་ཀྱིས་རྒྱས་བྱུང་། རིགས་སོ་སོའི་མང་ཚོགས་དང་ལས་ཁུངས་ཀྱི་ལས་བྱེད་པ། ཆོས་པ་མི་སྣ་དག་དགའ་སྤྲོ་དཔག་མེད་སྐྱེས་ཤིང་མི་ཕྱེད་དད་པས་བསྐུལ་ནས་ཉིན་མཚན་མེད་པར་གྲ་སྒྲིག་ལས་ལ་བྲེལ། ནང་སྒོས་སུ་ལམ་ཐག་རིང་གི་ཨ་མྱེས་དང་ཨ་མ་ཡེས་གཙོ་བྱས་པའི་རྒན་གཞོན་རྣམས་དད་པ་དང་དགའ་སྤྲོའི་ངང་ནས། ཉི་མ་ལྔ་དྲུག་གི་སྔོན་ནས་ཁྱིམ་ཚང་རེ་རེས་ལོ་ལོན་དང་བྱིས་པ་གཅིག་ཀྱང་མ་བསྐྱུར་བར་སྦྲ་གུར་དང་བྲོ་ཁ་ཁལ་མ་ལ་བཀལ་ཏེ་ལྷ་ཡུལ་གཉིས་པ་ལྟ་བུའི་བཀྲ་ཤིས་ཕྱུག་ལུང་ཐང་དུ་ཆས། སྐབས་དེར་བཀྲ་ཤིས་ཕྱུག་ལུང་ཐང་ནི་སྦྲ་གུར་གྱི་གྲོང་ཁྱེར་ཆེན་མོ་ཞིག་ཏུ་གྱུར་འདུག མི་མང་གིས་ལྷ་ཆབ་སྔོན་མོས་ཁྲུས་བྱས་ཤིང་གོས་ཆེན་གསར་བ་ལུས་ལ་གྱོན་ནས་རིན་པོ་ཆེ་ཕེབས་པར་རེ་སྒུག་བྱས་འདུག
རྫོང་གིས་རོང་འབྲོག་མང་ཚོགས་ཀྱི་འགྲིམ་འགྲུལ་གྱི་ཕྱོགས་ལ་མཐུན་རྐྱེན་གང་ལེགས་སྦྱར། ཟླ༩བའི་ཚེས༡༠ནས་བཟུང་། རྫོང་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་དང་རྫོང་ཐད་གཏོགས་ལས་ཁུངས་ཀྱི་རླངས་འཁོར་ཆེ་ཆུང་སྣ་མང་རྩ་འཛུགས་དང་སྐུལ་སློང་བྱས་ཏེ་མང་ཚོགས་སྐྱེལ་འདྲེན་གྱི་ལས་ལ་ཞུགས། རྗེས་སུ་བསྡོམས་རྩིས་བྱས་པ་ལྟར་ན། རླངས་འཁོར་ཆེ ༨༣དང་རླངས་འཁོར་ཆུང་བ ༥༥སྐྱེལ་འདྲེན་གྱི་ལས་ལ་ཞུགས། མང་ཚོགས་ཀྱིས་འདྲུད་འཐེན་འཁོར་ལོ༤༥༠ལྷག་བསྐོར་ནས་སྐྱེལ་འདྲེན་བྱས། སྐྱེལ་འདྲེན་འཕྲུལ་ཆས་ཀྱིས་ཕྲེང་བསྒྲིགས་པ་ནི་གཡུ་འབྲུག་ས་ལ་རྒྱུ་བ་དང་འུར་སྒྲ་ནི་འབྲུག་སྟོང་ལྡིར་བ་བཞིན་འདུག དཔའ་རིས་རྫོང་གི་མ་གཏོགས་ད་དུང་སུའུ་ནན་དང་ལང་ཇུ། དགོ་ལུང་། ཅིན་ཐེ། འབྲོང་ལུང་། ལན་ཀྲོའུ། ལུང་མདོ། ཧོར་གྲོང་། འཇུ་ལག་བཅས་ཀྱི་ཕྱོགས་སུ་ཡོང་བའི་མང་ཚོགས་དང་། ཞིང་ཆེན་དང་ས་ཁུལ་གྱི་དཔའ་རིས་སུ་གནས་པའི་བཟོ་གྲྭ་ཁེ་ལས་སོགས་ཀྱི་བཟོ་པའང་འདུས། སྤྱིར་བསྡོམས་མི་གྲངས་ཁྲི༤ལྷག་ལོངས། མི་རིགས་སོ་སོ་དང་ལས་རིགས་སོ་སོ། ས་ཆ་སོ་སོའི་མང་ཚོགས་ཀྱིས་དད་པ་ཤུགས་དྲག་སྒོས་རིན་པོ་ཆེ་ཕེབས་པར་རེ་སྒུག་འདུག་པ་ནི་སྐོམ་པ་ཆུ་འདོད་བཞིན་དུའོ།། ༡༩༨༤ལོའི་ཟླ༩བའི་ཚེས༡༤ཉིན་གྱི་སྔ་མོར། རྫོང་གི་ཏང་སྲིད་དམག་གསུམ་དང་ས་ཁུལ་ཁུལ་ཨུ་དང་སྲིད་འཛིན་གྱི་མགོ་ཁྲིད། མི་རིགས་ཆོས་ལུགས་ཁག་གི་སྐུ་ཚབ་པ་བཅས་དུས་སྔ་མོར་མེ་འཁོར་འབབ་ཚིགས(རྫོང་མཁར་རྙིང་བ་ཨནཡོན་ཏེ་ཏ་བན)སུ་ཡོང་སྟེ་སྐུ་ཉིད་ཕེབས་བསུར་སྒུག རྫོང་མཁར་གྱི་ཏང་སྲིད་ལས་ཁུངས་དང་ཁེ་གཉེར་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་པ། སློབ་གྲྭ་འབྲིང་ཆུང་གི་སློབ་མ། རིགས་སོ་སོའི་མང་ཚོགས་ཀྱིས་དུས་ཆེན་གྱི་གཟབ་མཆོར་སྤྲས་ཏེ། མེ་འཁོར་འབབ་ཚིགས་ནས་རྫོང་མཁར་བར་སྤྱི་ལེ་གཉིས་བར་ཕྲེང་བསྒྲིགས་ཤིང་ལག་ཏུ་མེ་ཏོག་ཚོམ་བུ་དང་ཁ་བཏགས་བསྣམས་ནས་དགའ་སྤྲོ་དང་རྔམ་བརྗིད་ཀྱི་རྣམ་པས་ཁེངས།
དུས་ཚོད༨དང་སྐར་མ༡༩སྟེང་རིན་པོ་ཆེ་གཙོ་འཁོར་བཞུགས་པའི་ཆེད་གཏོང་མེ་འཁོར་ག་ལེར་མེ་འཁོར་འབབ་ཚིགས་སུ་ཐོན་ཏེ་མཚོམས་བྱུང་། རིན་པོ་ཆེ་མེ་འཁོར་ལས་བབས་པ་གནང་དུས་རྫོང་དང་ས་ཁུལ་གྱི་མགོ་འདྲེན་པ་དང་མི་རིགས་ཆོས་ལུགས་ཁག་གི་སྐུ་ཚབ་རྣམས་ཁོང་གི་སྐུ་མདུན་དུ་བྱོན་ཏེ་ཕྱག་དར་དཀར་བོ་རེ་རེ་བཞིན་ཕུལ་བ་དང་འཚམས་འདྲི་ཞུས། རྫོང་ཨུའི་ཧྲི་ཅི་རུན་ཡོ་ཆི་སྐུ་དྲུང་དུ་བཅར་ནས་ཨུ་ཡོན་ཀྲང་ལགས། ཁྱེད་བདེ་མོ། ང་ཚོ་དཔའ་རིས་ཀྱི་རིགས་སོ་སོའི་མི་དམངས་ཆིག་འབུམ་བརྒྱད་ཁྲིས་ཁྱེད་ལ་དགའ་བསུ་ཞུ་ཞེས་པ་ན་རིན་པོ་ཆེ་དགའ་སྤྲོའི་ངང་ཚང་མ་དང་ཕྱག་འཇུ་གནང་བཞིན་འཚམས་འདྲི་གནང་། རྫོང་མཁར་དུ་ཕེབས་པའི་ལམ་དུ་ཁོང་གིས་འཛུམ་མུལ་མུལ་ངང་ཕྲེང་བསྒྲིགས་ཏེ་དགའ་བསུ་ཞུ་མཁན་རྣམས་ལ་ཕྱག་བརྡ་གནང་།
རིན་པོ་ཆེ་དཔའ་རིས་སུ་གཟིགས་ཞིབ་དང་འཚམས་འདྲི་དང་ནང་བསྟན་ཕྱག་ལས་ཀྱི་བཀོད་བསྒྲིགས་སྐོར་རྫོང་གིས་འདི་ལྟར་བཀོད་བསྒྲིགས་བྱས་པ་ལགས། ཚེས༡༤ཉིན། རིན་པོ་ཆེ་ཕེབས་ཉིན་གྱི་ཕྱི་དྲོར་བཀྲ་ཤིས་ཕྱུག་ལུང་ཐང་དུ་གཟབ་རྒྱས་སྒོས་དགའ་བསུའི་མཛད་སྒོ་སྤེལ་རྒྱུ། ཚེས༡༥ཉིན། སྔ་དྲོ་ཆོས་ཕྱོགས་ཀྱི་ལས་དོན་སྤེལ་རྒྱུ། ཕྱི་དྲོ་རྟ་རྒྱུགས་དང་རིག་རྩལ་འཁྲབ་སྟོན་ལ་གཟིགས་རྒྱུ། ཚེས༡༦ཉིན། མི་རིགས་སློབ་འབྲིང་དང་ཡར་ལུང་དགོན། མཆོད་རྟེན་ཐང་། བོད་སྨན་ཁང་བཅས་ལ་ཕེབས་ཏེ་གཟིགས་ཞིབ་དང་ཆོས་ཕྱོགས་ཀྱི་འཕྲིན་ལས་སྤེལ་རྒྱུ་བཅས་སོ། རིན་པོ་ཆེ་སྣེ་ལེན་ཁང་དུ་སྐུ་མལ་ཅུང་ཙམ་བསྲོས་རྗེས་ཉིན་རེའི་ལས་རིམ་ཇི་འདྲ་ཡིན་པ་བཀའ་འདྲི་གནང་རྗེས། ཐུགས་དྲང་མོས“དགའ་བསུའི་མཛད་སྒོ་རྗེས་སུ་སྤོར། ཐོག་མར་རྒྱ་ཆེ་མང་ཚོགས་དང་ངོ་ཐུག་རྒྱུ་བྱེད། དེ་རིང་ཕྱི་དྲོ་བཀྲ་ཤིས་ཕྱུག་ལུང་དུ་མང་ཚོགས་ལ་སྣེ་ལེན་དང་ཆོས་ཕྱོགས་ལས་དོན་སྤེལ་རྒྱུ་བྱེད། གཞན་པ་ཚང་མ་ངས་རྫོང་གི་བཀོད་བསྒྲིགས་ལ་འཐད་པ་ཡིན། ”ཞེས་གསུངས། རུན་ཡོ་ཆིས། ཤིན་ཏུ་ལེགས། ཨུ་ཡོན་ཀྲང་གིས་གསུང་བ་ལྟར་བྱེད་ཅེས་ཞུས། རིན་པོ་ཆེ་གཙོ་འཁོར་ལྷན་རྒྱས་ཀྱིས་དུས་ཚོད༡༢མ་ལོན་གོང་དྲོས་ཇ་བཞེས་རྗེས་བཀྲ་ཤིས་ཕྱུག་ལུང་ཐང་དུ་ཆས།
ཚེས༡༥ཉིན་གྱི་སྔ་དྲོ། དཔའ་རིས་མགྲོན་ཁང་དུ་རྫོང་གི་ཏང་སྲིད་དམག་གསུམ་གྱི་མགོ་འདྲེན་དང་ཆོས་ལུགས་ཁག་གི་སྐུ་ཚབ་རྣམས་ཀྱི་ཡར་ཞུ་ལ་ཞིབ་ཏུ་གསན། ལྷག་པར་དུ་རྫོང་ཡོངས་ཀྱི་དཔལ་འབྱའཛུགས་སྐྲུན་ཁྲོད་ཀྱི་དཀའ་ཁག་དང་གནད་དོན་ལ་བཀའ་འདྲི་ནན་མོ་གནང་། མཐར་གསུང་བཤད་གལ་ཆེན་གནང་། ཚོགས་འདུ་གྲོལ་རྗེས་ཚོགས་འདུར་ཞུགས་མི་རྣམས་དང་ལྷན་དུ་མཉམ་པར་བསྐྱོན། ཚོགས་ཁང་གི་མདུན་ངོས་སུ་རིན་པོ་ཆེས་ཀན་སུའུ་ཞིང་ལས་སློབ་ཆེན་དུ་སློབ་སྦྱོང་བྱེད་ཀྱི་ཡོད་པའི་བོད་རང་སྐྱོང་ལྗོངས་དང་ཀན་ལྷོ་ཕྱོགས་ཀྱི་མི་རིགས་གྲངས་ཉུང་གི་སློབ་མ་དང་སུའུ་ནན་ཡུ་གུར་རིགས་རང་སྐྱོང་རྫོང་གི་མི་རིགས་གྲངས་ཉུང་གི་མང་ཚོགས་དང་སྣེ་ལེན་པ་ཚོར་ཐུག་འཕྲད་གནང་ནས་ཕྱག་དབང་གནང་། མཉམ་དུ་དཔར་ཡང་བླངས།
ས་བཅད་དང་པོ། བཀྲ་ཤིས་ཕྱུག་ལུང་དུ་ཕེབས་ཚུལ།
གནའ་ནས་བཟུང་ས་འདིར་ཇག་རུང་ཟེར། སྤྱི་ལོ༡༦༥༢སྟེ་ཆིང་ཧྲིན་ཀྲུ་ཁྲི་ལོ་དགུ་བར་རྒྱལ་དབང་ལྔ་བ་ཆེན་མོ་རྒྱ་ནག་ཏུ་ཕེབས་ལམ་དུ་ཇག་རུང་ས་ཆར་ཕེབས། ས་འདིའི་ཚོ་ཆེན་དྲུག་དང་དགོན་སྡེ་བཅུ་སུམ་གྱི་སྐྱ་སེར་མང་ཚོགས་དང་རྟ་པ་སྟོང་གིས་ཆིབས་བསུ་བྱས། རྒྱལ་དབང་ལྔ་པས་ས་མིང་ལ་བཀྲ་ཤིས་ཕྱུག་ལུང་ཞེས་བསྩལ་བ་ཡིན།
དང་པོ། བཀའ་ཆོས་དང་བཀའ་སློབ་གསུངས་ཤིང་ཕྱག་དབང་གནང་བ།
བཀྲ་ཤིས་ཕྱུག་ལུང་དུ་རིགས་སོ་སོའི་མི་དམངས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་ཆོ་ག་ལྟར་རིན་པོ་ཆེར་ཕེབས་བསུ་ཞུས། དར་ཚོན་སྣ་ལྔས་བརྒྱན་པའི་རྟ་པ་སུམ་བརྒྱས་ཆིབས་བསུ་ཞུས། རིན་པོ་ཆེ་བཞུགས་གནས་སུ་རས་གུར་ཆེན་པོ་གཉིས་ཕུབ་ཡོད། གཅིག་ནི་རིན་པོ་ཆེའི་བཞུགས་གུར་ཡིན་ལ་གཅིག་ནི་སྐུ་འཁོར་རྣམས་བཞུགས་ས་རེད། རིན་པོ་ཆེའི་བཞུགས་གུར་དུ་ཁྲི་དང་མདུན་ཅོག་བཞག་ཡོད། བཞུགས་གུར་གྱི་མདུན་ངོས་སུ་བསང་ཁྲི་བཞེངས་ཡོད། ཕེབས་ལམ་དུ་གོས་སེར་པོ་སྨི་བརྒྱ་བཏིང་ཡོད། སེར་སྦྲེང་གིས་དུང་དང་རྒྱ་གླིང་འབུད་བརྡུང་དང་མི་སྐྱའི་ཚོགས་ཀྱིས་ལྷ་བསང་བཏང་ནས་བསུ་བ་བྱས།
ཚེས༡༤ཉིན་གུང་དུས་ཚོད༡༢ལ་རིན་པོ་ཆེའི་ཆིབས་ཊོར་ཕེབས་བྱུང་། དར་ཚོན་སྣ་ལྔས་བརྒྱན་པའི་རྟ་པ་སུམ་བརྒྱས་ཆིབས་བསུ་དང་རིགས་སོ་སོའི་མང་ཚོགས་ཀྱིས་ཕྲེང་བསྒྲིགས་ཀྱི་དགའ་བསུ་ཞུས། རིན་པོ་ཆེ་སེར་སྦྲེང་དུ་སླེབས་དུས་ཆིབས་ཊོར་ལས་བབས་པ་གནང་། རིན་པོ་ཆེས་བཏིང་བའི་གོས་སེར་ཞབས་ཀྱིས་བཅགས་ཏེ་བཞུགས་གུར་ནང་དུ་ཕེབས་ནས་ཁྲི་ལ་བཞུགས། ཁོང་གི་གཡས་ཕྱོགས་སུ་ཀན་སུའུ་ཞིང་ཆེན་གྱི་སྲིད་གྲོས་ཀྲུའུ་ཞི་གཞོན་པའམ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་འཇམ་དབྱངས་བཞད་པ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་ཚང་དང་གཡོན་ཕྱོགས་སུ་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ཨུའམ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་གུང་ཐང་བསྟན་པའི་དབང་ཕྱུག་དང་བླ་བྲང་དགོན་པའི་གསེར་ཁྲི་རྣམ་བཞིའི་ཡ་གྱལ། བསང་ཆུ་རྫོང་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རིན་གཞོན་པ་སྡེ་པ་ཚང་བཅས་བཞེངས་འདུག ཁྲིར་བཞུགས་མ་ཐག་ཆོས་དད་མང་ཚོགས་ལ་ཕྱག་དབང་གནང་རྒྱུའི་མགོ་བརྩམས། མཇལ་པ་རྣམས་ཕྲེང་བསྒྲིགས་ནས་རིན་པོ་ཆེའི་ཁྲི་མདུན་དུ་གཅིག་རྗེས་གཅིག་མཐུད་དུ་གོམ་པ་རིམ་གྱིས་སྤོར། ཁོ་ཚོས་མཇལ་དར་དང་ལག་སྐྱེས་ཕུལ། རིན་པོ་ཆེས་མཇལ་པ་རེ་རེར་མཇལ་ཁ་གནང་། རྒན་པ་རྣམས་ལ་ད་དུང་ཉིད་ཀྱི་སྐུ་པར་དང་ཕྱག་མདུད་གནང་། དད་ལྡན་མང་ཚོགས་ཀྱི་རེ་འདུན་སྐོང་ཆེད་དུས་ཚོད་་འགའི་ནང་དུ་མི་ཁྲི་ཚོ་འགའ་ལ་མཇལ་ཁ་གནང་། མཇལ་ཁ་ཐོབ་པའི་མང་ཚོགས་རྣམས་ཀྱི་ཡིད་ལ་དགའ་སྤྲོ་དང་བདེ་སྐྱིད་ཀྱི་ཚོར་སྣང་གིས་ཁེངས། ཁོ་ཚོས་མ་ཎི་འདོན་བཞིན་ཕྱག་འཚལ་གྱིན་ཡོད། མཇལ་པའི་ཁྲོད་དུ་བོད་དང་རྒྱ། སོག་པོ། ཡུ་གུར་སོགས་ཡོད། རྫོང་འབྲོག་ལས་ཅུས་ཀྱི་ལས་བྱེད་པ་བརྩོན་འགྲུས་རྒྱ་མཚོས་ལོ་དགུ་བཅུ་ལྷག་གི་མ་རྒན་ཁུར་ནས་མཇལ་དུ་ཡོང་། མོའི་མི་ཚེ་གཅིག་གི་རེ་བ་འགྲུབ་ཏུ་བཅུག ད་དུང་མིས་དྲུད་ཤིང་རྟ་ཆུང་ཆུང་ཞིག་ཏུ་རྐང་བ་ཞ་བའི་ལོ་ལོན་ཞིག་དྲངས་ཡོང་། འགའ་རེས་རྒན་པ་དང་ནད་བ་འགྲོ་མི་ཐུབ་པ་དག་བསྐྱོར་ནས་ཡོང་། ཁོ་ཚོ་ཚང་མར་རིན་པོ་ཆེས་མཇལ་ཁ་གནང་། ཁོ་ཚོའི་མིག་མཐའ་མཆི་མས་བསྐོར་ནས་རེ་ཞིག་སྨྲ་མེད་དུ་ལུས། རིན་པོ་ཆེས་ཡུན་རིང་དུ་ཐན་པས་སྐམས་པའི་མང་ཚོགས་ཀྱི་སེམས་ལ་་སེམས་གསོའི་ཆར་ཆེན་ཞིག་ཕབ་བྱུང་།
མང་ཚོགས་ལ་མཇལ་ཁ་གནང་ཚར་རྗེས། རིན་པོ་ཆེས་སྐྱབས་འགྲོ་དང་དགའ་ལྡན་ལྷ་བརྒྱ་མ། དམིགས་བརྩེ་མ། རིགས་གསུམ་མགོན་པོ། འཇམ་དཀར། ཚེ་ལྷ་རྣམ་གསུམ། མཱ་རཱི་ཙྱེ། ཤམྦྷ་ལའི་སྨོན་ལམ། སྤྱིའི་བསྟན་འབར་མ། དགེ་ལྡན་བསྟན་འབར་མ་བཅས་ཀྱི་ལུང་དང་བཀའ་སློབ་གནང་།
གཉིས་པ། བསུ་སྟོན་མཛད་སྒོ།
ཚེས༡༥ཉིན་གྱི་ཕྱི་དྲོ་དུས་ཚོད༡༤ལ་བཀྲ་ཤིས་ཕྱུག་ལུང་དུ་བསུ་སྟོན་མཛད་སྒོ་གཟབ་རྒྱས་བཤམས། རྟ་བ་སུམ་བརྒྱ་ལྷག་གིས་ཨན་མོན་ཟམ་ཁ་ནས་རྟ་རྒྱུགས་ཐང་བར་དུ་ཆིབས་བསུ་བྱས། རྟ་སྐྱོད་པ་དང་ཀུ་འདེབས་པ། བྲོ་ལྡིང་བ་བཅས་ཀྱི་སྒོ་ནས་བསུ་བ་བྱས། རིན་པོ་ཆེ་བཞུགས་གུར་དུ་ཅུང་ཙམ་སྐུ་ངལ་གསོས་རྗེས་རྟ་རྒྱུགས་ལ་གཟིགས། དཔའ་རིས་གོམ་རྟ་ཁོང་གི་མདུན་དུ་བསྐྱོད་ཡོང་དུས་ཁོང་གིས་ཐུགས་དགྱེས་བའི་ངང་གསུང་གསང་མཐོན་པོས་ལྷ་རྒྱལ་ལོ་ཞེས་གསུང་སྐད་བསྐྱོན།
རྩྭ་ཐང་དུ་དགའ་སྤྲོའི་རྣམ་པས་ཁེངས། གོམ་རྟ་སྐྱོད་པ་གཟིགས་ཚར་རྗེས། རྫོང་དམངས་ཆེན་གྱི་ཀྲུའུ་རུན་གཞོན་པ་ཕུར་རྩ་ཆོས་ལྡན་ཚང་གིས་རྫོང་ཡོངས་ཀྱི་མི་དམངས་ཆིག་འབུམ་བརྒྱད་ཁྲིའི་ཚབ་བྱས་ནས་རྟ་མཆོག་སྔོ་སྔོ་འབྲུག་འདྲ་བ་ཞིག་རིན་པོ་ཆེ་ལ་ཕུལ། རིན་པོ་ཆེས་རྟའི་མཐུར་མདའ་ཕྱག་གིས་བསྣམས་ནས་མི་ཚོགས་ལ་ཕྱག་བརྡ་དང་བཅས་ཐུགས་མཁྱེན་གནང་། ཆོས་ལྡན་ཚང་གིས་རྟ་མཆོག་དེ་ཁྲིད་དེ་ཚོགས་ར་ལ་སྐོར་བ་ཞིག་རྒྱབ། མང་ཚོགས་ཀྱིས་ལྷ་རྟར་ཁ་བཏགས་རེ་རེ་བཞིན་འཕངས། སྟག་ལུང་ཐང་གི་ཨ་ཁུ་དམ་པས་ཀྱང་རང་གི་རྟ་མཆོག་སྔོ་སྔོ་ཞིག་རིན་པོ་ཆེ་ལ་ཕུལ། རིན་པོ་ཆེས་འདི་ནི་དཔའ་རིས་མི་དམངས་ཀྱི་བསམ་པ་རེད། ངས་རྩིས་བཞེས་བྱས་པ་ཡིན། འོན་ཀྱང་རྟ་རང་ཡུལ་དུ་སྡོད་དུ་འཇུག ་ངལ་རྩོལ་ཚེགས་ཡང་རེ་བྱས་ཀྱང་ཆོག་ཅེས་གསུངས། མཐར་རིག་རྩལ་འཁྲབ་སྟོན་གྱི་མགོ་བརྩམས། མི་རིགས་གླུ་གར་ཚོགས་པས་བཀྲ་ཤིས་བདེ་ལེགས་ཅེས་པའི་བྲོ་འཁྲབ། དམངས་ཁྲོད་གླུ་པ་དང་དཔའ་རིས་དགེ་ལམ་སློབ་གྲྭའི་སློབ་མས་གླུ་བླངས། སྟག་ལུང་གྱོ་མ་སྡེ་བའི་བཀྲ་ཤིས་ཚེ་རིང་སོགས་ཀྱིས་འཁྲབ་པའི་རྩེ་རིག་གཟིགས་ཚེ་རིན་པོ་ཆེས་ཐུགས་དགྱེས་ནས་ཕྱག་བརྡེབས་གནང་། སྐུ་འགྲམ་གྱི་མིར་ངའི་ཕ་ཡུལ་ནའང་འདི་འདྲའི་རྩེ་རིག་ཡོད་ཅེས་གསུངས།
རིག་རྩལ་འཁྲབ་སྟོན་དུས་ཚོད་གཅིག་ལྷག་འགོར། སྟོན་ཀའི་རླུང་བུ་ཅུང་བསིལ་མོད། རིན་བོ་ཆེ་གཙོ་འཁོར་གྱིས་འཁྲབ་སྟོན་མགོ་ནས་མཇུག་བར་གཟིགས་ཚར། མཐར་རིན་པོ་ཆེ་ཡར་བཞེངས་ཏེ་ཁྱོད་ཚོས་འཁྲབ་སྟོན་གནང་པར་བཀའ་དྲིན་ཆེ་ཞུ་ཞེས་གསུངས་ཤིང་གར་མཁན་དག་དང་ཕྱག་འཇུ་གནང་། དགོང་མོར་བཀྲ་ཤིས་ཕྱུག་ལུང་དུ་སྒྲོན་མེ་ཁྲ་ལམ་མེར་འདུག མང་ཚོགས་ཀྱིས་གླུ་ལེན་གར་འཁྲབ་ཀྱིས་ནམ་ལངས་སུ་བཅུག་པ་རེད། སྔར་ལྷང་འཇགས་ཀྱི་རྩྭ་ཐང་ཡངས་པོ་ནི་ད་སྐབས་དགའ་སྤྲོའི་རྣམ་པས་ཡོངས་སུ་ཁེངས།
ས་བཅད་གཉིས་པ། མི་རིགས་སློབ་འབྲིང་དུ་གཟིགས་ཞིབ་ཏུ་ཕེབས་པ།
ཚེས༡༦ཉིན་གྱི་སྔ་དྲོ་དུས་ཚོད༩ལ། རིན་པོ་ཆེ་མི་རིགས་སློབ་འབྲིང་གི་གདན་འདྲེན་ཞུས་པ་ལྟར། ཞིང་ཆེན་དང་ས་ཁུལ། རྫོང་གི་མགོ་འདྲེན་རྣམས་ཀྱིས་ཕེབས་རོགས་གནང་ནས་མི་རིགས་སློབ་འབྲིང་དུ་གཟིགས་ཞིབ་ཏུ་ཕེབས། སློབ་གྲྭའི་དགེ་སློབ་དང་ལས་བཟོ་པ་སུམ་བརྒྱ་ལྷག་གིས་དུས་ཆེན་གྱི་མཆོར་གོས་གྱོན་ནས་སྒོ་ཆེན་ཕྱི་ནང་གི་ལམ་ཆེན་ཕྱོགས་གཉིས་སུ་ཕྲེང་བསྒྲིགས་ཏེ་མེ་ཏོག་ཚོམ་བུའི་མཆོད་པ་བསྣམས་ནས་དགའ་བསུ་དགའ་བསུ། ཡང་ཡང་དགའ་བསུ་ཞུ་ཞེས་པའི་འབོད་སྒྲ་ལྷང་ལྷང་གིས་རིན་པོ་ཆེར་བསུ་བ་བྱས། རིན་བོ་ཆེ་སློབ་གྲྭའི་སྒོ་ཁར་སླེབས་ཚེ་ཆིབས་ཊོར་ལས་བབས་པ་གནང་ཏེ་ཞབས་ཐང་དུ་སློབ་གྲྭའི་ནང་དུ་ཕེབས། ད་དུང་དགའ་བསུ་ཞུ་མཁན་རྣམས་ལ་ཕྱག་བརྡ་གནང་། སློབ་གྲྭའི་སློབ་གཙོ་རྨ་ཚེ་རིང་འཚོ་དང་ཧྲུའུ་ཅི་བཀྲ་ཤིས་ཚེ་རིང་རྣམ་གཉིས་ཀྱིས་རིན་པོ་ཆེར་བསུ་དར་དར་དཀར་རིང་མོ་བསྒྲོན། རིན་པོ་ཆེས་ཀྱང་ཁོང་རྣམ་གཉིས་ལ་ཕྱག་དར་བསྩལ། དེ་ནས་རིན་པོ་ཆེ་འཁོར་དང་བཅས་པ་སློབ་གྲྭའི་ཚོགས་ཁང་ནང་དུ་དྲངས། ལྷན་རྒྱས་བཞུགས་རྗེས་དཀར་ཡོལ་འབྲུག་མའི་ནང་ནས་འོ་ཇ་དྲངས། ཧྲུའུ་ཅི་བཀྲ་ཤིས་ཚེ་རིང་གིས་བོད་སྐད་ཀྱི་ལམ་ནས་རིན་པོ་ཆེར་སློབ་གྲྭ༡༩༨༠ལོར་སློབ་གྲྭ་ཚུགས་ཤིང༡༩༨༡ལོའི་སྟོན་ཀ་སློབ་མ་བསྡུ་མགོ་བརྩམས་ནས་ད་བར་གྱི་གནས་ཚུལ་ཞིབ་ཏུ་ཞུས། ནང་སྒོས་སུ་བོད་ཡིག་སློབ་ཁྲིད་སྐོར་གྱི་གནས་ཚུལ་དང་སློབ་གྲྭའི་འགྲོ་གྲོན་ཕྱོགས་ཀྱི་དཀའ་ཁག སློབ་ཁྲིད་ཡོ་ཆས་དཀོན་པ་སོགས་ཀྱི་གནད་དོན་ཡར་ཞུ་ཞུས། ཁོས་ད་དུང་ཨུ་ཡོན་ཀྲང་གཞོན་པས་འབྲེལ་ཡོད་ལས་ཁུངས་དག་ལ་དགོངས་འཆར་གནང་ནས། ཧུར་ཐག་གིས་སློབ་གྲྭར་མཐུན་རྐྱེན་སྦྱར་ནས་མི་རིགས་སློབ་འབྲིང་གི་འཛུགས་སྐྲུན་གོང་འཕེལ་དེ་བས་མགྱོགས་པ་དང་ཁང་བ་ཡོ་ཆས་འཐུས་ཚང་དུ་བཏང་ནས་དཔའ་རིས་རྫོང་གི་ཆ་རྐྱེན་འཛོམས་པའི་བོད་སྐད་ཡིག་སློབ་ཁྲིད་ཀྱི་ལྟེ་བ་རུ་གྱུར་ནས་རྒྱལ་ཁབ་དང་མི་རིགས་ལ་མཁོ་བའི་མི་འཇོན་ཐང་ཅན་སྐྱེད་སྲིང་བྱེད་པའི་རྨང་གཞི་བརྟན་པོ་ཚུགས་དགོས་པའི་རེ་བ་ནན་མོ་ཞུས།
སྙན་ཞུ་ཕུལ་རྗེས་བཀྲ་ཤིས་ཚེ་རིང་གིས་སྙན་ཞུའི་ཡིག་ཆ་རིན་པོ་ཆེར་ཕུལ། ཁོང་འཁོར་དང་བཅས་པ་ཚོགས་ཁང་ནས་ཕྱིར་ཕེབས་ཏེ་སློབ་གྲྭའི་ར་སྐོར་དང་སློབ་ཁང་། སློབ་མའི་སྡོད་ཁང་སོགས་སུ་གཟིགས་ཞིབ་གནང་། ཁོང་དམའ་འབྲིང་ལོ་རིམ་གཉིས་བའི་འཛིན་གྲྭ་ཀ་པ་དང་ཁ་པ་གཉིས་ཀྱི་སློབ་ཁང་དུ་ཕེབས་པ་ན་སློབ་མ་ཡོངས་རྫོགས་མྱུར་དུ་ཡར་ལངས་ནས་ཐལ་མོ་བརྡེབས་ནས་དགའ་བསུ་བྱས། ཁོང་གིས་བོད་སྐད་ཀྱིས་སློབ་གྲོགས་རྣམ་པ། ཁྱོད་ཚོ་བདེ་མོ་ཡིན་ནམ་ཞེས་བཀའ་འདྲི་གནང་། སློམ་མ་ཚོ་འཚེར་སྣང་དང་འཚུབ་ཆ་ལངས་བ། ལྷག་པར་སློབ་མ་མང་ཤས་ཀྱིས་བོད་སྐད་མི་ཤེས་བའི་རྐྱེན་གྱིས་རིན་པོ་ཆེར་འཚམས་འདྲིའི་ཞུ་ལན་འཇལ་མ་ཐུབ། འདི་ནི་ངོ་གནོངས་བ་དང་འགྱོད་པ་སྐྱེས་པའི་དོན་ཞིག་ཏུ་གྱུར། རིན་པོ་ཆེ་སློབ་ཁང་ནས་ཕྱིར་ཕེབས་ཏེ་སློབ་གྲྭའི་ར་སྐོར་དུ་བསྡུས་པའི་དགེ་སློབ་ཡོངས་ལ་གསུང་བཤད་སྙིང་གཏམ་དྲོན་མོ་གནང་། ཁོང་གིས་ད་སྐབས་ང་ཚོར་མི་རིགས་རང་གི་སྐད་ཆ་ཡི་གེ་སློབ་པའི་གོ་སྐབས་ལྡན་སོང་། ང་ཚོ་ཤིན་ཏུ་དགའ་བ་ཡིན། རང་རེའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་མི་རིགས་སོ་སོ་འདྲ་མཉམ་ཡིན་པ་གཏན་ཁེལ་བྱས་ཡོད། སྐད་ཆ་དང་ཡི་གེ རིག་གནས་ཕྱོགས་གང་ནས་ཀྱང་འདྲ་མཉམ་ཡིན་པ་རེད་ཅེས་གསུངས། སློབ་གྲོགས་ཚོ། ཁྱོད་ཚོ་མི་རིགས་གྲངས་ཉུང་གི་སློབ་མ་དག་དག་རེད། ཁྱོད་ཚོའི་ཕྲག་ཏུ་མ་འོངས་འཛུགས་སྐྲུན་གྱི་འགན་ཁུར་བབས་ཡོད། ད་སྐབས་སློབ་སྦྱོང་ལ་འབད་བརྩོན་ཆེན་པོ་བྱེད་དགོས། ལོ་ན་གཞོན་པའི་གསེར་ལས་རིན་ཆེ་བའི་དུས་སྐབས་ཆུད་ཟོས་སུ་མི་གཏོང་བར་བྱ། ཀྲུང་ཧྭ་མི་རིགས་ཀྱི་བུ་བུ་མོ་ཞིག་དང་འདྲ་བ་དང་། མི་རིགས་གྲངས་ཉུང་གི་བུ་བུ་མོ་ཞིག་དང་དེ་བས་འདྲ་བར་བྱོས། རང་མི་རིགས་དང་རང་མེས་རྒྱལ་གྱི་ཆེད་དུ། འབད་པ་ལྷོད་མེད་ཀྱིས་སློབ་སྦྱོང་བྱེད་དགོས་ཅེས་པའི་བསླབ་བྱ་གནང་། རིན་པོ་ཆེས་ནང་སྒོས་སུ་མི་རིགས་རང་གི་སྐད་ཆ་ཡི་གེ་སློབ་སྦྱོང་བྱེད་རྒྱུ་གལ་ཆེ་ཚུལ་ནན་གྱིས་གསུངས། ཁོང་གིས་ད་ཅི་ང་སེམས་ཧ་ཅང་སྡུག་པ་ཡིན། ཁྱོད་ཚོ་མང་ཆེ་བ་ནི་བོད་རེད། ངས་བོད་སྐད་བཤད་ན་ཁྱོད་ཚོས་ཉན་མི་ཤེས། འདི་ནི་ངོ་ཚ་རེད། ཁྱོད་ཚོ་འདིར་འཚོགས་པ་རྣམས་ཁ་ཤས་བོད་རེད། ད་དུང་ཧོར་དང་མི་རིགས་གཞན་པའང་ཡོད། ཁྱོད་ཚོས་ངེས་བར་དུ་རང་མི་རིགས་ཀྱི་སྐད་ཆ་བརྗེད་དུ་མ་འཇུག མི་རིགས་འགའ་རེར་རང་གི་ཡི་གེ་མེད། བོད་ལ་རང་གི་ཡི་གེ་ཡོད། ང་ཚོས་ངེས་བར་དུ་ལེགས་པར་སློབ་དགོས། ངས་བཤད་མྱོང་། ངས་རྒྱ་སྐད་བཤད་ཤེས་པ་འདི་ནི་ངའི་འཇོན་ཐང་ཡིན། ངའི་ཡོན་ཏན་ཡང་ཡིན། གལ་ཏེ་ངས་མ་ཤེས་ནའང་ང་ངོ་ཚ་དགོས་དོན་མེད། གལ་ཏེ་ངས་བོད་སྐད་བཤད་མ་ཤེས་ན་བོད་ཡིག་འབྲི་མ་ཤེས་ན་དེ་ནི་ངའི་མཚང་རེད། ངའི་ངོ་ཚ་རེད། དེ་བཞིན་དུ་རྒྱའི་བློ་མཐུན་ཞིག་གིས་བོད་སྐད་མ་ཤེས་ན་ཁོར་ཁག་མེད་པ་རེད། ཤེས་ན་ཁོར་ཡོན་ཏན་ལྷག་མོ་ཞིག་ལྡན་སོང་བ་རེད། འཇོན་ཐང་ལྷག་མོ་ཞིག་འཛོམས་སོང་བ་རེད། གལ་ཏེ་ཁོས་རྒྱ་སྐད་བཤད་མ་ཤེས་རྒྱ་ཡིག་འབྲི་མ་ཤེས་ན་དེ་ནི་ཁོའི་མཚང་དང་ངོ་ཚ་རེད། ཅེས་འདི་ལྟར་གསུངས་སོ། །
པཎ་ཆེན་མཆོག་གིས་སློབ་གྲྭའི་བསླབ་ཚན་བཀོད་བསྒྲིགས་ལ་དགོངས་འཆར་རྩ་ཆེན་གནང་། ཁོང་གིས་ད་སྐབས་ཁྱོད་ཚོས་བོད་ཡིག་ལེགས་པར་སློབ་དགོས། ཁྱོད་ཚོའི་བསླབ་ཚན་ནང་བོད་ཡིག་ཅུང་ཉུང་སོང་བ་རེད། ཁྱོད་ཚོས་འདི་ལྟར་བསླབས་ན་བོད་ཡིག་ཡག་པོ་ཞིག་སྦྱངས་ཐུབ་རྒྱུ་མ་རེད། ངའི་བསམ་འཆར་ལྟར་ན་སློབ་གྲྭས་བོད་ཡིག་སློབ་ཁྲིད་ད་དུང་ཇེ་མང་དུ་གཏོང་དགོས་ཅེས་གསུངས། མི་རིགས་ས་ཁུལ་དུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་འབྲེལ་བ་ཇི་ལྟར་བྱ་དགོས་པའི་སྐོར་ལ་ཨུ་ཡོན་ཀྲང་གཞོན་པས་གསུངས་བ་འདི་ལྟར། ཆབས་ཅིག་ཏུ་རྒྱ་ཡིག་ཀྱང་ངེས་བར་དུ་ལེགས་པོར་བསླབ་དགོས། རང་རེའི་རྒྱལ་ཁབ་ཏུ་ཚན་རིག་ལག་རྩལ་གྱི་དཔེ་ཆ་དང་ལོ་རྒྱུས་ཀྱི་དཔེ་ཆ། ཆབ་སྲིད་ཀྱི་དཔེ་ཆ་བཅས་མང་པོ་ཡོད་པ་རེད། མི་རིགས་གྲངས་ཉུང་གི་སྐད་ཡིག་གིས་དེ་དག་ཚང་མ་སྒྱུར་མི་སྲིད་པ་རེད། བྱ་བ་སྒྲུབ་པར་རྒྱ་ཡིག་ཅུང་ཙམ་ཤེས་དགོས་པ་རེད། ངའི་རེ་བ་ནི་ཁྱོད་ཚོས་རྒྱ་ཡིག་ཀྱང་ལེགས་པོ་སྦྱངས་རྒྱུ་དེ་ཡིན། ཁྱོད་ཚོ་བོད་རྒྱ་སྐད་ཡིག་གཉིས་ལ་བྱང་དགོས། འདི་ལྟར་བྱས་ན་མཇུག་ཏུ་ཁྱོད་ཚོས་ལས་དོན་སྒྲུབ་ན་ཤིན་ཏུ་སྟབས་བདེ་ཞིག་ཡོང་བ་རེད་ཅེས་གསུངས།
ཨུ་ཡོན་ཀྲང་གཞོན་པས་གསུང་བཤད་གནང་སྐབས་ལྷག་པར་དུ་མི་རིགས་བར་གྱི་མཐུན་སྒྲིལ་ནན་གྱིས་གསུངས། ཁོང་གིས་ང་ཚོས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་དགོས། རྒྱ་རིགས་དང་མི་རིགས་གཞན་པར་བརྩི་འཇོག་བྱེད་དགོས། ཁོ་ཚོར་ཡང་ང་ཚོ་མི་རིགས་གྲངས་ཉུང་གི་རིག་གནས་དང་སྐད་ཆ། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་བཅས་ལ་རྩི་འཇོག་བྱེད་དུ་འཇུག་དགོས། འདི་ལྟར་བྱས་ཚེ་ད་གཟོད་འདྲ་མཉམ་མཐུན་སྒྲིལ་ཏུ་གྱུར་ཐུབ་རྒྱུ་རེད། འདྲ་མཉམ་མེད་ཚེ་མཐུན་སྒྲིལ་ཡོད་མི་སྲིད་པ་རེད། འདི་ནི་རང་རེའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གཏན་ཁེལ་གསལ་པོར་བཏང་ཡོད་པ་རེད་ཅེས་གསུངས།
ཨུ་ཡོན་ཀྲང་གཞོན་པས་གསུང་བཤད་ཀྱི་མཇུག་རྫོགས་སྐབས། ཡང་སྐྱར་སློབ་གྲོགས་ཚོར་འབད་བརྩོན་གྱིས་སློབ་སྦྱོང་བྱེད་དགོས་པའི་ཐུགས་རེ་གནང་། ཁོང་གིས་ཁྱོད་ཚོས་རིག་གནས་ཚན་རིག་གི་ཤེས་བྱ་སྦྱང་དགོས། རང་མི་རིགས་ཀྱི་འཕེལ་རྒྱས་ལ་བྱས་རྗེས་འཇོག་དགོས། རང་རེའི་མེས་རྒྱལ་གྱི་དར་རྒྱས་གོང་འཕེལ་ལ་བྱས་རྗེས་འཇོག་དགོས་ཅེས་ནན་གྱིས་གསུངས་སོ། གསུང་བཤད་གནང་རྗེས། ཨུ་ཡོན་ཀྲང་གཞོན་པས་སློབ་གྲྭའི་མགོ་ཁྲིད་དང་གྱེས་ཁའི་ཕྱག་འཇུ་གནང་། སློབ་གྲྭའི་དགེ་སློབ་ཡོངས་ཕེབས་ལམ་གྱི་ཕྱོགས་གཉིས་སུ་ཕྲེང་བསྒྲིགས་ཏེ་ཕེབས་སྐྱེལ་ཞུས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཆིབས་ཊོར་དུ་བཞུགས་ཏེ་ཡར་ལུང་དགོན་དུ་ཕེབས་སོང་།
ས་བཅད་གསུམ་པ། ཡར་ལུང་དགོན་དུ་ཕེབས་པ།
ཟླ༩བའི་ཚེས༡༦ཉིན་གྱི་ཉིན་གུང་དུ། ནམ་མཁའ་གཡའ་དག་ཞིང་ས་གཞི་རྡུལ་དགཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ། ཡར་ལུང་དགོན་ཐོས་བསམ་དར་རྒྱས་གླིང་ནི་རྔམ་ཞིང་བརྗིད་པའི་ཉམས་དང་ལྡན། དགོན་པའི་ཕྱི་ནང་ཀུན་ཏུ་གཙང་མ་གྲ་དག་ཡིན་ལ་བསང་དུད་ལྷོག་ལྷོག་ཏུ་འཕྱུར་བཞིན་ཡོད། འདུ་ཁང་ནང་གི་མཆོད་མེ་ཁྲ་ལམ་མེར་འདུག སེར་མོ་པ་ཚོས་ཆོས་གོས་གྲ་དག་མནབས། ཆོས་དད་མང་ཚོགས་ཀྱིས་གོས་གསར་ལུས་ལ་གྱོན། སྐྱ་སེར་མང་ཚོགས་ཀྱིས་དད་པ་ཤུགས་དྲག་སྒོས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཕེབས་པར་སྒུག་འདུག ཡར་ལུང་དགོན་ནི་དཔའ་རིས་ས་ཆའི་དགོན་པ་གྲགས་ཅན་ཞིག་སྟེ། མིང་རྒྱལ་རབས་ཀྱི་མཇུག་དང་ཆིང་རྒྱལ་རྒྱལ་རབས་ཀྱི་མགོ་ཙམ་ལ་ཕྱག་བཏབ་པ་ཡིན། ད་བར་ལོ་ངོ་སུམ་བརྒྱ་བདུན་བཅུ་ཡན་གྱི་ལོ་རྒྱུས་ཡོད། དགོན་རྙིང་ནི་སྟག་ལུང་སྐུ་ཕྲེང་གཉིས་བ་རྟ་ནག་བློ་བཟང་བསྟན་འཛིན་ཆོས་ཀྱི་ཉི་མས་བཏབ་པ་ཡིན། ཆུ་ཡོས་དུས་འཁྲུག་གི་སྐབས་སུ་བརླགས། སྤྱི་ལོ༡༧༢༡ལོར་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་གདན་ཞུས་ལྟར་ཡར་ལུང་དགོན་དུ་ཕེབས་ནས་ཁྲི་པ་མཛད། ༡༧༢༧ལོར་དགོན་གསར་བཞེངས་ཀྱི་མགོ་བརྩམས་ཅིང་༡༧༣༡ལོར་ལེགས་གྲུབ་བྱུང་། རྗེས་སུ་དགོན་འདིར་ཆོས་འཆད་ཉན་དར་ནས་མཁས་པ་མང་པོ་བྱུང་། ལྷ་རམས་པ་ཆོས་དར། བ་རུ་ལྷ་རམས་པ། འཇའ་མོ་བླ་མ་སོགས་ལྷ་རམས་པ་ཉི་ཤུ་ལྷག་བྱུང་མྱོང་། མཱ་རབ་འབྱམས་པ་བློ་བཟང་དར་རྒྱས། དཔའ་རིས་ཨ་བརྟན། དཔའ་རིས་གྲགས་པ། དཔའ་རིས་བློ་གྲོས། དཔའ་ཞར་ངག་དབང་ཕུན་ཚོགས། སངས་རྒྱས་འཕྲིན་ལས། ཕུན་ཚོགས་ཡོན་ཏན། དཔའ་ཐང་ཡེ་ཤེས་བསྟན་འཛིན། དཔའ་རིས་འཇིགས་མེད་དམ་ཆོས། དཔའ་རིས་རབ་གསལ་སོགས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་གྲགས་ཅན་མང་དུ་བྱུང་།
རིན་པོ་ཆེ་ད་ཐེངས་ཡར་ལུང་དགོན་དུ་ཕེབས་པ་ནི་སྔོན་བྱོན་གོང་མར་མཇལ་བ་དང་ཆོས་སྐྱོང་སྲུང་མར་མཆོད་པ། སྔོན་བྱོན་མཁས་ཆེན་དམ་པ་རྣམས་རྗེས་སུ་ཐུགས་དྲན་གནང་བ། བསྟན་པ་སླར་གསོ་བཅས་ཀྱི་དོན་དུ་ཡིན། རིན་པོ་ཆེས་དགོན་པའི་འདུ་ཁང་ནང་དུ་སྐྱབས་འགྲོ་དང་ལྟུང་བཤགས། དགའ་ལྡན་ལྷ་བརྒྱ་མ་སོགས་ཀྱི་ལྗགས་ལུང་བསྩལ། དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་། རིན་པོ་ཆེས་དད་ལྡན་མང་ཚོགས་ལ་རྒྱལ་ཁབ་ཀྱི་རྒྱལ་ཁྲིམས་དང་འགྲིག་ལམ་བརྩི་བ། རྒྱལ་གཅེས་ཆོས་གཅེས་དང་མི་རིགས་མཐུན་སྒྲིལ། ཆོས་སྲིད་ལུགས་གཉིས་མཉམ་སྤེལ། དགེ་བ་ཕུན་སུམ་ཚོགས་པ་སྒྲུབ་རྒྱུའི་སྐོར་གྱི་བཀའ་སློབ་གནང་།
ཡར་ལུང་ཡར་གྱེས་ལུང་བའི་ཧོར་རིགས་དད་ལྡན་མང་ཚོགས་མང་པོ་མཇལ་དུ་ཡོང་བར་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས། དགོན་པའི་དམངས་གཙོ་དོ་དམ་ཁང་གི་ཀྲུའུ་རིན་ནམ་རྫོང་སྲིད་གྲོས་ཀྱི་ཨུ་ཡོན། རྫོང་དམངས་ཆེན་གྱི་འཐུས་མི་རྨ་བསྟན་འཛིན་གྲགས་པས་རིན་པོ་ཆེར་དཔའ་རིས་རབ་གསལ་དང་དངུལ་ཆུ་རིན་པོ་ཆེ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། དགོན་བདག་ཨ་ལག་ཤ་མཁན་པོ་ཚང་བཅས་ཀྱི་སྐུ་པར་ཕུལ། རིན་པོ་ཆེས་འདི་དག་ཇི་ལྟར་ཐུགས་ཉར་གནང་བ་ལགས། བསྟན་འཛིན་གྲགས་པས་ཞུ་བ་གསན་རྗེས་རིན་པོ་ཆེས། ༡༩༥༨ལོ་ཁྱེད་ལོ་ག་ཚོད་ཡིན་ཞེས་བཀའ་འདྲི་གནང་། ཁོས་ང་ལོ་སོ་བདུན་ཡིན་ཞེས་ལན་ཞུས། རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས་ནས། ཁྱེད་ཀྱིས་རྟེན་བརྟེན་པ་མང་པོ་ཞིག་སྲུང་སྐྱོབ་བྱས་བཏང་བ་ཤིན་ཏུ་ལེགས། ཤིན་ཏུ་ལེགས་ཅེས་གསུངས། རིན་པོ་ཆེས་བསྟན་འཛིན་གྲགས་པར་སྐུ་ཉིད་ཀྱི་སྐུ་པར་ཚོན་ཅན་ལྔ་གནང་། དགོན་པའི་གྲྭ་པ་ཚོ་དང་མཉམ་དུ་པར་བསྐྱོན།
རིན་པོ་ཆེ་ཡར་ལུང་དགོན་དུ་བཞུགས་སྐབས་ཐུགས་ཤིན་ཏུ་དགྱེས་འདུག དགོན་པ་དང་མང་ཚོགས་ཀྱིས་གྲ་སྒྲིག་བྱས་པའི་ལུག་ཤ་དང་ཞོ་འོ་འབྲས་ཐུག་བཞེས། ཕེབས་ཁར་ཞབས་ཞུ་བར་གསོལ་ཀྲུམ་ཉུང་ཙམ་ཞིག་སྣོམ་དུ་ཞལ་མངགས་གནང་། རིན་པོ་ཆེ་ཞལ་གྱེས་དཀའ་བའི་ཐུགས་སྣང་དང་བཅས་གནས་མཆོག་བྱིན་ཅན་ཡར་ལུང་ཐོས་བསམ་དར་རྒྱས་གླིང་དང་ཞལ་གྱེས་ཏེ་ཕེབས་སོང་།
ཡར་ལུང་གི་རིགས་སོ་སོའི་མང་ཚོགས་ཀྱིས་དད་པ་ཤུགས་དྲག་གིས་རིན་པོ་ཆེ་སྐུ་ཚེ་བརྟན་པ་དང་འཕྲིན་ལས་རྒྱས་པའི་གསོལ་བ་བཏབ་པའོ།
ས་བཅད་བཞི་བ། མཆོད་རྟེན་ཐང་དུ་ཕེབས་པ།
པཎ་ཆེན་རིན་པོ་ཆེ་ཡར་ལུང་དགོན་གྱི་མཛད་པ་མཇུག་རྫོགས་རྗེས་མཆོད་རྟེན་ཐང་གི་ཕྱོགས་སུ་ཕེབས། ཉིན་དེར་རིན་པོ་ཆེ་ཕེབས་ལམ་དུ་སྡེ་པ་སོ་སོའི་དད་ལྡན་མང་ཚོགས་འདུས་ནས་ཕེབས་བསུ་ཞུ་བར་སྒུག་འདུག རིན་པོ་ཆེ་གཡོན་ལུང་མདོ་སོགས་ལམ་བར་དུ་ཐེངས་གཉིས་ལ་ཆིབས་ཊོར་ནས་བབས་ཏེ་སྒུག་ཡོད་པའི་མཇལ་བ་རྣམས་ལ་འཚམས་འདྲི་དང་མཇལ་ཁ་གནང་། གསེར་རྐོན་འགག་གི་མཛེས་ལྗོངས་ལ་ཐུགས་འཕྲེང་ནས་ཐེངས་གཉིས་ལ་ཆིབས་ཊོར་ལས་བབས་ནས་གཟིགས་ཞིབ་གནང་།
མཆོད་རྟེན་ཐང་བཀྲ་ཤིས་དར་རྒྱས་གླིང་ནི་ལོ་རྒྱུས་ཧ་ཅང་རིང་ཞིང་དཔའ་རིས་ཡུལ་གྱི་དགོན་པ་ཆེ་ཤོས་ཡིན། ཡོན་རྒྱལ་རབས་སྐབས་ཀྱི་སྤྱི་ལོ༡༣༦༠ལོར། ཀརྨ་བཀའ་བརྒྱུད་ཞྭ་ནག་པ་སྐུ་ཕྲེང་བཞི་བ་ཀརྨ་རོལ་བའི་རྡོ་རྗེ་རྒྱ་ནག་ཏུ་ཕེབས་སྐབས། ས་འདིའི་མང་ཚོགས་ཀྱི་རེ་ཞུས་ལྟར་འཇུ་ལག་ཆུའི་ཀླུ་སྡིག་པ་ཅན་དམ་ལ་བཏགས་ཏེ་བཀྲ་ཤིས་ཐང་དུ་དམ་རྟགས་སུ་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས། ཆབས་ཅིག་ཏུ་བོན་དགོན་ཡང་བཀའ་བརྒྱུད་པར་བསྒྱུར། རྗེས་སུ་ས་མིང་ལའང་མཆོད་རྟེན་ཐང་ཞེས་ཐོགས། མིང་རྒྱལ་རབས་ཀྱི་དཀྱིལ་ཙམ་ལ་དགེ་ལྡན་རིང་ལུགས་ཀྱང་ཕྱོགས་འདིར་དར། རྗེ་འདན་མ་ཚུལ་ཁྲིམས་རྒྱ་མཚོས་མཆོད་རྟེན་ཐང་དགོན་པ་དགེ་ལུགས་པར་བསྒྱུར། སྤྱི་ལོ་༡༦༤༧ལོར་ཆིང་ཧྲིན་ཀྲི་ཁྲི་ལོ་བཞི་བར། འདན་མ་ཚུལ་ཁྲིམས་ཚང་དང་སྔོ་ཁོ། སྟོབས་ཚང་། རྒྱ་ཏིག་བཅས་ཚོ་བ་གསུམ་གྱི་མགོ་བས་གྲོས་བྱས་ནས་སྟོང་སྐོར་དགོན་གྱི་སྟོང་སྐོར་སྐུ་ཕྲེང་བཞི་བ་སྟོང་སྐོར་མདོ་རྒྱུད་རྒྱ་མཚོ་གདན་དྲངས་ཏེ་དགོན་བདག་མཛད་དེ་དགོན་པ་རྒྱ་ཆེར་བསྐྱེད། སྤྱི་ལོ༡༦༥༢ལོརརྒྱལ་དབང་ལྔ་བ་ཆེན་མོ་རྒྱ་ནག་པེ་ཅིན་ཏུ་ཕེབས་ལམ་དུ་དཔའ་རིས་ས་ཆའི་མང་ཚོགསཀྱིས་བསུ་བ་རྒྱ་ཆེན་པོ་མཛད། ཚོ་རུ་དགོན་གྱི་རེ་ཞུས་ལྟར་ལྔ་བ་ཆེན་བོས་དགོན་མིང་ལ་བཀྲ་ཤིས་དར་རྒྱས་གླིང་ཞེས་བསྩལ། ཕྱིས་སུ་ཆོས་འཆད་ཉན་དར་རྒྱས་ཆེན་མོ་བྱུང་། ༡༩༥༨ལོ་དང་རིག་གནས་གསར་བརྗེ་སྐབས་དགོན་པ་གཏོར་བརླག་ཚབས་ཆེན་ཐེབས། ༡༩༧༨ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་བཟུང་ཏང་གི་མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་ལག་བསྟར་བྱས་ནས་སྲིད་གཞུང་དང་རྒྱ་ཆེ་དད་ལྡན་མང་ཚོགས་ཀྱིས་རྒྱབ་སྐྱོར་དང་འབད་པ་ལྷོད་མེད་བྱས་ཏེ་དགོན་པ་ཉམས་གསོ་ཅུང་ཡིད་དགའ་བ་ཙམ་བྱུང་།
པཎ་ཆེན་རིན་པོ་ཆེ་ཐེངས་དང་པོར་མཆོད་རྟེན་ཐང་དུ་ཕེབས་པ་རེད། ཕེབས་བསུའི་མཛད་སྒོ་ནི་རྒྱ་ཞིང་རྒྱས་པ་ཡིན་ཞིང་བོད་བརྒྱུད་ནང་བསྟན་གྱི་གོམས་སྲོལ་ལྟར་བཀོད་བསྒྲིགས་བྱས་པ་ཡིན། དགོན་པའི་གླིང་དང་རྒྱ་སྲིང་ཡོངས་རྫོགས་གད་དར་གཙང་མ་བྱས། ར་སྐོར་གྱང་ལྡེབས་སུ་ཞག་རྩི་གསར་བ་བྱུགས། ཇོ་ཁང་ནང་དུ་བཞུགས་ཁྲི་ཁྲིག་ཁྲིག་བྱས་ཡོད། མཆོད་རྫས་སྣ་ཚོགས་བཤམས་ཡོད། མཆོད་མེ་ཁྲ་ལམ་མེར་སྒྲོན་འདུག སྐྱ་སེར་མང་ཚོགས་འབུམ་གཉིས་ལྷག་གིས་ཕེབས་སྒུག་འདུག མང་ཚོགས་ནི་རང་རྫོང་གི་མཆོད་རྟེན་ཐང་ཞང་། ཆུ་ཆ་ཞང་། ཁེས་བཟང་ཉག་ག་གྲོང་རྡལ། སེར་རྩིད་ཞང་། སེ་ར་ལུང་ཞང་། ཡར་ལུང་ཞང་། ཐུར་ཆུང་། གཡོན་འབྲོག་ར་སོགས་ཡུལ་སོ་སོ་ནས་ཡོང་བ་ཡིན། དེ་མ་ཟད་ད་དུང་མཚོ་སྔོན་ཞིང་ཆེན་ཧོར་གྲོང་རྫོང་དང་མིན་ཡོན་རྫོང་། ལུང་མདོ་རྫོང་སོགས་ཀྱི་མང་ཚོགས་ཀྱང་ཡོད། ཁོ་ཚོ་ཁྱིམ་ཚང་རེ་རེ་རྒན་མགོ་དཀར་ནས་ཁྱེའུ་ཆུང་ཆུང་བར་ཉིན་འགའི་སྔོན་ནས་ཡོང་སྟེ་སྦྲ་གུར་ཕུབ་ཏེ་རིན་པོ་ཆེ་ཕེབས་པར་སྒུག་འདུག ཁོ་རའི་མང་ཚོགས་དང་ནགས་རའི་ལས་བཟོ་པ་ཚོས་ཉིན་ཞག་དུ་མར་ལམ་དང་ཟམ་པ་ཞིག་གསོ་བྱས་ནས་རིན་པོ་ཆེ་ཕེབས་པར་གྲ་སྒྲིག་བྱས།
དང་པོ། བཀའ་ཆོས་གསུང་ཞིང་ཕྱག་དབང་གནང་བ།
རིན་པོ་ཆེ་སྣ་བུག་གི་དཔྱངས་ཟམ་བརྒྱུད་དེ་ཕེབས་པ་རེད། ཉིན་དེ་ནི་སྤྱི་ལོ༡༩༨༤ལོའི་ཟླ༩བའི་ཚེས༡༦ཡིན། ཕྱི་དྲོ་དུས་ཚོད་གསུམ་གྱི་སྟེང་དུ་ཕེབས། ཟམ་ཁ་ནས་རྟ་པ་མང་པོས་ཆིབས་བསུ་ཞུས། ཁོ་རའི་འཕྲེང་སྣེ་ནས་དད་ལྡན་མང་ཚོགས་ཀྱིས་ཕྲེང་བསྒྲིགས་ནས་ཕེབས་བསུ་བྱས། དགོན་པའི་སྒོ་སྔུན་དུ་སེར་སྦྲེང་དང་རྒྱ་གླིང་མཆོད་བརྡུང་འཕན་གདུགས་བཅས་ཀྱིས་བསུས་ཤིང་ཆོས་རའི་སྒོར་ཕེབས་འཕྲལ་དགེ་སྐོས་དཀའ་བཅུ་ངག་དབང་རྒྱ་མཚོ་དང་ཀྲུའུ་རུན་ཨ་བན་དགེ་སློང་ཚུལ་ཁྲིམས་རྣམ་གཉིས་ཀྱིས་ཕྱག་འཚལ་ཏེ་ཕྱག་དར་ཕུལ། དེ་ནས་རིན་པོ་ཆེ་གོས་སེར་བཏིང་ཡོད་པའི་སྟེང་ཞབས་ཐང་ལ་ཇོ་ཁང་ནང་དུ་ཕེབས་ཏེ་ཁྲིར་བཞུགས། དེ་མ་ཐག་གསོལ་ཇ་དང་གྲོ་འབྲས་ཞོ་བཅས་དྲངས། ཆབས་ཅིག་ཏུ་ཇ་མཆོད་མཉམ་དུ་གསུངས། དེ་ནས་མཎྜ་ཕུལ། སྒྲོལ་དཀར་ལ་བརྟེན་ནས་ཚེ་སྒྲུབ་ཉིན་མང་བོར་གསུངས་བའི་ཚེ་བུམ་ཕུལ། སྡེར་ཁ་བཅུ་གསུམ་དང་སྐུ་གསུངས་ཐུགས་རྟེན། ཚོན་སྣ་ལྔའི་གོས་ཆེན་ཁྲུ་ཙི་ཉི་ཤུ། གོས་ཕྲུག་ཡུག་གཅིག ཇ་ལེབ་སུམ་ཅུ་སོ་བདུན། མར་རྒྱ་མ་བཅོ་ལྔ། ཤོག་སྒོར་སྟོང་གཅིག་བཅས་ཕུལ། སེར་མོ་པ་དང་ཚོ་མི་ཕྱག་བདེ་བ་རྣམས་ལ་མཇལ་ཁ་གནང་། དེ་ནས་དགོན་པའི་གཞུང་ལས་ཁང་དུ་ཕེབས། གསོལ་ཇ་དང་གསོལ་འབྲས། ཤ་བག་ཐུམ། བཞེས་ཀྲུམ་བཅས་དྲངས། བཞེས་འཕྲལ་ཁྱམས་ལ་ཕེབས་ནས་དགོན་པའི་རྒྱབ་རིར་གཟིགས། དེ་ནས་ཇོ་ཁང་གི་ཁྱམས་ལ་ཕེབས་ཏེ་མང་ཚོགས་འབུམ་གཉིས་ལྷག་ལ་མཇལ་ཁ་གནང་། རྒན་པ་རྣམས་ལ་སྐུ་ཉིད་ཀྱི་འདྲ་པར་རེ་གནང་། སྐྱབས་འགྲོ དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་དམིགས་བརྩེ་མ། ཡོན་ཏན་གཞིར་གྱུར་མ། དཔལ་དུས་ཀྱི་འཁོར་ལོ། ཡབ་ཡུམ་གྱི་སྔགས། རིགས་གསུམ་མགོན་པོ་དང་འཇམ་དཀར། ཚེ་ལྷ་རྣམ་གསུམ་བཅས་ཀྱི་གཟུངས། ཤམྦྷ་ལའི་སྨོན་ལམ། བསྟན་འབར་མ། དགེ་ལྡན་བསྟན་འབར་མ་བཅས་ཀྱི་ལུང་གནང་། དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ་ཞེས་སོགས་ལུང་དྲངས་ཏེ། དལ་འབྱོར་རྙེད་དཀའ་བ་དང་ལས་རྒྱུ་འབྲས། ཕ་མ་རྒན་གཞོན་ལ་བརྩི་བཀུར་དགོས་ཚུལ། མི་རིགས་ནང་ཁུལ་དང་མི་རིགས་བར་གྱི་མཐུལ་སྒྲིལ་གལ་ཆེ་ཚུལ་སོགས་གསུང་བཤད་གལ་ཆེན་མང་བོ་གནང་། དེ་དང་མཉམ་དུ་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་གསུངས་ཤིང་དགོན་པ་དགོན་པར་འདྲ་བ་དང་གྲྭ་པ་གྲྭ་པ་འདྲ་བ་ཞིག་དགོས་ཚུལ། གྲྭ་པ་མང་མི་དགོས་ལ་གཙོ་བོ་མཁས་བཙུན་བཟང་གསུམ་དང་ཁྲིམས་གཙང་ཡིན་དགོས། ཆོས་ལུགས་དད་མོས་རང་དབང་ཡིན་ཟེར་ནས་དགོན་པའི་ནང་དུ་བསྡད་ནས་འགྲིག་ལམ་མི་བརྩི་བར་ཏང་གི་སྲིད་ཇུས་ལ་ཁག་འཇོག་པ་དེ་དག་སྡོད་དུ་འཇུག་མི་དགོས། བདས་བཏང་ན་འགྲིག རིག་གསར་གྱི་གནོད་པ་ཐེབས་རྐྱེན་ཆེ་སྟབས་རྒྱལ་བསྟན་རིན་པོ་ཆེ་རིམ་གྱིས་གསོ་དགོས་ལ་དག་ཐེར་ཀྱང་བྱེད་དགོས་ཅེས་པ་སོགས་ཐུགས་ནན་མོས་གསུངས།
ལྗགས་ལུང་གནང་བའི་སྐབས་སུ་ཆར་ཟིམ་བུ་བབས་ཤིང་ནམ་མཁར་འཇའ་ཚོན་ཤར་ཅིང་ཤིས་སྤྲིན་བྱུང་། རིན་པོ་ཆེས་བཀའ་གསུང་གནང་རྗེས་འཕྲལ་དུ་སླར་ཡང་ཇོ་ཁང་དུ་ཕེབས་ཏེ་ཡོངས་འཛིན་རྒྱ་ཡག་རིན་པོ་ཆེ་དང་མཉམ་དུ་སྐུ་ཐང་སོགས་ལ་ཞིབ་གཟིགས་གནང་ནས་རབ་གནས་ཕྱག་འབྲས་གཏོར་ཞིང་སྙན་དར་འགའ་རེ་ཕུལ། དེ་ནས་ཁྲིར་བཞུགས་པ་དང་། གསོལ་ཐུག་ཏུ་ཤ་བག་ཐུམ་དྲངས། བཞེས་ཟིན་རྗེས་ཞང་སྲིད་གཞུང་དུ་ཕེབས་ཏེ་ཞག་བཞུགས་གནང་། དགོན་པའི་གཞུང་ལ་སྐུ་ཉིད་ཀྱི་སྐུ་གོང་མ་དང་རིན་པོ་ཆེ་སྐུ་ཉིད་ཀྱི་འདྲ་པར་ཚོན་ཅན་ཆེ་ཚད་རེ། མདོ་སྡེ་བསྐལ་བ་བཟང་བོ་དང་སྔགས་རིམ་ཆེན་མོ་གནང་ཤིང་མགོན་པོ་ལྷ་མོ་ཚངས་བའི་རྟེན་ཐང་བཅས་ལ་རྟེན་མདུད་གནང་། གྲྭ་བ་རྣམས་ལ་ཕྱག་ཚ་དང་སྐུ་ཉིད་ཀྱི་སྐུ་པར་ཆུང་བ་རེ་གནང་། འདི་དག་ནི་འཇམ་དབྱངས་བཞད་པ་ཚང་གིས་དགོང་མོར་བསྐྱལ་ཡོང་།
དགོང་མོར་མགོ་འདྲེན་རྣམས་དང་དཔའ་རིས་རྫོང་གི་འཕེལ་རྒྱས་དང་ཏང་གི་མི་རིགས་ཆོགས་ལུགས་སྲིད་ཇུས་དོན་དངོས་སུ་འབེབས་རྒྱུ་སོགས་གྲོས་མོལ་གནང་། རིགས་སོ་སོ་དང་ཕྱོགས་སོ་སོའི་འཐུས་ཚབ་པ་དང་གོང་རིམ་མི་སྣར་མཇལ་འཕྲད་གནང་།
གཉིས་བ། ཞལ་གྱེས་ཁའི་གདམས་པ།
ཟླ༩བའི་ཚེས༡༧ཉིན་གྱི་ཞོགས་པར། རིན་པོ་ཆེ་དཔའ་རིས་བོད་སྨན་ཁང་དུ་ཕེབས་ཏེ་གཟིགས་ཞིབ་གནང་། སྨན་ཁང་གི་ཁྱམས་ནས་སྔ་ཉིན་མཇལ་ཁ་མ་ཐོབ་པའི་མཇལ་པ་རྣམས་ལ་མཇལ་ཁ་གནང་། ཕེབས་ཁར་རུན་ཡོ་ཆི་དང་ལུའུ་ཡན་ལི་བློ་མཐུན་རྣམ་གཉིས་རིན་པོ་ཆེའི་དྲུང་དུ་བཅར་ཏེ《དཔའ་རིས་རྫོང་གི་རྫོང་མཁར་འཛུགས་སྐྲུན་འཆར་བཀོད་》 ཅེས་པ་ཕྱག་ཏུ་ཕུལ་ཏེ་ཁོང་གིས་རྫོང་མཁར་གསར་བ་འཛུགས་སྐྲུན་ལ་ཐུགས་ཁུར་གནང་དགོས་བའི་རེ་བ་ཞུས། རིན་པོ་ཆེས་ངས་ནུས་ཤུགས་གང་ཡོད་ཀྱིས་སྒྲུབ་ངེས་ཅེས་གསུངས། དུས་ཚོད་དགུའི་སྟེང་ནས་རིན་པོ་ཆེས་སྔོ་ཁོ་ཁུལ་ཁོངས་གཏོགས་ཀྱི་ཞང་སོ་སོའི་མགོ་འདྲེན་རྣམས་ལ་ཐུག་འཕྲད་གནང་། རུན་ཡོ་ཆིས་མི་རེ་རེ་བཞིན་མཚམས་སྦྱོར་གནང་། རིན་པོ་ཆེས་ཁྱོད་ཚོ་གཞི་རིམ་དུ་བྱ་བ་སྒྲུབ་མཁན་ཡིན་པས་འོ་བརྒྱལ་ཆེན་པོ་མྱང་སོང་། ས་ཆ་འདིའི་མང་ཚོགས་ཀྱི་འཚོ་བ་ཁག་པོ་འདུག ད་དུང་མི་རིགས་གྲངས་ཉུང་གི་ས་ཁུལ་ཞིག་རེད། ཁྱོད་ཚོས་འབད་པ་ཆེན་པོ་བྱེད་དགོས། དཔལ་འབྱོར་གྱི་བྱ་བ་ལེགས་པར་སྒྲུབ་དགོས། མཐུན་སྒྲིལ་གྱི་བྱ་བ་ལེགས་པར་སྒྲུབ་དགོས། ཕྱིས་སུ་དཀའ་ཁག་ཅི་ཡོད་ན་གོང་རིམ་ལ་མ་གསང་དྲང་མོར་ཡར་ཞུ་བྱོས། གོང་རིམ་གྱི་རོགས་རམ་དང་དཀའ་ཁག་སེལ་རྒྱུར་རེ་བ་ཞུ་དགོས། ཁྱོད་ཚོས་རིགས་སོ་སོའི་མང་ཚོགས་ལ་ངའི་ཚབ་བྱས་ཏེ་འཚམས་འདྲི་ཞུ་རོགས་ཅེས་གསུངས། མཇལ་འཕྲད་མཇུག་རྫོགས་རྗེས་ཁུལ་དང་ཞང་། འབྲོག་ར་བཅས་ཀྱི་མགོ་འདྲེན་དང་ཞབས་ཞུ་སྣེ་ལེན་པ་དག་གི་རེ་ཞུས་ལྟར་རིན་པོ་ཆེ་ཁོ་ཚོ་དང་མཉམ་དུ་པར་བསྐྱོན། དུས་ཚོད་བཅུའི་སྟེང་དུ་རིན་པོ་ཆེ་ཁུལ་དང་རྫོང་གི་མགོ་འདྲེན་རྣམས་དང་མི་རིགས་ཆོས་ལུགས་ཁག་གི་སྐུ་ཚབ་རྣམས་དང་མང་ཚོགས་ཀྱིས་ཕེབས་སྐྱེལ་ཞུས་ཏེ་ལན་ཀྲོའུ་ཕྱོགས་སུ་ཕེབས་པའི་མགོ་བརྩམས། ན་བུག་དཔྱངས་ཟམ་ཁར་རྫོང་གི་མགོ་འདྲེན་གྱི་སྒྲོན་དར་ཕུལ་ཏེ་རིན་པོ་ཆེ་ད་དུང་དཔའ་རིས་ལ་ཕེབས་རྒྱུའི་རེ་བ་ཞུས། རིན་པོ་ཆེས་ང་ཡོང་། ང་ངེས་བར་དུ་ཡོང་ཞེས་ཡང་ཡང་གསུངས། རྫོང་དཔོན་བཀྲ་ཤིས་ཚེ་རིང་དང་ཕུར་རྩ་ཆོས་ལྡན། ཟུར་གཞིས་ངག་དབང་བསྟན་འཛིན་ཉི་མ། རྨ་ཀྱ་སྐལ་བཟང་ལེགས་བཤད་རྒྱ་མཚོ་བཅས་སྐུ་འཁོར་གྱི་གྲས་སུ་ཞུགས་ནས་ཏི་ཐོང་བརྒྱུད་དེ་ལན་ཀྲོའུ་ལ་ཕེབས་སྐྱེལ་ཞུས།
ཟུར་རྒྱན་གྱི་ལེའུ།
ས་བཅད་དང་པོ། ཕྱོགས་བསྡོམས།
པཎ་ཆེན་རིན་པོ་ཆེ་དཔའ་རིས་རྫོང་དུ་གཟིགས་ཞིབ་གནང་སྐབས། དཔའ་རིས་ཡུལ་གྱི་དར་རྒྱས་དང་ཡར་ཐོན་ལ་ཐུགས་ཁུར་ཆེན་མོ་གནང་། ཁོང་གིས་མི་རིགས་ས་ཁུལ་རང་སྐྱོང་སྲིད་ཇུས་གི་ལག་བསྟར་དང་། མི་རིགས་གྲངས་ཉུང་གི་ཡོན་ཏན་ཅན་སྐྱེད་སྲིང་དང་། མི་རིགས་རིག་གནས་སློབ་གསོའི་འཕེལ་རྒྱས་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་གྱི་འཕེལ་རྒྱས། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཀྱི་ལག་ལེན་བཅས་ཕྱོགས་མང་བོར་གསུང་བཀོད་གལ་ཆེན་གནང་བ་དང་ཐུགས་རེ་ཆེན་བོ་གནང་། ཁོང་གིས་རྫོང་གི་སྙན་ཞུ་མ་གསན་གོང་དུ་ང་ད་ཐེངས་དཔའ་རིས་ལ་འཚམས་འདྲིར་ཡོང་དོན། གཅིག་ནི་རིགས་སོ་སོའི་མང་ཚོགས་ལ་རེ་བ་ཡོད་པ་རེད། ངས་ཞིག་བལྟ་རུ་ཡོང་བ་ཡིན། གཉིས་ནི་ཁྱོད་ཚོའི་བྱ་བར་ད་དུང་བར་ཐག་ཅུང་ཙམ་འདུག་ཟེར་བས། ངས་ཁྱོད་ཚོར་སྐུལ་འདེད་གཏོང་དུ་ཡོང་བ་ཡིན། ཁྱོད་ཚོའི་སྙན་ཞུའི་ཡིག་ཆ་ངས་བལྟས་ཟིན། དཔའ་རིས་འཕེལ་རྒྱས་ཤིན་ཏུ་མགྱོགས་པོ་འདུག ང་ཧ་ཅང་དགའ་བ་ཡིན། ཐོབ་པའི་འབྲས་བུ་མང་དུ་མི་བཤད་རྒྱུ་བྱེད། དེ་རིང་གི་བཞུགས་མོལ་ཚོགས་འདུར་གཙོ་བོ་ཁྱོད་ཚོའི་དཀའ་ཁག་དང་གནད་དོན་བཤད་རྒྱུ་བྱོས། ང་ཕྱིར་ལོག་རྗེས་ཕྱོགས་མང་པོ་ནས་འབད་པ་བྱས་ཏེ་དཀའ་གནད་སེལ་རྒྱུར་རོགས་རམ་བྱེད་ཅེས་གསུངས། ཁོང་གིས་ད་དུང་དུས་ཚོད་གང་ཡོད་བེད་སྤྱད་དེ་མང་ཚོགས་དང་ཐུགས་འཕྲད་གང་མང་མཛད། མི་རིགས་དང་ཆོས་ལུགས་ཕྱོགས་ཀྱི་སྐུ་ཚབ་དག་དང་བཞུགས་མོལ་མཛད་དེ་བསམ་འཆར་གསན་པ་དང་གནས་ཚུལ་བཀའ་འདྲི་གནང་། ཁོང་གིས་མི་རིགས་ས་ཁུལ་རང་སྐྱོང་གི་སྲིད་ཇུས་ལག་བསྟར་ལ་མཐོང་ཆེན་གནང་བ་རེད། མི་རིགས་ས་ཁུལ་རང་སྐྱོང་གི་བཅའ་ཁྲིམས་ལག་སྟར་བཟང་བོ་བྱས་ནས་མིང་དོན་མཚུངས་དགོས་བ་གསུངས། རྫོང་གི་གནས་ཚུལ་ཆ་ཚང་གསན་རྗེས་ཁོང་གིས་མི་རིགས་སྐད་ཆ་ཡི་གེ་ངེས་བར་དུ་བཀོལ་དགོས་བ་གསུངས། ཁོང་གིས་རང་སྐྱོང་ལས་ཁུངས་ཀྱིས་ཡིག་རིགས་ཚན་པ་གཉིས་བཀོལ་དགོས། འདི་ལྟར་མིན་ཚེ་མི་རིགས་ས་ཁུལ་གྱི་ཁྱད་ཆོས་ཆེན་པོ་དེ་མེད་དུ་གྱུར་བ་རེད། རང་ཅག་བོད་རིགས་ལས་བྱེད་པ་ཚོས་སྔོན་དུ་བོད་ཡིག་ལེགས་པར་སློབ་དགོས། མི་རིགས་ཤིག་རང་གི་སྐད་ཆ་ཡི་གེ་བོར་བ་དང་ཐ་ན་རང་གི་སྐད་ཆའང་མི་བཤད་པ་དེ་ངོ་ཚ་རེད་ཅེས་གསུངས། ཁོང་གིས་མི་རིགས་གྲངས་ཉུང་གི་ལས་བྱེད་པ་སྐྱེད་སྲིང་དང་བཀོལ་སྤྱོད་བྱེད་རྒྱུར་མཐོང་ཆེན་གནང་། ཁོང་གིས་རང་སྐྱོང་ལས་ཁུངས་ཀྱི་མི་རིགས་ཅན་དེའི་སྙིང་བོ་ནི་ལས་བྱེད་པ་མི་རིགས་ཅན་དེ་ཡིན་པར་གཟིགས། ཁོང་གིས་ང་ཚོར་མི་རིགས་ལས་བྱེད་པ་མང་དུ་སྐྱེད་པ་དང་སྤོབས་པ་ཆེན་པོས་སྐྱེད་སྲིང་དང་བསྐོ་འཇོག་བྱེད་པ། ཁོ་ཚོར་གོ་ས་ཡོད་པ་དང་འགན་ཁུར་ཡོད་པ། དབང་ཆ་ཡོད་པ་ཞིག་ཏུ་བྱེད་དགོས། མི་རིགས་གྲངས་ཉུང་གི་ལས་བྱེད་པ་སྐྱེད་སྲིང་བྱེད་པ་དང་ཆབས་ཅིག་ཏུ་རྒྱ་རིགས་ལས་བྱེད་བ་སྐྱེད་སྲིང་བྱེད་རྒྱུར་དོ་སྣང་བྱེད་དགོས་པ་གསུངས། ཁོང་གིས་རྒྱ་རིགས་ལས་བྱེད་པས་ཀྱང་བོད་ཡིག་བོད་སྐད་བསླབ་དགོས། མི་རིགས་ས་ཁུལ་དུ་བྱ་བ་སྒྲུབ་པའི་ལས་བྱེད་པས་མ་མཐར་སྐད་ཡིག་རིགས་གཉིས་ཤེས་དགོས། གཞི་རིམ་དུ་སོང་ཚེ་མི་རིགས་གྲངས་ཉུང་གི་སྐད་ཆས་ཐད་ཀར་མི་རིགས་གྲངས་ཉུང་གི་མང་ཚོགས་དང་ཁ་བརྡ་བྱེད་ཐུབ་དགོས། འདིའི་ཕྱོགས་བོད་རང་སྐྱོང་ལྗོངས་ལ་སློབ་སྦྱོང་བྱེད་དགོས། བོད་རང་སྐྱོང་ལྗོངས་ཀྱིས་སྲིད་ཇུས་ཤིག་གཏན་ཁེལ་བྱས་འདུག་སྟེ། བོད་ཡིག་བོད་སྐད་ཤེས་བའི་རྒྱའི་ལས་བྱེད་པ་ལ་ཟླ་ཕོགས་ཚད་རིམ་གཅིག་བསྣན་པ། ཁོ་ཚོས་བོད་སྐད་སློབ་པར་བསྟོད་སྐུལ་བྱས་པ་རེད། མི་རིགས་ལས་བྱེད་པའི་རིག་གནས་རྒྱུགས་ལེན་ལའང་རྒྱ་ཡིག་བོད་ཡིག་རིགས་གཉིས་དགོས། བོད་ཡིག་རྒྱུགས་མ་འཕྲོད་ན་མི་ཆོག་ཅེས་གསུངས། ཁོང་གིས་ཡང་དང་ཡང་དུ་མི་རིགས་ལས་བྱེད་པས་མི་རིགས་རང་གི་གྱོན་ཆས་གྱོན་དགོས་གསུངས། མི་རིགས་གྲངས་ཉུང་གི་ལས་བྱེད་པས་རང་གི་གྱོན་ཆས་མི་གྱོན་པ་དེ་ནི་རང་གིས་རང་ལ་མཐོང་ཆུང་བྱས་བ་རེད་ཅེས་གསུངས།
ཁོང་གིས་མི་རིགས་སློབ་གསོའི་ལས་དོན་ལ་ཐུགས་ཁུར་ཆེན་བོ་གནང་བ་རེད། རྫོང་གི་མགོ་ཁྲིད་རྣམས་ཞུགས་པའི་བཞུགས་མོལ་ཚོགས་འདུའམ་རྒྱ་ཆེ་བའི་མང་ཚོགས་ཞུགས་པའི་ཆོས་ལུགས་བྱ་བའི་སྐབས་གང་ཡིན་རུང་ཁོང་གིས་གླགས་གང་ཡོད་བཙལ་ཏེ་མི་རིགས་རིག་གནས་སློབ་གསོ་བྱ་བའི་གལ་ཆེན་རང་བཞིན་གསུངས་བ། རིམ་པ་སོ་སོའི་མགོ་ཁྲིད་ལ་མི་རིགས་སློབ་གསོར་མཐོང་ཆེན་བྱེད་དགོས་བའི་བླང་བྱ་གནང་། ཁོང་ད་དུང་རབ་རྒྱས་སུ་ཚུགས་པའི་མི་རིགས་སློབ་འབྲིང་ལ་ཆེད་དུ་ཕེབས་ནས་གཟིགས་ཞིབ་མཛད། སློབ་གྲོགས་ཡོངས་ལ་སློབ་སྦྱོང་ལེགས་པོ་བྱེད་པ་དང་དགེ་སློབ་ཡོངས་ལ་རྫོང་གི་མི་རིགས་སློབ་འབྲིང་གཅིག་པུ་འདི་ལེགས་སྒྲུབ་ཡོང་བའི་ཐུགས་རེ་གནང་། ཁོང་གིས་སློབ་གྲྭའི་གནས་ཚུལ་དང་བསླབ་ཚན་བཀོད་བསྒྲིགས་བྱས་ཚུལ་བཀའ་འདྲི་གནང་རྗེས་ཁྱོད་ཚོའི་བསླབ་ཚན་ཁྲོད་དུ་བོད་ཡིག་བསླབ་པའི་དུས་ཚོད་ཅུང་ཉུང་སོང་བ་རེད། འདི་ལྟར་བོད་ཡིག་ལེགས་པོ་ལོབས་མི་ཐུབ་པ་རེད། ངས་བལྟས་ན་བོད་ཡིག་བསླབ་ཚན་ད་དུང་ཇེ་མང་དུ་བཏང་ན་འགྲིག མི་རིགས་སློབ་འབྲིང་གི་སློབ་མས་རང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་ལེགས་པོ་བྱེད་དགོས་པ་མ་ཟད། ད་དུང་རྒྱའི་སྐད་ཡིག་ལེགས་པར་སློབ་དགོས། སྐད་ཡིག་གཉིས་བྱང་ཆུབ་པར་བྱེད་དགོས་ཅེས་གསུངས།
ཁོང་གིས་མི་རིགས་དང་ཆོས་ལུགས་ཀྱི་སྲིད་ཇུས་ལག་བསྟར་བྱ་བར་ཐུགས་ཁུར་ཆེན་པོ་གནང་བ་རེད། ཁོང་གིས་བཀའ་ཆོས་གསུངས་དུས་ཏང་དང་སྲིད་གཞུང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཡང་དག་ཡིན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་དགོན་སྡེ་དོ་དམ་བྱེད་ཚུལ་འཚོལ་སྙེག་བྱེད་དགོས་པ་བསྟན། རྒྱ་ཆེ་བའི་མི་རིགས་གྲངས་ཉུང་གི་སྐྱ་སེར་མང་ཚོགས་ལ་བག་ཆགས་ཟབ་མོ་བཞག ཁོང་གིས་བཀྲ་ཤིས་ཕྱུག་ལུང་དང་མཆོད་རྟེན་ཐང་དུ་བཀའ་སློབ་གནང་སྐབས་རྒྱ་ཆེ་བའི་སེར་མོ་པ་དག་ལ་དགོན་པ་དོ་དམ་ལེགས་པོ་བྱེད་དགོས། དགོན་པ་དགོན་པ་དང་འདྲ་བ་གྲྭ་པ་གྲྭ་པ་དང་འདྲ་བ་ཞིག་བྱེད་དགོས། གྲྭ་པ་བྱེད་མི་བྱེད་ཁྱོད་རང་ལ་རང་དབང་ཡོད་པ་རེད། ཆོས་ལ་དད་མི་དད་ཁྱོད་ལ་རང་དབང་ཡོད་པ་རེད། གྲྭ་བ་བྱས་ནས་ཆོས་ལ་དད་པ་ན། དགོན་པའི་འགྲིག་ལམ་བརྩི་དགོས། ཆོས་ཀྱི་འདུལ་ཁྲིམས་བརྩི་དགོས་ཅེས་གསུངས། ཁོང་གིས་སྙན་ཞུར་གསན་སྐབས་དཔའ་རིས་ན་དེང་མ་དགོན་པ་ག་ཚོད་ཡོད་པ་དང་ད་སྐབས་སྒོ་ཕྱེ་བའི་དགོན་པ་ག་ཚོད་ཡོད་པ་བཅས་བཀའ་འདྲི་གནང་། ཁོང་གིས་ང་བརྒྱད་ལོ་ཆོས་ལ་གནོད་པ་ཚབས་ཆེན་བཟོས་པ་དང་རིག་གནས་གསར་བརྗེས་ཀྱང་ཆོས་ལ་གོད་ཆག་བཟོས་བྱུང་། ཆོས་ལུགས་དད་མོས་ནི་དགོན་པ་བཅོམ་པ་དང་གྲྭ་པ་དེད་པ་ན་ཆོས་ལུགས་མེད་པར་གྱུར་བ་མ་ཡིན་ཏེ། ཁོའི་སེམས་ཀྱི་དད་པ་དེ་ད་དུང་ཡོད་པ་རེད། མངོན་ནས་ལྐོག་ཏུ་གྱུར་བའི་ཁྱད་པར་ཙམ་མོ། ད་སྐབས་ང་ཚོས་དགོན་བའི་སྒོ་ཕྱེ་བ་ནི་གཙོ་བོ་ཆོས་དད་མང་ཚོགས་ཀྱི་ཆོས་དད་འཚོ་བའི་རེ་བ་སྐོང་བ་ཡིན། ནང་བསྟན་གྱི་དགོངས་པ་བརྒྱུད་འཛིན་དང་ཁྱབ་སྤེལ་ཆེད་དུ་ཡིན་ཏེ། སྒོ་འབྱེད་པའི་དོན་དུ་སྒོ་ཕྱེ་བ་ཞིག་མ་ཡིན། རིག་གནས་གསར་བརྗེའི་སྔོན་དུ་ཅི་ཙམ་ཡོད་ན་དེ་ཙམ་སྒོ་འབྱེད་དགོས་བ་དེ་བས་མ་ཡིན། ད་སྐབས་དགོན་པ་བཅུ་ལྷག་ཅིག་གི་སྒོ་ཕྱེ་བྱུང་བ་ངས་བལྟས་ན་ད་ཕལ་ཆེར་ཆོག་པ་རེད། མང་ཚོགས་ཀྱི་དགོས་མཁོ་ཕལ་ཆེར་བསྐངས་བ་དང་སྟབས་བདེ་བྱུང་འདུག རྫོང་འདིར་ད་དུང་ཧུའེ་རིགས་ཡོད་པ་རེད། ཁོ་ཚོའི་ཆོས་དད་ཀྱི་གནད་དོན་ཡང་སྣང་ཆུང་བྱེད་མི་རུང་ཞེས་འདི་ལྟར་གསུངས། ཁོང་གིས་ད་དུང་ནན་ཏན་གྱིས་ཀྲུང་དབྱང་གི༡༩༨༢ལོའི་ཨང༡༤བའི་ཡིག་ཆ《རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དུས་སྐབས་ཀྱི་ཆོས་ལུགས་གནད་དོན་ཕྱོགས་ཀྱི་རྩ་བའི་ལྟ་བ་དང་གཞི་རྩའི་སྲིད་ཇུས》ཞེས་བའི་དགོངས་དོན་ལག་བསྟར་བྱེད་དགོས་བའི་བླང་བྱ་གནང་། དགོན་པ་དོ་དམ་ལེགས་པོ་བྱེད་པ། དགོན་པས་དགོན་པ་རང་གསོ་བྱེད་པའི་བྱེད་སྒོ་སྤེལ་བ། གྲྭ་པ་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་གཏོང་དགོས། ཁོ་ཚོའི་སེམས་སུ། སྡིག་པ་ཅི་ཡང་མི་བྱ་ཞིང་། ། དགེ་བ་ཕུན་སུམ་ཚོགས་པར་སྤྱད། ། རང་གི་སེམས་ནི་ཡོངས་སུ་འདུལ། ། འདི་ནི་སངས་རྒྱས་བསྟན་པ་ཡིན། ། ཞེས་པ་དེ་འཇགས་སུ་འཇུག་དགོས་གསུངས།
ཁོང་གིས་མི་རིགས་མཐུན་སྒྲིལ་གྱི་བྱ་བར་ཐུགས་ཁུར་གནང་བ་རེད། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་མི་རིགས་མཐུན་སྒྲིལ་ལེགས་པར་བྱ་དགོས། མཐུན་སྒྲིལ་གྱི་དཔེ་ལེགས་བྱེད་དགོས། ཁོང་གིས་སྙན་ཞུ་གསན་པའི་ཚོགས་འདུ་དང་གསོལ་སྟོན་གྱི་ཞལ་གསུང་གནང་སྐབས་ཡང་དང་ཡང་དུ་མི་རིགས་མཐུན་སྒྲིལ་གྱི་གལ་ཆེན་རང་བཞིན་ནན་གསུངས་གནང་། ཁོང་གིས་ཁྱོད་ཚོ་ཚང་མ་ཏང་གིས་སྐྱེད་སྲིང་བྱས་པའི་ལས་བྱེད་པ་རེད། ཐོག་མར་མགོ་ཁྲིད་ཚན་ཁག་ནང་ཁུལ་མཐུན་སྒྲིལ་ཡག་པོ་བྱེད་དགོས། དེ་ནས་མི་རིགས་གྲངས་ཉུང་གི་ལས་བྱེད་པ་བར་གྱི་མཐུན་སྒྲིལ་དང་མི་རིགས་གྲངས་ཉུང་གི་ལས་བྱེད་པ་དང་རྒྱ་རིགས་ལས་བྱེད་པ་བར་གྱི་མཐུན་སྒྲིལ་ལེགས་པོ་བྱེད་དགོས། འབྲལ་མི་རུང་བ་གཉིས་ཀྱི་བསམ་བློ་བརྟན་པོ་ཆགས་སུ་འཇུག་དགོས། འདི་དཔའ་རིས་སར་མཚོན་ན་དེ་བས་གལ་ཆེ་བ་རེད་ཅེས་གསུངས། ཁོང་གིས་ཡང་དང་ཡང་དུ་མི་རིགས་གྲངས་ཉུང་གི་ལས་བྱེད་པས་ངེས་བར་དུ་མང་ཚོགས་ཁེ་ཕན་གྱི་ཚབ་མ། མང་ཚོགས་ཀྱི་བསམ་འཆར་མཚོན་པར་བྱེད་པ་དང་གནས་ཚུལ་ངོ་མ་མཚོན་ཕོད་པ་བཅས་བྱ་དགོས། མཐར་ཁོང་གིས་ཀན་སུའུ་ཞིང་ཆེན་ཏང་ཨུ་དང་ཝི་ཝེ་ཁུལ་ཨུའི་མགོ་འདྲེན་འོག དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ཀྱིས་རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་སྣེ་ཁྲིད་དེ་དཔའ་རིས་འཛུགས་སྐྲུན་ལེགས་པོ་བྱེད་དགོས་པའི་ཐུགས་རེ་གནང་།
པཎ་ཆེན་རིན་པོ་ཆེས་དཔའ་རིས་ལ་གཟིགས་ཞིབ་མཇུག་སྒྲིལ་ཁར་རྫོང་གི་ཚན་ཁག་བཞིའི་མགོ་འདྲེན་པ་དང་མི་རིགས་ཆོས་ལུགས་ཁག་གི་མི་སྣ་རེ་རེར་པཎ་ཆེན་གྱིས་སྟེར་ཞེས་པའི་ཡི་གེ་ཕབ་པའི་གསེར་སྨྱུག་དང་སྐུ་པར་ཚོན་ཅན་རེ་གནང་། དགོན་པ་སོ་སོར་སྐུ་པར་ཚོན་ཅན་ཆེ་ཚད་རེ་དང་སྒོར་ཁྲི་གཅིག་གནང་། གཅིག་ནས་བཀའ་དྲིན་ཆེ་ཞུ་བའི་ཐུགས་མཚོན་པ་དང་གཉིས་སུ་མི་རིགས་གྲངས་ཉུང་གི་ས་ཁུལ་དར་ཞིང་རྒྱས་བའི་ཐུགས་སྨོན་ཡག་པོ་གནང་བ་ཀུན་ནས་མཚོན་པའོ།
ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་རེ་ཞིག་དགོངས་བ་ཆོས་དབྱིངས་སུ་ཐིམ་མོད། ཁོང་གི་གསུང་ཚུལ་བཞད་ལུགས་ཕེབས་སྟངས་ཀྱི་སྐུ་བརྙན་ཇི་སྲིད་བར་དུ་དཔའ་རིས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སེམས་སུ་གནས། ཁོང་སྐུ་གཤེགས་པ་ནི་རྒྱལ་ཁབ་ལ་རྒྱལ་གཅེས་རིང་ལུགས་པ་དང་རྒྱལ་དོན་གཉེར་མཁན་རླབས་པོ་ཆེ་ཞིག་མེད་སོང་། བོད་རིགས་མི་དམངས་ལ་གཙོ་འཛིན་ཕུལ་དུ་བྱུང་བ་ཞིག་མེད་སོང་བ་རེད། ཁོང་གི་སྐུ་ཚེ་གང་བོ་ནི་རྒྱལ་གཅེས་ཀྱི་སྐུ་ཚེ་གང་བོ་རེད། ཁོང་གི་མཛད་རྗེས་རླབས་པོ་ཆེ་ཚེ་ཚེ་རབས་རབས་ཏུ་བརྒྱུད་པ་དང་ལོ་རྒྱུས་དེབ་ཐེར་དུ་སུབ་ཏུ་མེད་པར་བཀོད་འདུག
དུས་ཚོད་ཀྱི་ཆུ་རྒྱུན་ནི་སྐད་ཅིག་ཙམ་ཡང་མི་སྡོད་པར་བཞུར་འདུག རིན་པོ་ཆེ་མཆོག་དཔའ་རིས་སུ་ཕེབས་ཏེ་འགྲོ་དོན་མཛད་པའི་ཚུལ་ཡིད་དུ་ཡང་ཡང་དྲན་བྱུང་། ད་ལོ་བར་མི་ལོ་སུམ་ཅུ་སོ་གཉིས་འདས་སོང་། མི་ལོ་སུམ་ཅུ་སོ་གཉིས་རིང་ཁོང་གི་མཛད་པ་ནམ་ཡང་དྲན་བཞིན་འདུག ཁོང་གི་ཤ་ཚ་བའི་བཀའ་སློབ་ནི་ང་ཚོས་བློ་མཐུན་དང་མཐུན་སྒྲིལ་བྱེད་པ། དཀའ་ཁག་སེལ་བ། བྱ་བ་ལེགས་པོ་སྒྲུབ་པར་བརྗེད་མེད་ཀྱི་གཞེན་སྐུལ་ལགས་སོ། །
ས་བཅད་གཉིས་བ། སྐུ་འཁོར་གྱི་མཚན་ཐོ།
པཎ་ཆེན་རིན་པོ་ཆེ་དང་ལྷན་དུ་དཔའ་རིས་སུ་ཕེབས་པའི་སྐུ་འཁོར་གཙོ་བོ་གཤམ་གསལ། ཡབ། ཡབ་གཞིས་གུར་མགོན་ཚེ་བརྟན། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཡུམ། ཡབ་གཞིས་བསོད་ནམས་སྒྲོལ་མ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཡོངས་འཛིན། རྒྱ་ཡག་རིན་པོ་ཆེ། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཨོའོ་ལགས། མགོན་པོ་སྐྱབས། མཚོ་སྔོན་ཞིང་ཆེན་ཞིན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་གི་སྲིད་གྲོས་ཨུ་ཡོན། ལིའུ་ལུང་། རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་གི་འབྲེལ་གཏུག་ཁྲུའུའི་ཁྲུའུ་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་སྒྲིལ་པུའུའི་པུའུ་ཀྲང་། མཱ་ཙུའུ་ལིན། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། འཇམ་དབྱངས་བཞད་པ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ། ཞིང་ཆེན་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ། མཱ་ཕེ་ལེ། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ཨུ། གུང་ཐང་བསྟན་པའི་དབང་ཕྱུག
ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞིན་ཧྲུའུ་ཡུ། བླ་བྲང་དགོན་པའི་བླ་སྤྲུལ་དང་བསང་ཆུ་རྫོང་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ། སྡེ་བ་ཚང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། དོར་ཞི་ཚང་། ཝི་ཝེ་ས་ཁུལ་གྱི་ཧྲུའུ་ཅི་གཞོན་པ། ཀྲུའུ་པིན་ལིན། ཝི་ཝེ་སྲིད་འཛིན་ལས་ཁུངས་ཀྱི་སྲིད་འཛིན། ལི་ཙོ་ཏུང་། ཝི་ཝེ་སྲིད་འཛིན་ལས་ཁུངས་ཀྱི་སྲིད་འཛིན་གཞོན་པ། རྡོ་རྗེ་སྲུང་། ཝི་ཝེ་ཁུལ་ཨུ་འཐབ་ཕྱོགས་གཅིག་སྒྲིལ་པུའུའི་པུའུ་ཀྲང་། ཆི་ཀྲོན་ཝིན། ཝི་ཝེ་ས་ཁུལ་མི་རིགས་ཆོས་ལུགས་ཁྲུའུའི་ཁྲུའུ་ཀྲང་། དབང་ཆེན་དོན་གྲུབ།
ས་བཅད་གསུམ་པ། སྣེ་ལེན་ཞུ་བའི་རྩ་འཛུགས་ལས་ཁུངས།
པཎ་ཆེན་རིན་པོ་ཆེ་སྣེ་ལེན་བྱེད་པའི་རྩ་འཛུགས་ལས་ཁུངས་ཀྱི་མིང་ཐོ། སྣེ་ལེན་ཨུ་ཡོན་ལྷན་ཚོགས། ཀྲུའུ་རིན། རུན་ཡོ་ཆི། ཀྲུའུ་རིན་གཞོན་པ། ལིའུ་ཡན་ལི། སྒྲོལ་མ་སྐྱབས། ཟུར་གཞིས་ཚང་། ཨུ་ཡོན། ཕུར་རྩ་ཆོས་ལྡན། པདྨ་རིག་འཛིན། ཀྲང་ཐེ་ཅི། ཁྱུང་ཚ་ཚེ་ལྷ་སྐྱབས། ཀྲིན་ཏེ་ཝུ། སྐལ་བཟང་། ཀྲང་གོ་ཧྲིན། རྨ་ཀྱ་སྐལ་བཟང་ལེགས་བཤད་རྒྱ་མཚོ། ཞིའུ་ཏེ་ཝིན། ལི་པེ་ལིན། གཞུང་ལས་ཁང་། ཀྲུའུ་རིན། ཀྲིན་ཏེ་ཝུ། ལས་བྱེད་པ། རྟ་མགྲིན། ལི་ཡོ་ཆིན། ཉིའུ་ཅི་ཝིན། ཀྲང་ཝན་པའོ། ཀྲའོ་ལེན་པི། ལིའུ་ཁེ་ཏོན། ཞིའུ་ཝེ་ཁྲིན། མྰ་པིན་ཆི། ལིའུ་ཞིན་ཡོན། ཚོ་ལི་ཞིན། ལི་ཁྲིན་ཡུ། བཀྲོང་ཞང་ལིན། ཀྲང་ཧེའུ། ཞའོ་ཁྲིན་ཧྲན། ཡོ་པོ་ཁྲིན། ལི་ཐེན་ཧྥ། ཞའོ་ཁྲིན་ཏེ། ཝང་ཧེ་ཁྲིན། ཝང་ཀྲོང་ཐོང་། རྩ་འཛུགས་ཚན་ཆུང་། ཏི་ཀྲི་ཁྲིན། དཀོན་མཆོག་སྲུང་། ཀྲིན་ཏེ་ཝུ། ཀྲང་གོ་ཧྲིན། སྔོ་ཁོ་དོན་གྲུབ། བློ་བཟང་ཀུན་དགའ། ཞབས་ཞུ་སྣེ་ལེན་ཚན་ཆུང་། སྒྲོལ་མ་སྐྱབས། སེམས་ཉིད་རྒྱ་མཚོ། དབང་ཆེན་དོན་གྲུབ། སྐལ་བཟང་། མཁོ་སྤྲོད་ཞབས་ཞུ་ཚན་ཆུང་། ལིའུ་ཧྲིན་ཡུ། ལིའུ་ཧྲི་ཡན། ཨ་ཚེ་གཟུངས། སྤྱིའི་འབྲེལ་མཐུད་པ། སྐལ་བཟང་། ཀྲིན་ཏེ་ཝུ། སྔོ་ཁོ་དོན་གྲུབ། ཏཱ་བན་ཕྱོགས་ཀྱི་མགོ་བ། དཀོན་མཆོག་སྲུང་། ཁྱུང་ཚ་ཚེ་ལྷ་སྐྱབས། མཆོད་རྟེན་ཐང་ཕྱོགས་ཀྱི་མགོ་བ། ཏི་ཀྲི་ཁྲོན། དཔའ་རིས་རྫོང་གི་པཎ་ཆེན་ཨུ་ཡོན་ཀྲང་གཞོན་པ་མཆོག་ལ་སྣེ་ལེན་བྱེད་པའི་ཨུ་ཡོན་ལྷན་ཚོགས་ཀྱིས། སྤྱི་ལོ༡༩༨༤ལོའི་ཟླ༡༠བར།
འཕྲོར་བྱུང་གི་ལེའུ། ས་བཅད་དང་པོ། རིགས་ལྡན་དགའ་ཚལ་ཆགས་ཚུལ།
༡༩༨༥ལོའི་ཟླ༧པར་ཀུན་གཟིགས་པཎ་ཆེན་མཆོག་སྔ་ལོར་བཞུགས་སའི་བཀྲ་ཤིས་ཕྱུག་ལུང་གི་རྟ་རྒྱུགས་ཐང་གི་རི་ལྡེབས་སུ་དགོན་པ་ཞིག་བཞེངས་གྲུབ་བྱུང་བ་དེ་ནི་རིན་པོ་ཆེས་དངོས་སུ་མཚན་གསོལ་བའི་རིགས་ལྡན་དགའ་ཚལ་དགོན་ནོ། དགོན་པའི་རྒྱབ་ན་ལྷུན་པོ་ལྟ་བུའི་རྒྱབ་རི་དང་མདུན་ན་གཏེར་བདག་གནས་རིའི་མདུན་རི་གནས་ཤིང་ཕྱུག་ལུང་གཞུང་ཆུ་གཡུ་འབྲུག་སྔོན་མོ་བཞིན་དུ་དགོན་པའི་མདུན་དུ་རྒྱུ་བ། དགོན་པའི་འདུ་ཁང་གི་དབུས་སུ་པཎ་ཆེན་རིན་པོ་ཆེ༨༤ལོར་བཞུགས་པའི་བཞུགས་ཁྲི་དང་ཁྲིའི་ཐོག་ཏུ་རིན་པོ་ཆེའི་སྐུ་པར་ཆེ་ཚད་ཚོན་ཅན་བརྟེན་ཡོད། དཔའ་རིས་མི་དམངས་ཀྱིས་བརྗེད་མི་སྲིད་པ་རེད། ༡༩༨༤ལོའི་ཟླ༩བའི་ཚེས་༡༤དང་༡༥ཉིན་གཉིས་ལ། རྒྱལ་ཡོངས་དམངས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པ། བོད་བརྒྱུད་ནང་བསྟན་གྱི་ཕུལ་དུ་བྱུང་བའི་གཙོ་འཛིན་མཚན་ནས་བརྗོད་པར་དཀའ་བའི་༧པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་མཆོག་གནས་འདིར་ཕེབས་ཏེ་མང་ཚོགས་ལ་བཀའ་ཆོས་བཀའ་སློབ་དང་ཕྱག་དབང་གནང་། འགྲོ་དོན་མཐའ་ཡས་པ་མཛད། ཁོང་གིས་ད་དུང་གནས་འདི་ནས་གོམ་རྟ་སྐྱོད་པ་དང་གླུ་གར་འཁྲབ་སྟོན་ལ་གཟིགས། ཁོང་གིས་དཔའ་རིས་ལ་ཐུགས་དགྱེས་པ་དང་ཐུགས་ཁུར་ཆེན་པོ་གནང་བ་དེས་ཀྱང་དཔའ་རིས་ཀྱི་རིགས་སོ་སོའི་མི་དམངས་ལ་བག་ཆགས་ཟབ་མོ་བཞག རིན་པོ་ཆེ་ཕེབས་ཤིང་བཞུགས་ས་དང་འགྲོ་དོན་མཛད་པར་རྗེས་དྲན་ཞུ་བའི་ཆེད་དུ་བཀྲ་ཤིས་ཕྱུག་ལུང་གི་རོང་འབྲོག་མང་ཚོགས་ཀྱིས་རིན་པོ་ཆེ་བཞུགས་སའི་གནས་དེ་རུ་དགོན་པ་བཞེངས་རྒྱུར་གཏན་ཁེལ་བྱས་པ་ཡིན། རིན་པོ་ཆེ་ཕེབས་སོང་རྗེས། དད་ལྡན་མང་ཚོགས་ཀྱིས་རྒྱུན་མ་ཆད་པར་རིན་པོ་ཆེའི་བཞུགས་གུར་གྱི་མདུན་དུ་བསང་ཕུད་པ་དང་ཕྱག་འཚལ་བ་རེད། སྣེ་ལེན་ཚན་ཆུང་གིས་བཞུགས་གུར་དང་ནང་གི་རྟེན་རྣམས་ཉི་མ་ལྷག་མོ་འགར་འཇོག་རྒྱུའི་ཐག་བཅད། ཉི་མ་བདུན་གྱི་རྗེས་སུ་རྫོང་གིས་རླངས་འཁོར་མངགས་ཏེ་བཞུགས་གུར་དང་རྟེན་རྣམས་འདྲུད་དུ་ཡོང་ཚེ། བཀྲ་ཤིས་ཕྱུག་ལུང་གི་མང་ཚོགས་ཀྱིས་རྟེན་འགངས་ཆེན་འདི་དག་རང་སོར་འཇོག་རྒྱུའི་རེ་བ་ཞུས་ཏེ་གང་ལྟར་བྱས་ཀྱང་དྲུད་དུ་མ་བཅུག རྗེས་སུ་རྫོང་གི་སྣེ་ལེན་ཨུ་ཡོན་ལྷན་ཚོགས་ཀྱིས་གྲོས་བྱས་ནས་ཆོས་དད་མང་ཚོགས་ཀྱི་རེ་འདོད་ལྟར་རིན་པོ་ཆེའི་བཞུགས་གུར་དང་ས་གདན། བཞུགས་ཁྲི། བླ་བྲེ། གདུགས། གསོལ་ཅོག་བཅས་ཆ་ཚང་བཀྲ་ཤིས་ཕྱུག་ལུང་དུ་འཇོག་རྒྱུའི་ཐག་བཅད།
བཀྲ་ཤིས་ཕྱུག་ལུང་གི་མང་ཚོགས་ཀྱིས་རྟེན་འདི་དག་བདག་སྐྱོང་ལེགས་པོ་བྱས། བཞུགས་གུར་གྱི་མདུན་དུ་བསང་ཁྲི་ཆེན་པོ་ཞིག་བཞེངས་ཏེ་རྒྱུན་མ་ཆད་པར་བསང་ཕུད་པ་དང་ཕྱག་འཚལ། མ་འགོར་བར་དད་ལྡན་མང་ཚོགས་སྐོར་གྱིས་དད་པ་དྲག་པོས་ཀུན་ནས་བསླངས་ཏེ་དགོན་པ་ཞིག་བཞེངས་རྒྱུའི་གྲོས་བཏོན་ནས་གྲོས་འཆམས་བྱུང་ཞིང་གྲོས་ཐག་བཅད། མང་ཚོགས་ཀྱིས་སྟོབས་ཚང་ཆོས་འཕེལ་དང་ཤར་ཚང་བཀྲ་ཤིས། འཇམ་དབྱངས་བསྟན་འཛིན། དབང་ཆེན་དོན་གྲུབ་བཅས་བཞེངས་གྲབས་ཚན་ཆུང་དུ་འདེམས་ནས་གྲ་སྒྲིག་བྱས། དང་ཐོག་ཁོ་ཚོས་བདེ་ཆེན་དང་ཕུང་ནག་རིལ། དར་ལུང་གོང་མ་བཅས་ཀྱི་མང་ཚོགས་ནས་ཞལ་འདེབས་བསྡུས། དེ་ནས་དར་ལུང་བར་མ་དང་དཀར་གཞིས་གོང་འགབ། ཚྭ་ཆུ་ཐང་། ཏཱ་བན། ཧོར་ཤུག་ཁྱ། ཐུར་ཆུང་། གཡོན། འབྲུ་གུ་བཅས་ཀྱི་དད་ལྡན་མང་ཚོགས་ཀྱིས་ཚོར་རྗེས་མྱུར་དུ་ཞལ་འདེབས་བྱས། ལོ་ཕྱེད་ཀྱི་རིང་ཁྱིམ་ཚང༥༠༦གྱིས་དངོས་རྫས་སམ་ཤོག་སྒོར་གྱི་ཞལ་འདེབས་བྱས་པ་སྒོར༥༩༢༠༠ཁར་བུད། དེའི་ནང་དུ་འགའ་ཤས་ཀྱིས་ནོར་ལུག་དང་ཤིང་ཆ་སོགས་ཕུལ་འདུག བཞེངས་གྲབས་ཚན་ཆུང་གིས་ཞལ་འདེབས་བསྡུས་ཚུལ་སོགས་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཟུར་གཞིས་ཚང་ལ་ཡར་ཞུ་བྱས་ཤིང་ཁོང་ལ་དགོན་པའི་བཟོ་དབྱིབས་ཀྱང་ཞུས། དགོ་ལུང་རྫོང་གི་ཐུའུ་མོན་གྲོང་རྡལ་གྱི་འཛུགས་སྐྲུན་རུ་ཁག་གིས་བཟོ་སྐྲུན་བྱས། ༡༩༨༥ལོའི་ཟླ༤བ་ནས་བཞེངས་མགོ་བརྩམས་ཤིང་ཟླ༧པའི་ཚེས༢༣ལ(ཧོར་ཟླ་དྲུག་པའི་ཚེས་དྲུག)ལེགས་གྲུབ་བྱུང་། འདུ་ཁང་གྱན་གསུམ། གྲྭ་ཤག་གྱན་དྲུག བསང་ཁྲི་གཉིས་བཅས་བཞེངས། དགོན་པའི་ས་རྒྱ་སྨི་གྲུ་བཞི་མ༦༠༠ཟིན། བཞེངས་གྲུབ་བྱུང་ཉིན་ཟུར་གཞིས་ཚང་གིས་མཛུབ་སྟོན་གནང་སྟེ་པཎ་ཆེན་མཆོག་གིས་བཀོལ་སྤྱོད་གནང་མྱོང་བའི་བཞུགས་ཁྲི་དང་བླ་བྲེ། གདུགས། གསོལ་ཅོག་སོགས་རྟེན་རྣམས་དང་རིན་པོ་ཆེའི་སྐུ་པར་ཆེ་ཚད་ཚོན་ཅན་རེ་རེ་བཞིན་འདུ་ཁང་དུ་དྲངས་ནས་རབ་གནས་མཛད། གནས་སྐབས་པཎ་ཆེན་དགོན་ཞེས་གསོལ། རྗེས་སུ་ཟུར་གཞིས་ཚང་ཆེད་དུ་ལན་ཀྲོའུ་རུ་ཕེབས་ཏེ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་གུང་ཐང་ཚང་ལ་སྙན་ཞུ་ཕུལ་ཏེ་ཁོང་གི་ཐུགས་བཀོད་ལྟར་འདུ་ཁང་ནང་དུ་སྟོན་པའི་སྐུ་དང་རྗེ་སྐུ། འོད་དཔག་མེད་ཀྱི་སྐུ་བཅས་བསྟེན་རྒྱུ་བྱས།
རབ་གནས་མཛད་སྒོའི་ཉིན་པར་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཚོགས་འདེམས་བསྐོ་བྱས། སྟོབས་ཚང་ཆོས་འཕེལ་ཀྲུའུ་རིན་དང་རྨ་མཁའ་འགྲོ་ཚེ་རིང་དང་བ་རུ་ཕྱག་རྡོར་ཀྲུའུ་རིན་གཞོན་པ། འཇམ་དབྱངས་བསྟན་འཛིན། སྟོབས་ཚང་ཕུན་ཚོགས། སྔོ་ཁོ་ཚེ་གཟུངས། མགོན་པོ། རྡོ་རྗེ། ནོར་བུ་བཅས་ཨུ་ཡོན་དུ་བསྐོས། གནས་སྐབས་དེར་ལོ་རེར་ཆོས་ཐོག་ཅུང་ཆེ་བ་གསུམ་འཚོགས་པ་རེད། ཧོར་ཟླ་བཞི་བའི་བཅོ་ལྔ་ནས་ཉེར་གཅིག་བར་གྱི་སྨྱུང་གནས། ཧོར་ཟླ་ལྔ་བའི་ཉེར་ལྔ་ནས་དྲུག་པའི་ཚེས་དྲུག་གི་ལྷ་གསོལ། ཧོར་ཟླ་བརྒྱད་པའི་བཅུ་དྲུག་ནས་བཅུ་དགུ་སྟེ་པཎ་ཆེན་ཕེབས་ཉིན་དྲན་གསོ་བཅས་འཚོགས་པ་རེད། དྲན་གསོར་བླ་མ་མཆོད་པ་དང་མངོན་རྟོགས་རྒྱན། དབུ་མ་འཇུག་པ་བཅས་བཏོན་པ་རེད། ཆོས་ཐོག་སྐབས་མཆོད་རྟེན་ཐང་དགོན་པས་ཨ་ཁུ་མངགས་ནས་ཆོས་ཐོག་འཚོགས་པ་རེད།
༡༩༨༦ལོའི་ཟླ༥བར། ཟུར་གཞིས་ཚང་ཝི་ཝེ་ས་ཁུལ་གྱིས་རྩ་འཛུགས་བྱས་པའི་དཔའ་རིས་བོད་རང་སྐྱོང་རྫོང་གི་པེ་ཅིན་དུ་ཡར་ཞུ་བྱེད་པའི་ཚན་ཆུང་དུ་ཞུགས་ནས་པེ་ཅིན་དུ་སོང་སྟེ་པཎ་ཆེན་རིན་པོ་ཆེར་དགོན་པ་བཞེངས་ཚུལ་དང་ནང་རྟེན་བཞེངས་རྒྱུའི་སྐོར་སྙན་ཞུ་ཞུས་ཤིང་རིན་པོ་ཆེར་རྟེན་གྱི་གཟུངསགཞུག་གནང་བའི་རེ་བ་ཞུས། རིན་པོ་ཆེས་གནས་ཚུལ་ཞིབ་ཏུ་བཀའ་འདྲི་གནང་། ཟླ༥བའི་ཚེས༢༥ཉིན་རིན་པོ་ཆེས་ཐུགས་མཉེས་བའི་ངང་སྐུ་འདྲ་ཆུང་བ་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་ན་བཟའ་བཞག་ཡོད་པའི་ཁུག་མ་ཞིག་གནང་བྱུང་། ཟུར་གཞིས་ཚང་པེ་ཅིན་ནས་ཕྱིར་ཐོན་རྗེས། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་རྡོ་རྗེ་ཁྲིད་དེ་བླ་བྲང་དུ་ལྷ་སྐུ་བཞེངས་རྒྱུར་ཞལ་མངགས་གནང་། གུང་ཐང་ཚང་གིས་ཞལ་བཀོད་ལྟར་ཤུག་པའི་སྟོན་སྐུ་དང་རྗེ་སྐུ། འོད་དཔག་མེད་ཀྱི་སྐུ་བཅས་བཞེངས་ཤིང་གཟུངས་གཞུག་ཕུལ། དེ་ནས་སྐུ་འབུམ་དང་ཁམས་ལི་ཐང་ནས་ཡུམ་འབུམ་པ་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་ཆོས་པོ་ཏི་དྲུག་བཅུ་དང་མ་ཎི་འཁོར་ལོ་སོགས་བླུས་ཡོང་།
༡༩༨༧ལོའི་ཟླ༢པའི་ཚེས༢༨ཉིན། ཟུར་གཞིས་ཚང་དང་རྨ་ཀྱ་ཚང་པེ་ཅིན་དུ་ནང་བསྟན་མཐུན་ཚོགས་སྐབས་ལྔ་བའི་འཐུས་མི་ཚོགས་འདུར་ཞུགས། རིན་པོ་ཆེའི་དྲུང་ཡིག་ཆེན་མོར་ཐུག་ནས་དགོན་པ་བཞེངས་གྲུབ་ཀྱི་གནས་ཚུལ་ཞུས་ཤིང་རིན་པོ་ཆེས་དགོན་པར་མཚན་བཏགས་གནང་རྒྱུའི་རེ་བའང་ནན་གྱིས་ཞུས། ཕྱི་ཉིན་རིན་པོ་ཆེ་དྲུང་ཡིག་ཆེན་པོ་དང་ལྷན་དུ་ཚོགས་འདུར་ཕེབས། རིན་པོ་ཆེ་རྨ་ཀྱ་ཨ་ལགས་ཀྱི་མདུན་དུ་ཕེབས་སྐབས་དྲུང་ཡིག་གིས་འདི་ནི་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རང་སྐྱོང་རྫོང་གི་འཐུས་མི་རེད། ཁོང་ཚོས་གསར་དུ་བཞེངས་བའི་པཎ་ཆེན་དགོན་ལ་མཚན་བཏགས་གནང་རྒྱུའི་རེ་བ་ཞུ་བཞིན་འདུག་ཅེས་ཞུས། རིན་པོ་ཆེས་ཐུགས་བསམ་ཅུང་གནང་ནས་རིགས་ལྡན་དགའ་ཚལ་ཟེར་ཞེས་གསུངས་བྱུང་། དྲུང་ཡིག་ཆེན་མོས་དེ་མ་ཐག་ཡི་གེར་ཕབ་ཏེ་རྨ་ཀྱ་ཚང་ལ་སྟེར། ཕྱིར་ལོག་རྗེས་ཨ་ལགས་རྨ་ཀྱ་ཚང་གིས་པཎ་ཆེན་རིན་པོ་ཆེས་གནང་པའི་དགོན་པའི་མཚན་བྱང་ཡི་གེ་ཆེ་ཚད་ཅིག་ཏུ་བྲིས་ཏེ་ཤེལ་སྒོར་སྤྲད་ནས་དགོན་པར་བསྐྱལ། དགོན་པས་འདུ་ཁང་གི་སྒོ་ཀླད་དུ་བསྐྱོན།
དགོན་པ་བཞེངས་བར་རྒྱ་ཆེ་བའི་དད་ལྡན་མང་ཚོགས་ཀྱིས་དད་པ་ཆེན་པོས་ཕྱོགས་བསྡོམས་ལྟར་ན་སྒོར་ཁྲི་དྲུག་ལྷག་གི་ཞལ་འདེབས་ཕུལ་བྱུང་། རྫོང་གིས་སྒོར་སྟོང་དང་སུམ་བརྒྱ་སྟེར་བ་ལས་གཞན་ཚང་མ་མང་ཚོགས་ཀྱིས་ཕུལ་བ་རེད། ཤར་ཚང་བཀྲ་ཤིས་སོགས་ཁྱིམ་ཁ་བཅུ་ལྷག་གིས་སྒོར་སྟོང་ཡན་གྱི་ཞལ་འདེབས་ཕུལ། འགའ་རེ་ཉིས་སྟོང་ཁར་བུད། སྐུ་འདྲ་གསུམ་གྱི་བླུ་ཡོན་དྲུག་སྟོང་བདུན་བརྒྱ་ལྷག་ཚང་མ་བ་རུ་ཚེ་བརྟན་དང་དཀོན་མཆོག སྒྲོལ་མ་ཚེ་རིང་། མགོན་པོ་བཅས་མི་བཅུས་ཕུལ་བ་རེད། ཤར་ཚང་བཀྲ་ཤིས་ཀྱི་ཞལ་འདེབས་ཕུལ་བ་ཕུད་ད་དུང་སྒོར་བདུན་བརྒྱ་ལྔ་བཅུ་ཕུལ་ཏེ་ལི་ཐང་ནས་ཡུམ་འབུམ་པ་པོ་ཏི་བཅུ་གཉིས་ཅན་བླུས།
རིགས་ལྡན་དགའ་ཚལ་དགོན་བཞེངས་པས་རྒྱ་ཆེ་བའི་དད་ལྡན་མང་ཚོགས་ལ་ཚོགས་གསོག་པའི་ཞིང་ཞིག་བཞེངས་པ་མ་ཟད། རིགས་སོ་སོའི་མི་དམངས་ལ་ཕྱག་སྐོར་གྱི་གནས་མཆོག་ཅིག་བསྐྲུན་པ་རེད། དུས་ཆེན་སོགས་སུ་ཐོན་པ་ན་རིགས་ལྡན་དགའ་ཚལ་དུ་བསང་དུད་སྤྲིན་ལྟར་འཕྱུར་བ་དང་མཆོད་མེ་ཁྲ་ལམ་མེར་གསལ་ལ་ཕྱག་སྐོར་བ་རྒྱུན་ཆད་མེད་པར་འདུག གནས་འདིར་ཐོན་མ་ཐག་དད་པའི་སྤུ་ལོང་དབང་མེད་དུ་གཡོ་བ་ཞིག་ཏུ་གྱུར།
ས་བཅད་གཉིས་པ། པཎ་ཆེན་རིན་པོ་ཆེ་གདན་འདྲེན་ཞུས་ཚུལ།
མཆོད་རྟེན་ཐང་གི་དགུང་ལོ༨༣བཞེས་པའི་བློ་གྲོས་མཁྱེན་རབ་ཚང་གིས་བྲིས་པའི་ཟིན་ཐོ་འདི་ལྟར་སྟེ། རབ་བྱུང་བཅུ་དྲུག་པའི་ཆུ་མོ་ཕག་ལོའི་ཟླ༨པའི་ཚེས་༡༦ཉིན༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གདན་ཞུ་ལ། མཆོད་རྟེན་ཐང་གི་ཇག་རུང་གྲྭ་རྒྱུན་གྱི་གོ་ཀྱཱ་དཀའ་བཅུ་བློ་གྲོས་གྲགས་པ་དང་སྟོབས་ཚང་གི་དགེ་སློང་བློ་གྲོས་མཁྱེན་རབ་གཉིས་དང་། སྟོབས་ཚང་ཚོ་བའི་བསམ་གྲུབ་སོགས་གྱིས་བསྐུལ་མ་བྱས་ནས། མ་ཁྱེ་སངས་རྒྱས་སྲུང་དང་ལི་བཀྲ་ཤིས་གཉིས་བཅས་མི་བཞི་བོ་དེའི་ཉིན་ལན་ཀྲོའུ་ལ་ཐོན། ཕྱི་ཉིན་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐོན། དེའི་ཕྱི་ཉིན་ལོན་བླངས་ཚེ་རིན་པོ་ཆེ་རྨ་ཆུ་སོགས་འབྲོག་ཕྱོགས་ལ་གཟིགས་རྟོག་ལ་ཕེབས་སོང་ཟེར། དེ་ནས་དགོན་པར་མཇལ་སྐོར་བྱས་ཤིང་ཀུན་མཁྱེན་འཇམ་དབྱངས་བཞད་པ་པའི་གཟིམས་ཆུང་དུ་པཎ་ཆེན་རིན་པོ་ཆེའི་བཞུགས་མལ་སོགས་མཇལ། ཚེས་༡༩ཉིན་གཙོས་ལ་ཕེབས་རྒྱུ་རེད་ཟེར། དེ་ནས་བླ་བྲང་ན་སྔར་བཞུགས་ཡོད་པའི་རྡོ་རམས་པ་ངག་དབང་བཤད་སྒྲུབ་ཞུ་བ་དེ་བཞུགས་ཡོད་སར་འཚམས་འདྲི་ལ་སོང་། ཕྱི་ཉིན་བཅུ་དགུ་ལ་གཙོས་ལ་སོང་། ཚངས་བ་བློ་གྲོས་ཀུན་དགའ་ཡོད་སར་སོང་། ཁུལ་སྣེ་ལེན་ཁང་གི་སྒོར་སུའུ་པེ་སོགས་ཀྱི་མཇལ་བ་མང་པོས་བསྒུགས་ཡོད། གཞན་ཕྱོགས་ཀྱི་འབྲོག་པ་མང་ཚོགས་བསུ་བར་འགྲོ་མི་མང་པོ་ཡོད། ངེད་ཅག་ཀྱང་དེར་སོང་ནས་བསྒུགས། ཕྱི་དྲོ་དུས་ཚོད་༨་མཇལ(འདས)། རིན་པོ་ཆེ་ལམ་དུ་ཐབ་བསུ་མང་སྟབས་དེའི་མཚན་མོརགཙོས་ལ་ཕེབས། ཕྱི་ཉིན་ཉི་ཤུའི་ཉིན་ཚངས་བ་བློ་གྲོས་ཀུན་དགས་ཨ་པ་ཨ་བློ་ལ་འབྲེལ་བ་བྱས་ཏེ་གུང་ཐང་ཚང་ལ་ཞུས། གུང་ཐང་ཚང་གིས་༧པཎ་ཆེན་རིན་པོ་ཆེར་ཞུས། ཉིད་ཀྱིས་ཕྱི་དྲོའི་དུས་ཚོད་གཉིས་དང་ཕྱེད་ཀྱི་དུས་ཤོག་གསུངས། དེ་དུས་དཀའ་བཅུ་བློ་གྲོས་གྲགས་པ། སྟོབས་ཚང་བློ་གྲོས་མཁྱེན་རབ། རྨ་སངས་རྒྱས་སྲུང་། ལི་བཀྲ་ཤིས། ཀུན་དགའི་བུ་དོན་གྲུབ་ཚེ་རིང་བཅས་ངེད་ཅག་མི་ལྔ་སོང་། ཨ་ལགས་མགར་རྩེ་ཚང་གིས་སྐུ་མདུན་དུ་ཁྲིད་དེ་སོང་། པཎ་ཆེན་རིན་པོ་ཆེའི་སྐུ་མདུན་དུ་གུང་ཐང་ཚང་བཞུགས་ཡོད་པས་མཚམས་སྦྱོར་གནང་། ང་ཚོས་ཕྱག་འཚལ་བ་དང་ཁ་བཏགས་ཕུལ་ཏེ་མཇལ་ཁ་ཞུས། དེ་མོད་ལ་གདན་འདྲེན་གྱི་སྙན་ཞུ་དཀའ་བཅུ་བློ་གྲོས་གྲགས་པས་ཁ་བཏགས་ཤིག་ཕུལ་ཏེ་ཞུས། རིན་པོ་ཆེའི་ཞལ་ནས་ད་ལོ་ཁོམ་པ་མེད། ཕྱིས་སུ་ཏུན་ཧོང་ལ་འགྲོ་སྐབས་ཕེབས་ཞེས་ཞལ་བཞེས་ལེགས་པོ་གནང་སོང་། ཡང་ཉིད་ཀྱིས་ཁྱེད་ཚོའི་ས་ཆ་དེའི་མང་ཚོགས་ཀྱི་འཚོ་བ་ཇི་འདྲ་རེད་ཅེས་གསུངས། བདག་གིས་སྔོན་ཆད་ལ་བལྟས་ན་ལོ་འདི་འགར་འཚོ་བ་ཇེ་བཟང་འགྲོ་གི་སྣང་ཞེས་ཞུས། རིན་པོ་ཆེ་མཆོག་གིས་ཉིད་ཀྱི་པར་གསུམ་དང་ཐུབ་དབང་གི་སྐུ་རེ་བཅས་རྟེན་སྐལ་དུ་གནང་། ཤིང་བྱི་ལོའི་ཟླ༨པའི་ཟེས༡༩ཉིན་པཎ་ཆེན་རིན་པོ་ཆེ་རྟེན་འབྲི་རྫོང་ལ་ཕེབས། དེའི་ཉིན་ཇག་རུང་བཀྲ་ཤིས་ཕྱུག་ལུང་ཐང་དུ་ཕེབས་སྐབས་མཆོད་རྟེན་ཐང་གཙོ་བྱས་བའི་རང་རྫོང་ཁོངས་དགོན་པའི་སེར་མོ་བ་རྣམས་དང་ཀན་ཆེན་དགོན་པའི་སེར་མོ་བ་རྣམས་བཅས་ཀྱིས་བསུ་བ་སེར་ཕྲེངདུང་རྒྱ་གླང་ཕན་བླ་རེ་མཆོད་རྡུང་བཅས་དང་མི་སྐྱ་དག་གིས་བསང་དུད་དང་སྐྱ་བསུ་བཅས་བྱས། །
སྤྱི་ལོ་༢༠༡༧ལོའི་དགུན་ཁར། དཔའ་རིས་རབ་རྒྱས་སུ་བསྒྱུར་བསྒྲིགས་བྱས་པ་དགེ་འོ། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn