རྗེ་བཙུན་འཇིགས་མེད་དཔལ་ལྡན་རྒྱ་མཚོ་མཆོག་གིས་སྒྱིས་ཚང་དགོན་དུ་གནང་བའི་ཞལ་གདམས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-08-16 21:21:15     རྩོམ་པ་པོ།   སྒྲ་བཤུས་པ་སྒྱིས་ཚང་ཤེས་རབ།    ཀློག་ཐེངས།  

༄༅། །བཀའ་དྲིན་གསུམ་ལྡན་གྱི་བླ་མ་རྗེ་བཙུན་འཇིགས་མེད་དཔལ་ལྡན་རྒྱ་མཚོ་མཆོག་གིས་སྒྱིས་ཚང་དགོན་དགའ་ལྡན་ཆོས་འཕེལ་གླིང་དུ་གནང་བའི་ཞལ་གདམས་བདུད་རྩིའི་ཐིགས་འཕྲེང་ཡི་གེར་ཕབ་པ་འདི་ཕྱིར་དགེ་བའི་འཇུག་ངོགས་ཞེས་བྱ་བ།


སྒྲ་བཤུས་པ་སྒྱིས་ཚང་ཤེས་རབ།


འོ་ལགས་སོ། །རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ཞལ་ནས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་འགྲུབ་འཐོབ་པར་འགྱུར་བ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་གསུངས་པ་ལྟར། རང་ཅག་རྣམས་ངན་སོང་ནས་མི་ལུས་རིན་པོ་ཆེ་ཐོབ་པ་ཡིན་པ་དང་། མི་ལུས་རིན་པོ་ཆེའི་ནང་ནས་ཀྱང་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་ཆོས་བཅོ་བརྒྱད་པོ་དེ་རང་ཅག་གཅིག་པུ་ལ་ཚང་བ་ཡིན་པ་དང་། དེའི་སྟབས་ཀྱིས་འདི་ཧ་ཅང་གིས་རྙེད་དཀའ་བ་ཡིན། རྙེད་ན་དོན་ཆེ་བ་ཡིན་ཞེས་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་དང་མཉམ་མེད་ཇོ་བོ་ཡབ་སྲས་ཀྱི་ཞལ་གདམས་ཟབ་མོ་རེད། ལམ་རིམ་ཆེ་ཆུང་སོགས་ན་རྒྱ་ཆེན་པོ་གསུངས་པ་དེ་འདྲ་རེད། 

ཡང་འདི་ཚོའི་ཁུངས་གཏུགས་ས་བོ་གང་རེད། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་གདམས་ཟབ་མོ་རྒྱ་གར་འཕགས་པའི་ཡུལ་ནས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་བསླབ་སྤྱོད་གཉིས་ཀ་གསུངས་པ་རེད། 

འདི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་མངོན་སུམ་དུ་གཟིགས་ནས་གསུངས་པ་དེ་ཉིད་ཡི་གེར་བཀོད་ནས་སྤྱོད་འཇུག་གསུངས་པ་ལྟ་བུ་དེ་འདྲ་ཞིག་རེད། ཡང་དེ་རྗེ་བཙུན་འཇམ་པའི་དབྱངས་ནས་བརྒྱུད་པའི་རྒྱ་ཆེན་སྤྱོད་རྒྱུད་ཀྱི་ལམ་རིམ་དེ་ཡང་ཁོངས་སུ་འདྲེན་པ་རེད། བྱིན་རླབས་ཆེ་བའི་སྟབས་ཀྱིས་དེར་འགྲེལ་ཅུང་ཟད་ཙམ་བརྒྱབ་ནས་ལམ་རིམ་གྱི་བཤད་པ་ཅུང་ཙམ་རེ་བྱེད་ཀི་ཡོད་པ་རེད། 

བཀའ་ཆོས་གནང་མཁན་ཚོ་བཤད་རྒྱུ་ཡོད་ནི་ཚོས་ཅིག་བཤད་ཁུལ་བྱེད་ཀོ་ནི་རེད། བཤད་རྒྱུ་མེད་ནི་ང་འདྲ་འདྲ་ཅན་པོས་ལྡ་རི་ལྡུ་རེ་བྱས་ཏེ་ཅིག་འདོན་ཁུལ་བྱས་ནས་འགྲོ་བཞིན་ཡོད་པ་རེད། ཡང་དགོན་པ་བཀྲ་ཤིས་འཁྱིལ་བ་ཚང་གི་ཕྱག་བཞེས་ཟབ་མོ་རེད། དེའི་ལད་མོ་བྱེད་ཀྱིན་ཡོད་ནི་རེད། 

དེས་ན་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་རྟེན་བཟང་རིན་པོ་ཆེ་འདི་རྙེད་དཀའ་བ་དང་རྙེད་ན་དོན་ཆེ་བ་ཡིན་པ་འདི། ཤིན་ཏུ་རྙེད་པར་དཀའ་བ་རེད་ཅེས་གསུངས་ཤིང་རྒྱུ་ངོ་བོ་དཔེ་གསུམ་གྱི་སྒོ་ནས་རྙེད་དཀའ་བ་རེད། དེའི་ནང་ནས་རྒྱུའི་སྒོ་ནས་རྙེད་དཀའ་བ་རེད་གསུངས། 

རྒྱུའི་སྒོ་ནས་རྙེད་དཀའ་བ་འདི་མ་འོངས་པ་འདང་རྒྱག་དགོས་པ་རེད། རྒྱུའི་སྒོ་ནས་རྙེད་དཀའ་བ་ཡིན་ནོ་མི་ལུས་རིན་པོ་ཆེ་འཐོབ་བྱེད་ཀྱི་རྒྱུ་སྒྲུབ་ཀི་མེད་ཀི་ཞེས་གསུངས་པ་རེད། ཚུལ་ཁྲིམས་རྣམ་པར་དག་པའི་གཞི་བཟུང་། སྦྱིན་པ་ལ་སོགས་པས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་བ་ལ་བརྟེན་ནས་མི་ལུས་རིན་པོ་ཆེ་འཐོབ་དགོས་པའི་སྟབས་ཀྱིས། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད་ཅེས་དཔལ་ལྡན་ཟླ་བ་གྲགས་པས་གསུངས་པ་དེ་འདྲ་བ་རེད། དེའི་སྟབས་ཀྱིས་རྙེད་དཀའ་བ་རེད། 

མ་འོངས་པར་འདང་ཞིག་རྒྱོབས། འུ་ཅག་ལ་ད་ལྟ་མི་ལུས་ཐོབ་ཡོད་མོད་མ་འོངས་པ་ན་ཡང་རང་ཅག་དགེ་ཚུལ་སློང་ཚོས་སྡོམ་པ་གསུམ་གྱི་བཅས་པ་འདི་ཁས་བླངས་ནི་རེད་མོད། འུ་ཅག་ཁས་ལེན་རྒྱུར་དགའ་ནི་ཅན་པོ་བསླབ་པ་སྲུང་རྒྱུར་མི་དགའ་ནི་ཅན་པོ་དེ་འདྲ་ཞིག་ཡིན་པ་རེད། དེའི་སྟབས་ཀྱིས་སོ་ཐར་གྱི་སྡོམ་པ་ཡང་མཁན་སློབ་སོགས་ཀྱི་སྤྱན་སྔར་ཁས་བླངས། སྔགས་ཀྱི་སྡོམ་པ་ཡང་སློབ་དཔོན་གྱི་མདུན་དུ་ཁས་བླངས། དེ་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་སློབ་དཔོན་གྱི་མདུན་དུ་ཁས་བླངས། སོ་ཐར་གྱི་སྡོམ་པ་ལྟ་བུ་ལ་མཚོན་ན་ཁྲིམས་ཉིས་བརྒྱ་ང་བཅུ་རྩ་གསུམ་ལ་སོགས་པ་བསྲུང་བར་ཁས་བླངས་པ་དེ་ལྟར་བྱས་པ་རེད། བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་། ཐེག་པ་ཆེན་པོའི་མགོན་དགེ་བའི་བཤེས་གཉེན་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་གདུང་འཚོབ་དམ་པ་རེད་སྐུ་ཚབ་རེད། དེའི་མདུན་དུ་ཁས་བླངས་པ་རྩ་ལྟུང་བཅོ་བརྒྱད་དང་ཉེས་བྱས་ཞེ་དྲུག་ཡོད་ཀི  འུ་ཚོས་ཁས་ལེན་རྒྱུ་ཧ་ཅང་མང་བོ་ཡོད་པ་རེད། 

ཡང་སྡོམ་པ་ཉི་ཤུ་བ་ལས་གསུངས་པའི་རྩ་ལྟུང་བཞི། ནམ་མཁའི་སྙིང་བོའི་མདོ་ལས་གསུངས་པའི་རྩ་ལྟུང་བཅུ་གསུམ། ཐབས་ལ་མཁས་པའི་མདོ་ལས་གསུངས་པའི་རྩ་ལྟུང་གཅིག་སྟེ་རྩ་ལྟུང་བཅོ་བརྒྱད། ཉེས་བྱས་ཞེ་དྲུག་ལ་སོགས་པ་ཕྱིན་དྲུག་གི་མི་མཐུན་ཕྱོགས་དེ་ཚོ་རིགས་ཀ་ད་ལྟ་ནས་མི་བྱེད་ཅེས་ཁས་བླངས་པ་རེད། 

ཡང་རང་ཅག་གི་སེམས་ལ་བརྟག་དཔྱད་བྱས་ནས་ཕྱི་མ་གར་སྐྱེས་རང་གི་སེམས་ལ་ཐུག་ཅེས་གསུངས་པས། སྔ་མ་གར་སྐྱེས་རང་གི་ལས་ལ་ལྟོས། །སྐྱེས་པ་སྔོན་མ་དྲིན་ཅན་པོས་བསམ་གྱིས་མི་ཁྱབ་པ་བྱས་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུངས་ཁ་བླངས་ནས་མི་ལུས་རིན་པོ་ཆེ་ཐོབ་ཡོད་པ་འདི་རེད། དེ་ནས་ཡང་སྔགས་ཀྱི་སྡོམ་པ་ཁས་བླངས་ནས་རྩ་ལྟུང་བཅུ་བཞི་སྦོམ་པོ་བརྒྱད་དང་བཅུ་ལ་སོགས་པ་བསྲུང་རྒྱུ་ཡིན་ཞེས་ཁས་བླངས་པ་རེད།

གཙོ་བོ་སྡོམ་པའི་སྟེང་ནས་ལམ་རིམ་གྱི་རྟོགས་པ་ཞིག་སྐྱེ་ན་མི་སྐྱེ་ན་མདོ་སྔགས་གཉིས་ཀྱི་གང་གི་རྟོགས་པ་ཞིག་རྒྱུད་ལ་སྐྱེ་ན་མི་སྐྱེ་ན་རང་གི་སྡོམ་པ་དང་ཚུལ་ཁྲིམས་ཀྱི་སྟེང་ན་ཡོད་པ་རེད། དེའི་སྟབས་ཀྱིས་རྗེ་ཐམས་ཅད་མཁྱེན་པས་འདི་ཚོ་བསྡོམས་དང་ནས། དེ་ཚེ་དངོས་གྲུབ་རྣམ་གཉིས་འགྲུབ་པའི་གཞི། །རྣམ་དག་དམ་ཚིག་སྡོམ་པར་གསུངས་བ་ལ། །བཅོས་མ་མིན་པའི་ངེས་པ་རྙེད་གྱུར་ནས། །སྲོག་དང་བསྡོས་ཏེ་རྟག་ཏུ་སྲུངས་ཞེས་གསུངས་པ་རེད། དེ་ཚོ་ཧ་གོ་དགོས་པ་རེད། ཡང་རང་གི་རྒྱུད་ཀྱི་སྡོམ་ཁྲིམས་ཅང་མ་རེད་ཐང་ཞིག་ན་དངོས་གྲུབ་ལེན་སྤྱད་ཡོད་ཁུལ་འདྲ་འདྲ། 

ཡང་གྲོང་བ་ཚོ་ཡིན་ནའང་མི་དགེ་བཅུ་སྤོང་གི་སྡོམ་པ་སྟེ། ལུས་ཀྱི་ལས་ནི་རྣམ་པ་གསུམ། །ངག་གི་རྣམ་པ་བཞི། ཡིད་ཀྱི་རྣམ་པ་གསུམ་པོ་དེ་སྲུང་དགོས། དེའི་སྟེང་ཆོས་རྒྱལ་སྲོང་བཙན་སྒམ་པོས་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅས་ཏེ། ལོ་ལོན་ཚོར་བརྩི་འཇོག་བྱེད་རྒྱུ། བཀུར་བསྟི་བྱེད་རྒྱུ། ཕ་མར་བརྩི་བཀུར་བྱེད་རྒྱུ། ཆེ་ཆུང་གི་འགྲོ་སྟངས་འདུག་སྟངས་ཡོད་རྒྱུ། དབང་བཀའ་ཆོས་ཤིག་ལ་ཡོང་ནའང་ལོ་ལོན་ཚོ་སྔུན་ཚོར་བཞག རྒད་པོ་ལོ་ལོན་རིགས་ཀ་སྔུན་ལ་འཇོག་རྒྱུ་དེ་མོ་དེའང་ཤེས་ཀྱིན་མི་འདུག་མོད། རང་ཚོད་ཚོད་ལ་འཚང་རྒྱག་བྱས་པ་འགྲོ་སྟངས་འདུག་སྟངས་མེད་པས་རེད། ལོ་ལོན་ཚོ་སྔུན་ཚོར་བཞག་དེ་ནས་འཕྲོར་ཨ་ཡེ་ཚོ་ལྟག་ག་ནས་བསྡད། དེ་འདྲ་བྱེད་ཤེས་ཀྱི་མེད་ཀི་མོད། ཨ་ཡེ་ཚོས་དེང་སང་བསམ་ནོ་འདོད་ནོ་བྱེད་ཀི་ཡོད་ནོ་བཟང་ནི་མ་རེད། རྒན་གཞོན་གྱི་བརྩི་འཇོག་ཡོད་ན་བཟང་ནི་རེད། དེ་ནས་ལོ་ལོན་ཚོའི་ཁ་ལེན་དགོས། རྒན་རྒོན་ལོ་ལོན་ཚོས་ཀྱང་ཁ་བརྡ་བསླབ་བྱ་གཏོང་དགོས། ངན་མི་(རྩོབ)སློབ་རྒྱུ། ཉེ་རིང་ཆགས་སྡང་གི་སྐད་ཆ་མང་བོ་མི་བཤད་རྒྱུ། འཇིག་རྟེན་འཁོར་བ་ད་བར་དུ་བསྐྱངས་ནི་རེད། ལོ་ལོན་དུས་སྡེ་བའི་སྡེ་དོན་ཁྱིམ་མཚེས་གཡས་གཡོན་ལ་བྱམས་རྒྱུ་འདི་ཚོ་ཐམས་ཅད་པོ་ཁ་བརྡ་བྱེད་དགོས། སྔོན་གྱི་འགྲོ་སྟངས་འདུག་སྟངས་འདི་མོ་ཡིན་ནོ། སྡེ་བ་དང་ཁྱིམ་ཚང་གི་འགྲོ་སྟངས་འདུག་སྟངས་གན་མོ་ཡིན་ནོ་སོགས་ཁ་བརྡ་བྱེད་དགོས།

དེ་བཤད་རྒྱུ་ལས་ཉ་ཉོག་ཉེ་རིང་ཆགས་སྡང་གི་སྐད་ཆ་ཏག་ཏག་བཤད། ད་ལོ་ལོན་རག་བར་ཏུ་ཁྱིམ་ཚང་གི་དོན་དག་ལ་འཐམས་ནས་ཡོང་ནི་རེད། ད་ཁྱོས་ཅིག་འཁྱོངས་ཡོད་ན་འཁྱོངས་ཡོད་ནི་རེད། ལོ་ལོན་དུས་དེའི་དུས་ཚོད་ཡིན་ནི་མ་རེད། སྡེ་བར་བྱམས་དགོས་ཚུལ། ཁ་འཆམ་གྲོས་འགྲིག་བྱེད་རྒྱུ། སྡེ་བར་བརྩི་བཀུར་བྱེད་རྒྱུ། སྡེ་བའི་དོན་དག་ལ་ཤུ་རེ་བྱེད་རྒྱུ། མ་མཐའ་ཡང་སྡེ་བ་གཅིག་པུ་ལ་བསམ་དགོས། བཟང་བོ་ཞིག་ཡིན་ན་ས་ཕྱོགས་ལ་འདང་རྒྱག་དགོས། དེའི་བཟང་ཞིག་ཡིན་ན་བོད་གངས་ཅན་གྱི་ལ་རྒྱ་འཛིན་དགོས།

 ཡང་བོད་གངས་ཅན་གྱི་ལ་རྒྱ་འཛིན་དགོས་ཞེས་རྡུང་རེས་རྒྱབ་རང་གི་རུ་སྡེ་བ་ཕན་ཚུན་བར་ཕྱོགས་རིས་བཤད། དེའི་དོན་དག་ལ་མི་གསད། དགོས་མི་དགོས་སར་ལུང་བ་ཕུ་རུང་འདྲ་རེ་བརྩད། དེ་འདྲའི་མདོ་རྩ་མེད་པ་ལས་ན་ལ་རྒྱ་བཟུང་བ་མ་རེད། 

དེ་ནས་སློབ་གྲྭ་བ་ཚོར་ཁ་བརྡ་བྱེད་དགོས། རང་གི་འགྲོ་སྟངས་འདུག་སྟངས་ཐམས་ཅད་ལ་ཁ་བརྡ་བྱ་རྒྱུ། བོད་ཆོས་ལྡན་གྱི་ཞིང་ཁམས་ཡིན་པས་སྐྱབས་འགྲོ་རེ་འདོན་དགོས་ཚུལ། འཕགས་པ་སྤྱན་རས་གཟིགས་ང་ཚོའི་ལྷ་སྐལ་ཡིན་ཚུལ། ནངས་དུས་སྔ་མོར་སྐྱབས་འགྲོ་རེ་འདོན་དགོས་ཚུལ་སོགས་ཁ་བརྡ་བྱ་དགོས། དེ་ནས་སློབ་གྲྭའི་ནང་ནས་ཡོན་ཏན་ཅུང་ཙམ་རེ་བསླབས་རྗེས་ཕྱིར་ཡོང་ནས་ཕ་མའི་ཁ་མི་ལེན་པ། ཕྱིར་ལན་སློག་ནའང་རྒྱ་སྐད་བོད་སྐད་བསྲེས་མ་བཤད་དེ་ཉམས་སང་རྒྱག་ཁུལ་བྱས། ད་དེ་འདྲ་མང་ནི་རེད། དེ་ཚོ་ལ་ཁ་བརྡ་མ་བྱས་པའི་སྟབས་ཀྱིས་རེད། ཞང་སོ་སོའི་ནང་ན་སློབ་གྲྭ་ཡོད་ཀི། དགེ་རྒན་རྣམ་པས་ཁ་བརྡ་བྱ་དགོས་ནི་རེད། བརྩི་འཇོག་བྱེད་དགོས་ཚུལ། རྒྱལ་ཁབ་ཀྱི་སྒྲིག་ལམ་བརྩི་དགོས་ཚུལ། རང་གི་ཁྲིམས་སྲུང་དགོས་ཚུལ། རང་ཉིད་ཆོས་ལྡན་གྱི་ཞིང་ཁམས་ན་ཡོད་དུས་སྲོག་བཅད་ན་མི་བཟང་ཚུལ། ལོག་གཡེམ་དང་རྐུ་རྫུན་ཕྲ་མ་ཚིག་རྩུབ་ངག་ཀྱལ་བརྣབ་སེམས་གནོད་སེམས་ལོག་ལྟ་བཅས་བྱས་ན་མི་བཟང་ཚུལ་བཤད་དགོས་ནི་རེད། 

དེ་ནས་རང་གི་བྱིས་པ་ཚོ་ཡར་མངགས་མར་མངགས། ཞི་མོ་ཚོ་རྒྱའི་ནང་ལ་མངགས། རྒྱའི་གྲལ་ནས་ངན་རྣམ་པ་སྣ་ཚོགས་བསླབ་ནས་ད་དཀྲུགས་ཀི་ཡོད་ནི་རེད། ཐམས་ཅད་པོའི་རང་གི་མགོ་སྔས་ས་གཏད་ས། ཕྱག་དད་པས་འཚལ་ས་དགོན་པ་འདི་རེད་མོད། དགོན་པ་འདིས་རང་གི་ཡུལ་བ་ཚོར་ཁ་བརྡ་བསླབ་བྱ་བཏང་བ་མི་བཟང་བས་རེད། ཁྱེད་དཔོན་གཡོག་ཚོས་ཤེས་ཀི་མོད་ཁ་བརྡ་བསླབ་བྱ་མི་གཏོང་བ་མི་བཟང་གི། དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་རྟེན་བཟང་འདི་ཐོབ་པའི་དུས་འདིར། ཤིན་ཏུ་རྙེད་པར་དཀའ་ཞེས་རང་གི་འདོད་དོན་སྒྲུབ་པའི་དུས་ལ་སླེབས་པ་རེད། རང་གི་འདོད་དོན་སྐྱེ་བ་ཕྱི་མའི་དོན་དང་ཐར་བ་དང་ཐམས་ཅད་མཁྱེན་པའི་འདོད་དོན་རེད། མ་མཐའ་ཡང་སྐྱེ་བ་ཕྱི་མའི་ངན་སོང་གི་སྐྱེ་སྒོ་ཁེག་དགོས་ཞེས་ཐམས་ཅད་པོས་སྐྱབས་འཇུག་ཞུ་ཀི་ཡོད་པ་རེད། ཕྱི་མར་ངན་སོང་ལ་མི་སྐྱེ་རྒྱུ་དང་ཚེ་འདི་ཕྱི་གཉིས་ཀ་ཞེས་ཁ་ནང་ལ་ལོབས་ཡོད་པ་རེད། ཆོས་ལྡན་གྱི་ཞིང་ཁམས་ཡིན་པས་སྟབས་ཀྱིས་ཁ་ནང་ལ་བཤད་རྒྱུ་གཏམ་རྒྱུ་ཚང་མ་ཧ་གོ་ཡོད་ནི་རེད། རང་གི་འདོད་དོན་སྒྲུབ་རྒྱུ་ཧ་གོ་ཀི་མེད། སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་བ་ལ་ཞེས་རང་གི་འདོད་དོན་སྒྲུབ་པའི་དུས་ཚོད་རེད་གསུངས་པ་རེད།

དེས་ན་འདོད་དོན་སྒྲུབ་པའི་དུས་ཚོད་ལ་ཐོན་པ་རེད་གྱུར་ཟིན་པ་རེད་གསུངས་པ་རེད། གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན་ཞེས་གལ་ཏེ་ཁ་མི་ཉན་ན་གསུངས་པ་རེད། གལ་ཏེ་ཡོད་སར་རྩོད་པ་ཡོད་པ་རེད། མདོ་ཡིན་ན་ཆོག་བསྟན་བཅོས་ཡིན་ནའང་གལ་ཏེ་ཞེས་གསུངས་ཡོད་དུས་ཅི་ལྟར་བཤད་ཀྱང་གོ་རྒྱུ་མེད་པ་ཅི་རེད་གསུངས་པ་རེད། 

རྗེས་མར་རང་གིས་སྡུག་འདག་རྒྱུ་རེད་གསུངས་པ་རེད། གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་བར་ག་ལ་འགྱུར། །དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་རྟེན་བཟང་རིན་པོ་ཆེ་འདི་གང་ན་ཡོད་མེད་མུན་ནག་ནང་ལག་སྙོབ་བྱེད་དགོས་པ་རེད། རང་གི་སེམས་ལ་འཛིན་རྒྱུའི་ཆོས་ཞིག་མེད། ལས་རྒྱུ་འབྲས་ཀྱི་རྣམ་གཞག་བརྩི་ཁ་མི་ཉན་ཀི། 

གྲྭ་བ་ཚོས་ཀྱང་ལམ་རིམ་ལ་མཇལ་ཁ་མི་ཉན་ཀི། ངེད་ཀྱི་ཨ་ཁུ་གཤེགས་སོང་བ་རེད་ལམ་རིམ་གྱི་དཔེ་ཆ་གཡོར་ཤོག་སྔས་མགོ་ནས་ཁ་ཕྱེ་དགོས་ཟེར་དགོས་པར་ཐུག་དུས་ཁོ་ཆད་བྱེད་རེད། འདི་ལམ་ཡིག་རེད་མོད། ལམ་དགའ་ཞིག་ལས་ཡོད་ནི་རེད། ཉིས་ལམ་སུམ་ལམ་ལས་ཡོད་ནི་རེད། ད་བར་གྱི་མྱུར་བགྲོད་གཞུང་ལམ་ལྟ་བུ་ཡིན་པ་རེད། དེ་ལྟ་བུའི་ལམ་བདེ་མོ་དེ་སངས་རྒྱས་ཀྱི་སར་བགྲོད་པའི་སྒྲུབ་ཐབས་ཀྱི་རིམ་པའམ་གོ་རིམ། དཔེར་ན། འདི་ནས་ལྷ་སར་འགྲོ་ན་ཅིག་རེད་ཉིག་རེད། དེ་ནས་དེར་འགྲོ་དགོས་ཞེས་པའི་གྲལ་དག་པའི་ལམ་ཡིག་ལྟ་བུ་རེད། གཞུང་བཀའ་པོད་ལྔ་གང་ཞིག་འཆད་ཀྱང་མདོ་སྔགས་ཀྱི་ལམ་རིམ་གཉིས་ཀྱི་ནང་དུ་བསྡུས་ནས་རང་གི་སེམས་ལ་འཛིན་རྒྱུ་དེ་བྱས་སྟེ་དེར་ཧུར་ཐག་གིས་མཇལ་དགོས། 

ང་ནི་མྱ་ངན་འདས་གྱུར་ན། །འདི་ནི་ཁྱེད་ཀྱི་སྟོན་པ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །ཅེས་སངས་རྒྱས་ཐུགས་རྗེ་ཅན་གྱིས་གསུངས་པ་རེད། ཁོང་ཞིང་གཤེགས་སོང་ཡང་སོ་ཐར་གྱི་མདོ་བཞག་པ་རེད། རྗེ་ཐམས་ཅད་མཁྱེན་པ་ཞིང་གཤེགས་སོང་ཡང་མདོ་སྔགས་ཀྱི་ལམ་རིམ་གཉིས་ཀ་བཞག་པ་རེད། ཁོང་རྣམ་པ་ཚོ་ཞལ་བཞུགས་ནའང་དེའི་ཕན་ཆད་ན་གསུང་རྒྱུ་ཡོད་པ་མ་རེད། གསུང་ཁ་མ་ཉན་ན་ཅང་ལས་རྒྱུ་མེད་པ་རེད། ད་ཚེ་འདིའི་དོན་དག་རྐྱང་བ་སྒྲུབ་ཉན་ནི་མ་རེད། དལ་འབྱོར་རྙེད་དཀའ་བ་རྙེད་ན་དོན་ཆེ་བ། འཆི་བ་མི་རྟག་པའི་རྣམ་གཞགནམ་འཆི་ཆ་མེད་ཡིན་པ་སོགས་རྗེ་ཐམས་ཅད་མཁྱེན་པས་ལམ་རིམ་ན་ཇི་འདྲའི་ཡ་མཚན་པ་གསུངས་ཡོད།

 སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ཉམས་སུ་ལེན་དུས་སྐྱེས་བུ་ཆུང་ངུའི་བསམ་པ་སྦྱང་པ་དངོས། བསམ་པ་དེ་སྐྱེས་པའི་ཚད། དེ་ལ་ལོག་པར་རྟོག་པ་བསལ་བའོ། །དང་བོ་ལ་གཉིས། འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ་དང་། འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བརྟེན་པའོ། །ཞེས་འདི་འདྲའི་ཡག་པ་ཞིག་གསུངས་ཡོད་པ་རེད། འཇིག་རྟེན་ཕྱི་མར་འདང་ཞིག་རྒྱོབས། 

ཚེ་འདིར་དེ་འདྲའི་ཅི་ཞིག་ལ་འདང་རྒྱག་རྒྱུ་ཞེས་གསུངས་པ་རེད། ད་འགྲིག་རྒྱུ་ཞིག་ཡོད་ན་འགྲིག་ཡོད་ནི་རེད། ཟས་གོས་གནས་མལ་གྱི་དོན་དག་རྐྱང་བ་ལ་འདང་མི་རྒྱག་པར་ཕྱི་མར་འདང་ཞིག་རྒྱོབས་གསུངས་པ་རེད། ཕྱི་མའི་བྱ་བ་མི་ལས་པར་ཚེ་འདིར་སྐྱིད་ཐབས་བདེ་ཐབས་ནམ་ཡང་སྒྲུབ་ཀྱིན་ཡོད་ནི་རེད། ཆོས་ཞིག་བཏོན་ནའང་ཚེ་འདིར་སྐྱིད་ཐབས་བདེ་ཐབས་ཀྱི་དོན་དག་ལ་ཨེ་འགྲོ་སྙམ་པ་ལས་ཕྱི་མར་ངན་སོང་ལ་ཨེ་འགྲོ་བསམ་ནས་མོ་འདེབས་མཁན་ཞིག་ཡོད་ནི་མ་རེད་ཡ། ཨ་ལགས་ལོ་ལོ་ང་ཚེ་ཕྱི་མར་ངན་སོང་ལ་འགྲོ་རྒྱུ་ཨེ་རེད་ཅེས་མོ་འདེབས་མཁན་ཞིག་ཡོད་ནི་མ་རེད། ལམ་རིམ་ན་གསུངས་དུས་འོ་སྐོལ་སངས་རྒྱས་ཀྱི་མཁྱེན་པ་ལ་མོ་མ་རྣོ་ཤོས་ཙམ་དུ་ཡང་མི་བརྩི་གསུངས། དེ་ཡང་མོ་མ་རྣོ་ཤོས་སུ་བྱེད་པ་ཞིག་གིས་ད་ལོ་ཁྱོད་ལ་རྩུབ་ཆག་མེད། ང་རང་ཤེས་ཟེར་ན། བདེ་འབོལ་གྱིས་འགྲོ། དེ་ན་རེ། ད་ལོ་ཆགས་ཡོད་དོ་འདི་ཙུག་གྱིས་འདི་མ་བྱེད་ཟེར་ན་འབད་ནས་བསྒྲུབ། མ་གྲུབ་ན་འདི་སྐད་ཟེར་བ་ངས་མ་གྲུབ་སྙམ་ནས་བློ་མི་བདེ་བ་བྱེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བླང་བྱ་འདི་ལོངས་དོར་བྱ་འདི་དོར་ཞེས་གསུངས་ནའང་ཅུང་ཟད་ཙམ་ཡང་འདང་མི་རྒྱག་པར་ཞེས་ལམ་རིམ་ནས་གསུངས་པ་ལྟར་ཡིན་དང་མིན་འདང་རྒྱོབས་དང་ཤེས་ནི་རེད། འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟེན་པ་ནི། འཇིག་རྟེན་ཕྱི་མར་མངོན་མཐོ་ལྷ་མིའི་གོ་འཕང་རྟེན་བཟང་ངན་སོང་གི་སྐྱེ་སྒོ་བཀག་ནས་དེའི་ཐབས་དེ་ལ་ཅུང་ཟད་རེ་འདང་རྒྱོབས། ངན་སོང་ལ་སྐྱེས་ན་དེའི་ཚེ་ཚད་ལ་སོགས་པ་བཤད་ན་བསྐལ་བའི་ཚོད་དུ་མེད་པ་ཡིན་ནི་རེད། ཡང་སོས་ལ་སོགས་པ་ཚ་དམྱལ་ལྟ་བུ་ལ་འདང་བརྒྱབ་ན། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །དམྱལ་བའི་སྡུག་བསྔལ་བཤད་ན་ཡང་སོས་ནི་ཆེས་ཡང་མོ་ཡིན་ནི་རེད། དམྱལ་བ་ཡང་སོས་པའི་ཚེ་ཚད་ནི་ཅི་ཙམ་ཡིན་ཞེ་ན། འདོད་ལྷ་རིགས་དྲུགརྒྱལ་ཆེན་རིགས་བཞི། སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད། ས་ལ་བརྟེན་པའི་རིའི་རྒྱལ་བོ་རི་རབ་ཀྱི་རྐེད་པ་ན་རྒྱལ་ཆེན་རིགས་བཞི། རིའི་རྒྱལ་བོ་རི་རབ་ཀྱི་རྩེ་མོ་ན་སུམ་ཅུ་རྩ་གསུམ་པའི་ལྷའི་དབང་བོ་བརྒྱ་བྱིན་བཞུགས་ཡོད་ནི་རེད། དེ་ནས་དེའི་གོང་ན་རླུང་གི་གོ་ལ་ལ་བརྟེན་པ། དེའི་ཡན་ཆོད་ནས་སའི་གོ་ལ་ཅན་པོ་ཚར་སོང་ནི་རེད།

དེ་ནས་རླུང་གི་གོ་ལ་ལ་བརྟེན་པའི་འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་བཅས་ནམ་མཁའ་ལ་ཆགས་ཡོད་པ་རེད། དེ་ནས་ཡང་སོས་ཀྱི་ཚེ་ཚད་བཤད་དགོས་ན་རྒྱལ་ཆེན་རིགས་བཞི་བའི་ཚེ་ཚད་ཅིག་བཤད་ན་ཧ་གོ་གསུངས་པ་རེད། རྒྱལ་ཆེན་རིགས་བཞི་བའི་ཚེ་ཚད། ང་ཚོའི་མི་ལོ་ལྔ་བཅུ་ཐམ་པ་རྒྱལ་ཆེན་རིགས་བཞི་བའི་ཉིན་ཞག་གཅིག་རེད་གསུངས་པ་རེད། ཉིན་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོ། ལོ་ལྔ་བརྒྱ་རྒྱལ་ཆེན་རིགས་བཞི་བའི་ཚེ་ཚད་ཡིན་པར་གསུངས། རྒྱལ་ཆེན་རིགས་བཞི་བའི་ཚེ་ཚད་ནི་དམྱལ་བ་ཡང་སོས་པའི་ཉིན་ཞག་གཅིག་གི་ཚད་རེད། འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ད་དེར་ཐུགས་འདང་གནང་ནས་ཡིན་དང་མིན་ངན་འགྲོའི་སྡུག་བསྔལ་དེར་འདང་ཞིག་བརྒྱབ་ནས་དེ་ནས་ད་ཆོས་སྒྲུབ་དགོས་ནི་རེད། ངན་འགྲོའི་སྡུག་བསྔལ་ལ་འདང་མི་རྒྱག་པར་ཚེ་འདི་ཁོ་ན་ཨེ་ཡོང་བསམ་ནས། ཅི་ཡིན་འདི་ཡིན་དེར་འདང་རྒྱབ་ནས་འུ་ཚོའི་ལས་རྒྱུར་ང་ཕྱུག་པོ་ཞིག་གི་ཨེ་ལོག་གམ་བསམ། ང་སྙན་གྲགས་ཅན་ཞིག་གི་ཨེ་ལོག་གམ་བསམ་ནས་བྱ་བ་ལས་ཀི་ཡོད་ནི་རེད། ངའི་ལག་ཏུ་དོང་ཙེ་མང་བོ་ཞིག་ཨེ་ཡོང་ངམ་བསམ་ནས་བྱ་བ་ལས་ཀི་ཡོད་ནི་རེད། ངའི་ལག་ཏུ་ཁང་བ་སྐྱིད་པོ་ཞིག་ཨེ་ཡོང་ངམ་བསམ་ནས་བྱ་བ་ལས་ཀི་ཡོད་ནི་རེད། ང་རྒྱུན་དུ་རླངས་འཁོར་བཟང་བོ་ཞིག་གི་ནང་འདུག་རྒྱུ་ཨེ་བྱུང་ངམ་བསམ་ནས་བྱ་བ་ལས་ཀོ་ནི་རེད། ད་དེ་མོ་རེད་ཡ། ད་གྲྭ་བ་རིགས་ཀས་དེ་ལས་རྒྱུ་ལོབས་ཀོ་ནི་རེད། གྲྭ་བ་རིགས་ཀས་ནོམ་པ་བསགས། དགོན་པའི་ནང་ནས་ཡོན་ཏན་སློབ་རྒྱུ་ལས་ནོམ་པ་བསགས་ནས་གྲོང་བའི་ལད་མོ་བྱས་ཏེ་ཙིག་གེ་ཟིག་གི་ལོག་ནི་ར་ང་ལ་རླངས་འཁོར་དགོས་ཟེར་ཀོ་ནི་འདྲ་འདྲ། དེ་ནས་ཅིག་ལ་འགྲོ་དགོས་ནའང་འཕྲུལ་རྟ་ཞོན་ནས་འགྲོ་དགོས་ནི་འདྲ་འདྲ། ད་ལས་རྒྱུ་མང་ནི་རེད། ད་འུ་ཚོས་དེ་མོ་ཞིག་ཚེ་འདིར་དོན་གཉེར་མ་བྱེད། འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ་དང་། འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟེན་པའོ། །

དེས་ན་ཕྱི་མ་དོན་གཉེར་བྱེད་དགོས་ན་མ་ཤི་བར་ཕྱི་མ་སྐྱེ་རྒྱུ་ཡོད་ནི་མ་རེད། དེ་ནས་ད་ཤི་རྒྱུ་རེད་ཟེར་ནས་འཇིག་རྟེན་འདིར་རིང་དུ་མི་གནས་པར་འཆི་བ་རྗེས་སུ་དྲན་པ་དང་འཇིག་རྟེན་ཕྱི་མར་ཅི་ལྟར་འགྱུར་བ་འགྲོ་བ་གཉིས་ཀྱི་བདེ་སྡུག་བསམ་པ་ཞེས་དེ་འདྲའི་ཡག་པ་གསུང་རྒྱུ་ཞིག་གང་ན་ཡོད་ཀི། 

ལམ་རིམ་ཞེས་ཁ་འཕྲོ་བསྒྲིགས། གྲལ་དག་བྱས་ནས་བཤད་ན་གོ་བདེ་མོ་རྣ་ལམ་ལ་འགྲོ་ནི་སེམས་ལ་འབབ་ནི་དེ་འདྲ་ཞིག་གསུངས་ཡོད་ནི་རེད། ད་དེ་མོ་དེ་ནམ་ཡིན་ནའང་འདོན་དགོས་ནི་རེད། དང་བོ་བཏོན་ན་ཡོང་ནི་མ་རེད། རིམ་གྱིས་རིམ་གྱིས་བཏོན་ནས་བརྟག་དཔྱད་དལ་མོར་བྱོས། ཤོག་བུ་གཅིག་རེ་བཏོན་ནའང་ཕན་ཡོན་ཡོད་ནི་རེད། འུ་ཚོའི་དོན་དག་འཁྱོངས་སོང་ནི་རེད། འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་མ་འདྲིས་པའི་མཛའ་བཤེས་ཆེན་པོ་སངས་རྒྱས་དངོས་རྗེ་བཙུན་འཇམ་པའི་དབྱངས་མི་ཡི་གར་གྱི་རྣམ་པར་རོལ་བ་བྱོན་ནི་རེད་མོད། འུ་ཚོའི་དགེ་རྩ་རེད་མོད། ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ན་ཡོད་པ་ཡིན། །

སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྗེ་བཙུན་འཇམ་པའི་དབྱངས་ལ་ཞལ་གདམས་གནངས་པ་རེད། ད་དེའི་ཕན་ཆད་ནས་འུ་ཚོ་ཡིད་མ་ཆེས་ན་ལས་རྒྱུ་ཡོད་ནི་མ་རེད། ད་དེ་ར་ཅི་ཤེས་ཁ་ཡག་བཤད་ཀོ་ནས་ན། དཔེར་བླངས་ན་ང་འདྲ་ཟིག་ལ་བསྟོད་པ་བྱས་དང་ཁ་འདྲ་ཟིག་ཡིན་ནམ་བསམ་ན་དེ་མོ་ཟིག་མ་རེད་མོད། ཡང་རང་རང་གི་བླ་མ་རིགས་ཀ་བསྟོད་པ་བྱེད་དུས་ཁྱེད་ག་ཡ་མཚན་ཟིག་ཡིན་དང་ཁ་འདྲ་འདྲ་ད་དེ་མོ་མ་རེད། བསྟོད་པ་བྱེད་ཀོ་ཁ་འདྲ་འདྲ་ད་དེ་མོ་ཡིན་ནི་མ་རེད། དེའི་སྟབས་ཀྱིས་ངནའགྲོའི་སྡུག་བསྔལ་འདི་ངེས་པར་དུ་དྲན་དགོས་ཞེས་མགོན་པོ་ཀླུ་སྒྲུབ་ཀྱིས། བཤེས་སྤྲིངས་ལས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གིས་རིད་པ་ཡི། །ཡི་དྭགས་དག་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བའི། །བྱོལ་སོང་ལྟ་ཞིང་དྲན་པར་བྱ། །འུ་ཚོ་སྐྱེ་ས་བོ་ཡིན་ནི་རེད་འུ་ཚོའི་ཡུལ་རེད་ཡ། ད་དེར་འགྲོ་དགོས་ནི་རེད། དུད་འགྲོ་ཧ་ཅང་གི་བླུན་རྨོངས་ཡིན་པས་ཕར་འགྲོ་ཚུར་འགྲོ་ཙམ་ཡང་དཀའ་ཀི་མོད། མི་ལུས་རིན་པོ་ཆེ་འདི་ད་རེས་ཕྱུགས་ལས་བྱེ་བྲག་འབྱེད་པའི་དུས་ཡིན་ནོ་ཞེས་གསུངས་དང་ནི་རེད། ད་དེར་ཐུགས་འདང་གནོང་དང་། ཕྱུགས་དང་ཁྱད་པར་ཡོད་པ་བྱོས། 

ཁོག་ལ་ཤར་རྒྱུ་སྐྱིད་ཐབས་བདེ་ཐབས་ལས་ཤར་རྒྱུ་མེད་དུས་ནོར་ཕྱུགས་དང་ཁྱད་པར་མེད་པ། ཟོག་གིས་ཀྱང་སྐྱིད་ཐབས་བདེ་ཐབས་ལ་འདང་བརྒྱབ་བསྡད་ནི་རེད་དེ་གསུང་གོ་ཀི། རྩྭ་ཞིམ་པོ་ཞིག་གང་ན་ཡོད་མེད་ཆུ་ཞིམ་པོ་ཞིག་གང་ན་འཐུང་རྒྱུ་ཡོད་མེད་དེར་འདང་བརྒྱབ་བསྡད་ནི་རེད། ད་འུ་ཚོས་དེ་བྱས་དང་དུས་ཡར་ལངས་ནས་ཁ་གྲག་ནི་རེད་ར་ལས་རྒྱུ་ནོར་ཕྱུགས་ཀྱི་ལས་རྒྱུ་དེ་ལས་བསྡད་ཡོད་ནི་རེད། རང་ཉིད་གཅེས་འཛིན་རང་གཅིག་པུ་སྐྱིད་ཐབས་བདེ་ཐབས། རྩིབ་ན་མི་ཞིག་ཤི་ཀི་ཡོད་ནའང་མ་ཤེས་མ་གོ་མ་རིག་ཁུལ་བྱས་ཏེ་འགྲོ་རྒྱུ་ཅན་པོ། 

ད་དེ་མ་བྱེད། མ་ནམ་མཁའ་དང་མཉམ་པའི་སེམས་ཅད་ཐམས་ཅད་པོར་འདང་ཞིག་རྒྱོབས་ཞེས་ཁོང་གིས་འུ་ཚོས་བཀའ་ཆོས་ཞིག་འདོན་རྒྱུ་ཡིན་ནའང་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་ཞེས་མར་གྱུར་སེམས་ཅད་མགོར་འཇོག་གོ་ཀི་མོད། མར་མ་གྱུར་བའི་སེམས་ཅད་ཡོད་ནི་མ་རེད། རང་གི་ངོ་མ་ཤེས་པ་ལས་ཚེ་འདི་ནས་དྲིན་གྱིས་བསྐྱངས་པ་དེ་ལྟར་དུ་ཐམས་ཅད་ཀྱིས་དྲིན་གྱིས་བསྐྱངས་ཡོད་ནི་རེད། དེ་ཟེར་ཀོ་ནི་རེད། དམྱལ་བའི་སྡུག་བསྔལ་ལ་བརྟེན་ནས་ཆོས་བསྒྲུབ་རྒྱུ། 

དེས་ན་འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བརྟེན་དུས་སམ་འཇིག་རྟེན་ཕྱི་མར་སྐྱིད་པོ་བདེ་མོ་ཡོང་གི་འཇུག་བསམ་ན་ཅི་ཞིག་བྱེད་དགོས་ནི་རེད་ཟེར་ན། བསྟན་པ་ལ་འཇུག་པའི་སྒོ་དམ་པ་སྐྱབས་འགྲོ་སྦྱང་བ། བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་པའོ། །ད་འུ་ཚོར་ཁ་འཕྲོ་བྱས་ནས་གསུངས་ཡོད་ནི་རེད། སྐྱབས་འགྲོ་ལྷན་ཅིག་བྱེད་རྐྱེན་འདྲ་བོ་རེད། ཡང་ཐུགས་འདང་གནོངས། ཡིན་ན་མིན་ན་དད་པ་དག་སྣང་བྱོས། འུ་ཚོའི་སྐྱབས་བཅོལ་ས་འཆུག་མི་ཉན། ད་གྲོང་བ་ཚོས་མི་ཤེས་ཀི་མོད་སོང་ནས་གཞི་བདག་ཚོར་མགོན་སྐྱབས་བཙལ། ད་རང་གི་བླ་མ་ཚོས་མགོ་སྔས་ས་གཏད་ས་ཕྱག་དད་པས་འཚལ་ས་དགོན་པ་བཏབས་གྲ་འགྲིག་པོ་བྱས། ཆོ་ག་ཆོས་སྤྱོད་རྒྱུད་ཀྱི་དགོངས་པ་ལྟར་གྲ་དག་བྱས། མར་ཐང་རིགས་ཐང་ན་ཡོད་ཀི་ཞེས། ང་ཅིག་གྲུབ་ཆེན་ཞིག་ཡིན་ཁུལ་འདྲ་འདྲ། ད་བོན་པོར་ཁ་སྐྱོར་ཀོ་ནི་འདྲ་འདྲ། ད་བན་དྷེ་ལ་ཁ་སྐྱོར་ནི་འདྲ་འདྲ། སྔགས་པར་ཁ་སྐྱོར་ཀོ་ནི་འདྲ་འདྲ། ད་ཁོའི་ལག་ཏུ་ཨ་མཆོད་དགའ་ཞིག་ཡོང་འདུག་ཡོད་ཁ་འདྲ་འདྲ། ད་དེ་མོ་ཉ་ཉོག་བཤད་དེ་ལག་གི་དོང་ཙེ་ལེན་ཐབས་བྱས། དེང་སང་ཁ་བསྐྱིལ་རྒྱུ་ལ་དགའ་ཀི་མོད། རང་གི་བསྟན་པ་འདིའི་བསྟན་བདག དགོན་པ་འདིའི་དགོན་བདག་ཁོང་ཞིང་བཞེས་སོང་ནི་རེད། དེ་བས་དགོན་པས་བདག་བྱེད་དགོས་ནི་རེད། དེ་ནས་ང་སྐྱབས་བཅོལ་ཀི་ཡོད་ནི་རེད་ང་ཅང་སྐྱབས་བཅོལ་ས་ཅང་ཉན་ནི་མ་རེད་ཡ། སྒར་ལུང་ཐམས་ཅད་པོ་ཡོང་ནས་ཁོང་ཚང་མ་བཞུགས་ནོའི་སྟབས་ཀྱིས་ཤུ་རེ་ཞིག་བྱེད་དགོས་ཟེར་ཀི་ཡོད་ནི་རེད།

ངས་ཤུ་རེ་བྱེད་ལ་ར་ཤུ་རེ་བྱ་སྤྱད་པོའི་ཡོན་ཏན་ཡོད་ནི་མ་རེད་ཡ། རང་ཁ་བརྡ་བྱེད་ཀོ་ནི་རེད། ཡོན་ཏན་ཡོད་ནི་མ་རེད། དེ་ནས་སྔོན་ཁོང་ཚང་གིས་གསུང་དུས་བཅའ་བ་ཞིག་བཅའ་སྲོལ་ཡིན་ན་ཇི་ལྟར་བཅའ་ཀི་གང་ལྟར་བཅའ་ཀི། ས་ཆ་ས་ཆར་ཅི་ཞིག་རེད་གང་རེད་དེ་ཚོ་ཐམས་ཅད་པོ་སེམས་ལ་བཟུང་། ད་དེ་མོ་བྱེད་དགོས་ནི་རེད། 

ངས་མོ་འདེབས་མི་ཤེས་ཀི་མོད་མོ་འདེབས་ཤེས་རྒྱུ་ན་མོའི་ངོས་ལ་ཅིག་ཤར་རྒྱུ་རེད་ར། ངས་མོ་འདེབས་ཤེས་ནི་མ་རེད། ད་བཅའ་བ་རེ་བཅའ་ཀོ་ནི་རེད་ར། ད་འདི་མོ་རེ་བྱོས་དེ་མོ་དེ་བྱོས་ཞེས་རང་བཤད་ཀོ་ནི་རེད། དེའི་སྟབས་ཀྱིས་ཡང་སྔོན་གྱི་དེ་བརྗེད་ཀི་མ་འཇུག  

དགོས་མི་དགོས་གཉིས་ཀ་ཁ་བསྐྱིལ་གི་མ་འདུག ཡང་བར་ཞིག་ལ་ལབ་ཙེ་བསྟད། ལབ་ཙེ་བསྟད་དང་དུས་དོང་ཙེ་མང་གི་རེ་ཡང་ལབ་ཙེ་བསྟོད་རྒྱུ་ཟེར་ནི་རེད་ཡ། ཁྱེད་ལ་གཞི་བདག་(ཨ་རྫ་སྟེ)དགའ་ཞིག་བསྟད་དང་ཁ་འདྲ་འདྲ། རི་འབུར་འབུར་ཞིག་རིག་རིག་སར་མགོར་དར་ལྕོག་འཕང་། དགོས་མི་དགོས་གཉིས་ཀ་ལས། ད་གཞི་བདག་ཅིག་ཟིག་བསྟད་དང་ཁ་འདྲ་འདྲ་བཤད་དེ་ལག་གི་དོང་ཙེ་ཁྱེར། ད་དེ་འདྲ་ཡོད་ནི་རེད་ཡ། ཤ་མི་ཚ་ཀི་རེ། ཁོ་ཚོ་གང་གི་ཡིན་མིན་ཡང་མི་ཤེས་ཀི་མོད། ད་དེ་མོ་དེའི་ཁ་བསྐྱིལ་ནི་རེད་ཡ། ད་འུ་ཚོའི་གྲོང་བ་ཚོར་ཆི་འདི་ཡོད་ནི་མ་རེད། 

དེ་ནས་དགོན་པར་ལྟ་རྟོག་བྱེད་རྒྱུ་ཁ་འདྲ་དེ་མོ་བྱེད་ཀི་མ་འདུག རང་གི་ཡུལ་བ་རིགས་ཀ་ཁ་བརྡ་བྱོས། དེ་ནས་རིམ་གྱིས་རིམ་གྱིས་ཁ་བརྡ་བྱས་ཤུ་རེ་བྱོས། དགོས་མི་དགོས་ལས་ཀི་མ་འདུགདགོན་པ་འདི་མགོ་སྔས་ས་གཏད་ས་ཕྱག་དད་པས་འཚལ་ས་ཉན་ནི་རེད། དེའི་ཕན་ཆད་འུ་ཚོར་དགོས་ནི་མ་རེད། ད་དེའི་ཕན་ཆད་ན་མཁལ་ཚིལ་ཕན་ཆད་ན་སྟོད་ཚིལ་ཞིག་ཡོད་ནི་མ་རེད། ཐང་ན་སྡེ་བ་འདི་ལ་ཤ་ཚ་ནི་གཅིག་ཀྱང་ཡོད་ནི་མ་རེད། ད་དེ་ཤེས་ཀི་ཆུགས། ཡང་གྲོང་བ་རིགས་ཀས་ཧ་མི་གོ། ད་དེང་སང་ཡར་མར་ན་ནོམ་པ་བཙལ་ནི་ཅན་པོ་འགྲོ་གོ་གི། ལ་ལུང་ལ་ཉུག་ཏེ། ད་བཤད་རྒྱུ་ཆོས་བཤད་ཀོ་ཁུལ་འདྲ་འདྲ། ད་མ་ཎི་འདོན་ཀི་འཇུག་རྒྱུ་ཟེར་ཀོ་ཁ་འདྲ་འདྲ། ད་མ་ཎི་སྒྲུབ་ཀི་ཡོད་ཟེར་ཀོ་ཁ་འདྲ་འདྲ། ད་ཅིག་མ་ཅིག་གི་ཚོགས་པ་ཚུགས་ཀི་ཡོད་ཟེར་ཀོ་ཁ་འདྲ་འདྲ། ད་དེ་མོ་མང་གི་ཡ། ད་ཐུགས་འདང་གནང་དགོས་ནི་རེད་ཡ། དེ་ནས་མ་ཎི་སྒྲུབ་ཀྱི་ཡོད་ན་དེའི་རྒྱུན་ཐུར་ར་བར་ཆད་རེ་ཡོང་ཀོ་ན་རང་གི་སྡེ་བས་གདུགས་དཀར་རེ་ཐོན། མདོ་གདུགས་སྒྲོལ་གསུམ་གསང་བའི་མདོ་གསུམ་འདི་ཀུན་མཁྱེན་འཇམ་དབྱངས་བཞད་པས་རྨད་བྱུང་ཐོས་བསམ་གླིང་ལ་གསང་བའི་མདོ་གསུམ་མདོ་གདུགས་སྒྲོལ་གསུམ་འདི་མ་གཏོགས་ཆོས་གྲྭས་འདོན་རྒྱུ་གསུང་མེད་ཀི་ཡ། ད་དེ་མོ་ཡ་མཚན་རེད། ད་ཐམས་ཀྱི་དོན་དེ་བླངས་བཞག་ཡོད་ནི་རེད་ཡ། ཡང་དེ་མོ་རེ་བཏོན་བཟང་སྤྱོད་རེ་བཏོན། ཡང་བར་ཆད་འདྲ་དེ་མོ་ཡོང་གོ་དུས་རང་གི་བསྐང་བ་རེ་ཐོན། ཡུལ་ལྷ་ཚོར་གསོལ་བསྐང་རེ་བྱོས། བཀའ་འགྱུར་རེ་གདན་དྲངས་ནས་སྡེ་བར་ཆོས་སྐོར་རེ་བྱོས་དེ་མོ་བྱས་ར་ད་ཧྲ་རྒྱུ་རེད་མོད། དེ་ནས་དགོན་པ་འདིས་ཁ་བརྡ་བསླབ་བྱ་བཏང་ནས་རང་གི་ཡུལ་བ་རིགས་ཀ་ཤ་ཚ་རྒྱུ་རེད་མོད། ཤ་ཚ་ནོ་དེ་སོང་ནས་ཅིག་རེད་ཉིག་རེད་དགོས་མི་དགོས་རྣམ་པ་སྣ་ཚོགས་ལ་ཁ་བསྐྱིལ་ཀི་མ་འདུག་ཅེས་ཁ་བརྡ་བྱས་ན་བ་ཀི་མོད། བར་ཞིག་ལ་ལས་རྒྱུ་མི་ཆུད་པར་དེ་མོ་དེ་མང་ཀི། ང་གྲོང་ཆོག་པ་འདྲ་འདྲ་ཡིན་ནི་རེད་ཡར་མར་ལ་འགྲོ་ས་རེ་ཡོད་ནོའི་སྟབས་ཀྱིས་ངའི་དགེ་ཕྲུག་ཡིན། མངགས་ནི་ཡིན་ཞེས་དངུལ་རྭ་ལ་ཡོང་ནི་མང་གི་ཟེར་ཀི ད་དེ་མོ་མང་ནི་རེད་ཡ། ཧ་ཅང་གི་འདང་རྒྱག་རྒྱུ་ཡོད་ནི་རེད་ཡ། དེང་སང་གཟན་ཤམ་གོན་པའི་རྐུན་མ་ཡོད་ནི་རེད་ཡ། ད་མདོ་རྩ་དེ་རེད། སངས་རྒྱས་ཀྱི་བསྟན་པའི་དབུ་འཕང་སྨད་དེ། གནའ་ཞིག་ཡིན་ན་གཟན་ཤམ་གོན་ཏེ་ལྷ་སའམ་ཐག་རིང་ཞིག་ལ་འགྲོ་ཀི་ཡོད་རྒྱུ་ན་གྲྭ་བ་སྐོར་ཟིག་ཡོད་རྒྱུ་ན་མི་འཇིགས་པའི་སྦྱིན་པ་སྟེར་ནི་རེད། འོ་གན་ན་གྲྭ་བ་འགའ་ཕེབས་ཀྱིན་ཡོད་ཀི་ཞེས་སེམས་བདེ་མོར་འགྲོ་ནི་རེད། དེང་སང་ནངས་ཁ་གཟན་ཤམ་གོན་པར་ལྟ་རྒྱུ་ཡོད་པ་མ་རེད། མ་མཐའ་ཨ་ཡེ་ཚོའི་རྩོག་པ་གོན་ནས་རྐུས་བྱེད་ཀྱིན་འདུགཅི་ལས་འདི་ལས་མེད་པ་དེ་འདྲ་རེད། དེ་ནས་ཁྱོས་ང་གསད་ངས་ཁྱོད་གསད། དེང་སང་བརྙན་འཕྲིན་ནང་རྐུ་སྲོལ་སྟོན་ཀོ་ནི་རེད། ལས་རྒྱུ་འབྲས་སྣོག་སྲོལ་དེ་སྟོན་ཀོ་ནི་རེད་ཡ། དེའི་སྟབས་ཀྱིས་རང་གི་སེམས་ལ་བདག་བྱེད་དགོས་ནི་རེད། ཤུ་རེ་བྱེད་དགོས་ནི་རེད་དེའི་དུས་ཚོད་ལ་ཐོན་ཡོད་ནི་རེད། འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟེན་པ་དེ་ལ། སྐྱབས་འགྲོ་སྦྱངས་པ་དང་། བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་པའོ། །དེ་ས་བོན་རེད། ལས་རྒྱུ་འབྲས་ལ་འདང་རྒྱག་རྒྱུ་འདི་ཆོས་པ་རྣམས་ཀྱི་ལས་རྒྱུ་འབྲས། འཇིག་རྟེན་པའི་ལས་རྒྱུ་འབྲས་ཡོད་ནི་རེད། ཆོས་པ་རྣམས་ཀྱི་ལས་རྒྱུ་འབྲས་ཕྲ་ཞིང་ཕྲ་བ་ཡིན་ནི་རེད། ཕྱི་ཡི་རྟེན་འབྲེལ་ནང་གི་རྟེན་འབྲེལ་འདི་ཚོར་ཐུགས་འདང་གནང་དགོས་ས་ཏག་ཏག་རེད།

 འཇིག་རྟེན་གྱི་མི་ཆོས་འདི་ཧ་ཅང་གི་དགོས་ནི་ཞིག་རེད་ཡ། འཇིག་རྟེན་མི་ཆོས་དམ་པའི་ལྷ་ཆོས། འཇིག་རྟེན་གྱི་མི་ཆོས་འདིའི་འགྲོ་སྟངས་འདུག་སྟངས་དེ་ཐམས་ཅད་པོ་ལས་རྒྱུ་འབྲས་ལ་བསྟུན་རྒྱུ། ད་མི་ཤེས་དུས་ཅི་ལས་འདི་ལས་མེད་ནོ། རིག་གནས་གསར་བརྗེ་ཆེན་པོའི་སྐབས་ང་འབྲོག་ན་ཡོད་དུས་སྐབས་ལྟ་བུ་ལ། ང་གྲོང་བ་ཚོའི་ནང་སོང་དུས་ད་ལག་ཙ་འཁྱེར་ཡོང་ནི་རེད། རྐེ་འདོགས་འཁྱེར་ཡོང་ནི་རེད། ད་དེ་འཁྱེར་ཡོང་ཉན་ནི་མ་རེད་དེ་རེ་རེ་ལ་བདག་པོ་རེ་ཡོད་ནི་རེད། འུ་ཚོར་དེ་དགོས་ནི་མ་རེད། བྱིས་པ་ཚོས་འཁྱེར་ཡོང་དུས་ད་ཧྲ་ཀི་ཡ་ངས་ཁྱོད་ལ་ཁ་མ་སྟེར་ཟེར་ནི་རེད། དེ་མོ་དེ་བྱེད་ཉན་ནི་མ་རེད། དེ་མོ་དེ་དགོས་ནི་མ་རེད། ཟོག་གི་རྐེ་འདོགས་བོར་ཡོད་ཀི་ཟེར་ཁ་འདྲ་འདྲ། དེ་མོ་དེ་ལེན་ཉན་ནི་མ་རེད། དེ་ཕྱིར་བྱིན་ཞེས་ང་འདུག་ས་འགྲོ་ས་ཚོར་ཁ་བརྡ་བྱས་པ་ཡིན། དེ་ལ་སོགས་པ་ཚང་མར་གྲོང་བ་ཚོས་འདང་རྒྱག་དགོས་ནི་རེད་ཡ། རང་གི་སྡེ་བ་དེའི་ནང་ན་གཡུགས་ཡོད་ན་སྡེ་བ་དེའི་མིན་ན་སུའི་ཡིན་ནམ། ད་སྡེ་བ་དེའི་ནང་གི་ཡིན་ན་འདི་ན་འདི་འདྲ་ཞིག་གཡུགས་ཡོད་ཀི་ཞེས་བཤད་ན་ཧྲ་ཀི་མོད། འདི་ན་འདི་འདྲ་ཞིག་གཡུགས་འདུགའདི་འདྲ་ཞིག་རྙེད་ཐལ། ལ་ལའི་སྒོར་ཁུག་བོར་སོང་བ་ཅན་པོ་ད་སྟེར་ཁ་ཉན་ནི་མ་རེད་ཡ། ཁ་རོག་གེར་སྡོད་ཤོག་ཅན་པོར་རྒྱུ་མཚན་ཡོད་ནི་མ་རེད། ད་དེ་མེད་ནའང་སྐྱོན་ཡོད་ནི་མ་རེད། དེའི་སྟབས་ཀྱིས་མ་བྱིན་ལེན་འདིར་འདང་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེའི་སྒོ་ནས་ལས་འབྲས་ཀྱི་རྣམ་གཞག་གསུངས་ཡོད་ནི་རེད། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཆོས་མངོན་པའི་མདོ་ལས་གསུངས་པ་འདི་གྲོང་བ་ཚོས་བསྲུང་དགོས་ནི་རེད། གྲྭ་བ་ཚོས་བཤད་མ་དགོས་པ་རེད། དེའི་སྟེང་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ། བྱང་ཆུབ་སེམས་དཔའི་སྡོམ་པ། སྔགས་ཀྱི་སྡོམ་པ་མང་བོ་ཁས་བླངས་ཡོད་ནི་རེད། འདང་རྒྱག་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད། དེ་ལྟ་བུའི་སྒོ་ནས་ཆོས་འཆད་ཉན་བྱེད་དགོས།

ད་ལམ་རིམ་བཤད་ཀི་བསྡད་ན་ཚར་རྒྱུ་མེད་ནི་ཅན་པོ། སྐྱེས་བུ་ཆུང་ངུའི་ཆོས་སྐོར་དེ་མོ་རེད། འུ་ཚོར་དགོས་ནོ་སྐྱེས་བུ་ཆུང་ངུའི་ཆོས་སྐོར་ཡིན་ནི་རེད། ཡང་རྗེས་མར་འུ་ཚོར་ལས་འབྲེལ་རེ་ཡོད་ན་ཐུག་རྒྱུ་ཅན་པོ། ཐུག་དུས་ཡང་ལམ་རིམ་བཤད་རྒྱུ་ཅན་པོ། དབང་གནང་དགོས་ཟེར་ནའང་དབང་གནང་ན་ཆོག་གི་ར་འུ་ཚོར་ཨ་ཁུ་ཐབས་མཁས་རིན་པོ་ཆེས་གསུངས་པ་ལྟར། ལམ་རིམ་གླང་སྨྱོན་འདུལ་བའི་ལྕགས་ཀྱུ་ལས་བཤེས་གཉེན་བསྟེན་ཚུལ་གྱི་སྐབས་སུ་ཁོང་གིས་རྡོ་རྗེ་སློབ་དཔོན་ལ་སྨོད་པའི་རྩ་ལྟུང་བཤད་དུས། འུ་ཚོ་སྐས་རྟིང་ནས་ཡར་འགྲོ་མཁན་ཞིག་མ་རེད་སྐས་མགོ་ནས་མར་འགྲོ་མཁན་ཞིག་རེད། དེའི་སྟབས་ཀྱིས་འབྱར་རྒྱུ་གོང་སྔགས་བླ་མེད་ལ་ཡར་འབྱར་ཡོད་ནི་རེད་ཡ། ཧ་ཅང་གི་གདམས་པ་ཟབ་མོ་ལ་འབྱར་ཡོད་ནི་རེད། ཉམས་ལེན་བྱེད་རྒྱུ་གཅིག་ར་ཡོད་ནི་མ་རེད། རྡོ་རྗེ་སློབ་དཔོན་ལ་དད་པ་ཡོད་ནི་མ་རེད། རྡོ་རྗེ་སློབ་དཔོན་གྱི་གསུང་ཁ་ལེན་ནི་མ་རེད། རྗེས་བཟླས་བྱེད་ཀོ་དུས་ཁས་ལེན་ཀི་ཡོད་ནི་རེད། རྗེས་བཟླས་བྱེད་ཀི་ཡོད་ནི་རེད། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་སྲུང་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །དམྱལ་ཆུ་འཕྲོག་རེས་བྱེད་ཀི་ཡོད་ནི་རེད། བསྲུང་ཁ་ཉན་ནི་མ་རེད། འདང་རྒྱག་ནི་མ་རེད། དངོས་གྲུབ་འཐོབ་ན་མི་འཐོབ་ན་གཙོ་བོ་སྡོམ་དམ་ཚིག་གི་སྟེང་ན་ཡོད་ནི་རེད། འཛམ་གླིང་གི་སྟེང་གི་ཁྱད་དུ་འཕགས་བྱེད་པོ་ཅི་རེད་ཟེར་ན། སྡོམ་དམ་ཚིག་གིས་ཁྱད་དུ་འཕགས་ཀི་ཡོད་ནི་རེད། ཚུལ་ཁྲིམས་བསྲུངས་ནས་ཁྱད་དུ་འཕགས་ཀི་ཡོད་ནི་རེད། མདོ་རྩ་དེ་རེད། དེ་མིན་དཔེ་ཆ་བཤད་པའི་མཁས་པ་དེང་སང་མང་བོ་ཡོད་ནི་རེད། ངས་ཆོས་བཤད་རྒྱུ་པོ་ཏི་ལྔ་བོ་ངས་བཤད་རྒྱུ་ཞེས་སྐྱ་སེར་གཉིས་ཀས་བཤད་ཀི་ཡོད་ནི་རེད། སློབ་གྲྭའི་ནང་ན་ཡང་བཤད་ཀི་ཡོད་ནི་རེད། བཤད་དུས་ཁོ་མཁས་པ་ཡིན་ཞེས་མཁས་པའི་མིང་བླངས་དང་དུས་ཟླ་ཕོགས་ཇེ་མཐོར་འགྲོ་ནི་རེད་ཡ། སློབ་གྲྭའི་དགེ་རྒན་ཚོས་དེར་འདང་རྒྱབ་འདུག་ཡོད་ནི་རེད། ད་ཚང་མས་དེར་འདང་རྒྱབ་འདུག་ཡོད་ནི་རེད། ཞང་གི་ལས་བྱེད་པ་ཚོས་ཁོ་ཞང་གི་དཔོན་པོ་ཞིག་གི་ཨེ་ལོག་གམ། དེའི་ཡར་ནང་གི་རྫོང་ལ་འགྲོ་ཨེ་ཐུབ་བམ་བསམ་ནས་མི་ཚེ་གང་བོར་དེར་འདང་རྒྱབ་འདུག་ཡོད་ནི་རེད། སྐྱེ་བ་ཕྱི་མར་ངན་སོང་གི་སྐྱེས་སྒོ་ཁེག་ཨེ་འགྲོ་བསམ་ནས་དེར་འདང་རྒྱག་ནི་གཅིག་ར་ཡོད་ནི་མ་རེད། ད་དོང་ཙེ་གི་དོན་དག་ལ་འབད། དཔོན་ས་མཐོ་ན་ཟླ་ཕོགས་མཐོ་ནི་ཡིན་ས་ཡོད་ཀི། ད་དེར་འདང་ཏག་ཏག་བརྒྱབ་ནས་བར་ཞིག་ལ་དཔོན་པོ་མཐོན་པོ་གི་ལོག་སོང་ན་ཁོས་ཁ་ཁེར་གྲགས་བྱེད་རྒྱུ་ཟེར་ནི་རེད། དེང་སང་དེ་འདྲ་ཡིན་ནི་རེད། སྤྱིར་འཇིག་རྟེན་གྱི་བྱ་བ་དེ་འདྲ་ཡིན་ནི་རེད། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་། །འཁོར་ལོས་བསྒྱུར་བ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ཅེས་རྒྱལ་བོ་ང་ལས་ནུའི་གཏམ་རྒྱུད་ཡོད་ནི་རེད། རྒྱལ་བོ་ང་ལས་ནུ་ཡུན་རིང་བོའི་བར་དུ་གསེར་གྱི་འཁོར་ལོས་བསྒྱུར་བའི་རྒྱལ་བོ་ཡིན་ནི་རེད། གླིང་བཞི་ལ་དབང་བསྒྱུར་བ་མ་ཟད་སུམ་ཅུ་རྩ་གསུམ་ལའང་དབང་བསྒྱུར་བ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེས་རབས་ན་ཡོད་ནི་རེད། རྒྱལ་བོ་ང་ལས་ནུ་དང་ལྷའི་དབང་བོ་བརྒྱ་བྱིན་གཉིས་ཁྲི་གཅིག་གི་སྟེང་དུ་བསྡད་པ་རེད། རྒྱལ་རབས་སོ་དྲུག་གི་རིང་ལ་ལྷའི་དབང་བོ་བརྒྱ་བྱིན་དང་ལྷན་གཅིག་ཏུ་ཁྲི་གཅིག་གི་སྟེང་དུ་བསྡད་དེ་དབང་ཆ་འདྲ་མཉམ་ཡོད་པ་རེད། ཉིན་ཞིག་ཁོས་འདང་བརྒྱབ་སྟེ་ཁོའི་བསོད་ནམས་ཟད་པའི་དུས་ལ་སླེབས་པ་རེད། ཁོས་ལྷའི་དབང་བོ་བརྒྱ་བྱིན་བསད་དེ་ཁོ་གཅིག་པུ་དཔོན་པོ་བྱ་བསམ་མ་ཐག་ཏུ་ཁོ་ཁྲི་སྟེང་ནས་ཡལ་སོང་བ་རེད། དེ་རིང་ནངས་ཁ་ཁྲི་སྟེང་ན་ལྷུང་གོ་ནི་མང་ཀའུ་ཚོའི་འཇིག་རྟེན་ཁམས་ན་རིག་ག ད་ཀྲུང་དབྱང་གི་དཔོན་པོ་ཡིན་མ་ཡིན་མེད་ཀི་ཁྲི་སྟེང་ན་ལྷུང་གོ་ནི་རེད་ཡ། ད་མིག་གིས་མཐོང་བ་གན་རེད། ད་དེ་གསུངས་པ་རེད། བརྒྱ་བྱིན་གྱིས་ལགས་སོ་ཞེས་ཁོ་ལ་གུས་པ་ན་ཁོ་འུར་ལངས་པ་རེད། ད་ཁོ་གཅིག་པུ་དཔོན་པོ་བྱ་རྒྱུ། ཁོ་གཅིག་པུས་ཁ་ཁེར་གྲགས་བྱེད་རྒྱུ་བསམ་པ་རེད། ད་དེ་ཐམས་ཅད་ཡོང་རྒྱུ་ཡིན་པ་ཆོས་ཉིད་ཡིན་ནི་རེད། ད་དེ་འདྲ་རེད། ལྟོས་དང་ཤེས་ནི་རེད། ལས་སྲོལ་ལ་ལྟོས་དང་ཧ་གོ་ནི་རེད། ལམ་རིམ་མ་ཤེས་ན་འཇིག་རྟེན་གྱི་འགྲོ་ལུགས་འདུག་ལུགས་ཏག་ཏག་ལ་དོན་གཉེར་བྱས་ན་དེ་འདྲ་ཡིན་ནི་རེད། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་། །སེར་སྐྱའི་གནས་ལ་ཕེབས་ཏེ་ཁོང་གཉིས་སྤྲོ་འཆམ་ལ་ཕེབས་པ་རེད། འཁོར་བ་དག་ན་ཡང་བྲན་ཉིད་དུ་འགྱུར། །འཇིག་རྟེན་གཏམ་གྱི་དཔེར། མི་ཆེན་ལྷུང་ན་གཡོག་པོ་མི་ཉན། གོས་ཆེན་ཐེད་ན་ལྷན་པ་མི་ཉན། ལམ་རིམ་བཤད་ཀོ་ནི་རེད་ཡ། ད་གཡོག་ར་བྱེད་ཤེས་ནི་མ་རེད། མ་མཐའ་ནང་ཡག་པ་ཞིག་ཀྱང་འཕྱག་ཤེས་ནི་མ་རེད། མ་མཐའ་ནང་ནས་ནངས་ཇ་ཞིག་ཀྱང་བསྐོལ་ཤེས་ནི་མ་རེད། ཐུག་པ་ཞིག་ཀྱང་བསྐོལ་ཤེས་ནི་མ་རེད། གཡོག་པོའི་གཡོག་པོ་བྱས་ཏེ་སེར་སྐྱའི་གནས་ནས་བཙུན་མོ་དང་གཉིས་ཀས་སྡུག་བཏག་ནི་རེད་ཡ། དེ་ལས་ཀྱི་དབང་གིས་སྐྱེ་བ་བླངས་པ་རེད་གསུངས་པ་རེད། ད་དེར་འདང་རྒྱག་དགོས་པ་རེད། དེའི་སྟབས་ཀྱིས་ལམ་རིམ་འདི་ཅུང་ཙམ་རེ་ཤེས་ན་འདང་ཅུང་ཙམ་རེ་བརྒྱབ་དང་ན་ཧྲ་རྒྱུ་ཅན་པོ། སྐྱེས་བུ་ཆུང་ངུའི་ཆོས་སྐོར་གྱི་མགོའི་བཤེས་གཉེན་བསྟེན་ཚུལ་གྱི་སྐབས་དེ་ན། འཇམ་མགོན་བླ་མ་ཙོང་ཁ་ཆེན་པོས་ལམ་སྤྱིའི་རྣམ་གཞག་ལ་ངེས་པ་བསྐྱེད་པ་ཅེས་དོན་བསྡུ་གསུངས་ཡོད་པ་མ་མཐའ་དེ་ཡིན་ནའང་བཏོན་ན་བཟང་གི། ཤོག་བུ་འགའ་རེ་མ་གཏོགས་མེད་ཀིལམ་སྤྱིའི་རྣམ་གཞག སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་ནང་དུ་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་འདུ་ཚུལ། སྐྱེས་བུ་གསུམ་གྱི་ལམ་དུ་གསུང་རབ་ཐམས་ཅད་འདུ་ཚུལ། སྐྱེས་བུ་གསུམ་གྱི་སྒོ་ནས་རིམ་པ་བཞིན་དུ་འཁྲིད་དགོས་པའི་རྒྱུ་མཚན་བསྟན་པའོ། །ཞེས་ལམ་སྤྱིའི་རྣམ་གཞག་ལ་ངེས་པ་བསྐྱེད་དགོས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཅི་ཞིག་གི་དོན་དུ་ཆོས་འཁོར་བསྐོར་བ་རེད་ཅེ་ན། སེམས་ཅན་ཀྱི་མངོན་མཐོ་ལྷ་མིའི་རྟེན་བཟང་དང་ཐར་བའི་གོ་འཕང་། མངོན་མཐོ་ངེས་ལེགས་གཉིས་ཀྱི་དོན་དག་ལ་ཆོས་འཁོར་བསྐོར་བ་རེད་ཅེས་དཔྱད་པ་རྒྱ་ཆེ་བ་གནངས་ནས་མདོ་སྔགས་གཉིས་ཀ་དེ་ན་གྲལ་དག་པ་བྱས་དོན་བསྡུ་ཤོག་བུ་བཅུ་ཁ་ཞིག་གི་ནང་བསྡུས་ནས་གསུངས་ཡོད་པ་འདོན་ཁོམ་རེ་ཡོད་དུས་ཐོན། ཤོག་བུ་གཅིག་རེ་གཉིས་རེར་ལྟོས། ལམ་རིམ་གྱི་དཔེ་ཆ་གསལ་བོ་རེ་གྲ་སྒྲིག་བྱོས། ཤི་ཆོས་དེ་ལྟར་སྒྲིགས་དང་དེ་རེད། ད་དེ་རིང་ལུང་ཙམ་ཞིག་འདོན་དགོས་པ་རེད། གྲྭ་ཚང་རིན་པོ་ཆེས་གསང་འདུས་རྩ་རྒྱུད་ཀྱི་ལུང་དགོས་གསུང་གོ་ཀི། གསང་འདུས་རྩ་རྒྱུད་ཀྱི་ལུང་འདི་ལཱ་མོའི་ཡོང་འཛིན་རྡོ་རྗེ་འཆང་གི་མདུན་ནས་ཐོབ་པ་རེད། དེའི་རྗེས་སུ་ཨ་ལགས་སྡེ་ཁྲི་རིན་པོ་ཆེས་རྒྱུད་པ་གྲྭ་ཚང་ལ་ལུང་གནང་བ་དེ་དུས་ཡང་ཐོབ་པ་རེད། ལུང་འདི་རྒྱལ་བ་རྡོ་རྗེ་འཆང་ནས་བཟུང་སྟེ་ལུང་རྒྱུན་མ་ཆད་པ་རེད། ད་དེར་ཐུགས་འདང་གནོང་དང་ཅུང་ཙམ་ཧྲ་ནི་རེད།

བླ་མ་དེ་བརྒྱུད་པ་རིམ་པ་བཞིན་དུ་ཡོང་བས་བྱིན་རླབས་ཀྱི་མཚན་ཁ་ཡོད་ནི་རེད། དེ་ཅན་པོའི་ལུང་གནང་དགོས་ནི་རེད། རྗེས་ནས་དབང་ཐོབ་དུས་ཚིག་གི་དབང་། དོན་གྱི་དབང་ཞེས་འཐོབ་རྒྱུ་ཡོད་ཀིདེ་ཐོབ་དུས་ལུང་ཐོབ་ཐོབ་པོ་བཀའ་འགྱུར་གྱི་ལུང་ཐོབ་ནའང་བཀའ་འགྱུར་བློར་འདོན་ཐུབ་པའི་ཕན་ཡོན་ཡོད་ནི་རེད། དོན་གྱི་དབང་ཐོབ་དུས་དེའི་དོན་ཐམས་ཅད་རྟོགས་ཐུབ་ནི་རེད། བཟོད་པའི་དབང་ཞེས་གཟུངས་བཞི་འཐོབ་རྒྱུ་ཡོད་ཀིཕར་ཕྱིན་གྱི་ཚོགས་སྒྲུབ་ཀྱི་སྐབས་ན་གཟུངས་ཀྱི་ཚོགས་ཡོད་ནི་རེད། སྦྱོར་ལམ་པའི་སྐབས་ན་འཐོབ་རྒྱུ་ཡོད་ཀིདེ་དུས་ཐུག་སེ་ཤེས་རྒྱུ་མ་རེད། འདི་ཚོ་ཐམས་ཅད་པོ་རྒྱལ་བ་རྡོ་རྗེ་འཆང་ནས་བརྒྱུད་པའི་བྱིན་རླབས་བར་མ་ཆད་པར་ཡོད་པས་དེའི་བྱིན་རླབས་ཐམས་ཅད་འཇུག་རྒྱུ་ཡིན་སྙམ་པའི་དད་པ་དག་སྣང་བྱོས་དང་བྱིན་རླབས་འཇུག་རྒྱུ་རེད། 

དེས་ན་འདི་ཚོ་ཉན་པ་དེ་ལ་སེམས་རྒྱ་ཆེན་པོ་བྱེད་དགོས་པ་རེད། རང་གི་དོན་དག་ལ་འདང་མ་རྒྱག རང་ཉིད་གཅེས་འཛིན་གྱི་ཀུན་ནས་མ་བསླངས་གསུངས་པ་རེད། རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ། །མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི། །དེའི་ཕྱིར་བདག་གཞན་བརྗེ་བའི་རྣལ་འབྱོར་ལ། །ཞེས་བླ་མཆོད་ལས་གསུངས་པ་ལྟར་རེད། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་དེ་ལ། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་བ་དང་ལྡན་པ་མཉམ་མེད་ཇོ་བོ་ཆེན་པོའི་བཀའ་བབས་རེད། བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ལ་གནང་པ་རེད། ཡང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་གསུངས་དུས་བདག་གཞན་མཉམ་བརྗེ་བྱེད་དགོས་ཚུལ། རང་ཉིད་གཅེས་འཛིན་བྱེད་མི་ཉན་ཚུལ། རྒྱུ་མཚན་ལ་སོགས་པ་རིགས་པའི་སྒོ་ནས་བསྒྲུབས་ནས་གྲལ་དག་པ་གནངས་ནས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་བདག་བདེ་འདོད་ལས་བྱུང་། །མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང་། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །མིག་གིས་ལྟོས་དང་གསུངས་པ་རེད། དེ་བདེན་གི་མོད། སངས་རྒྱས་བཅོམ་ལྡན་འདས་དང་འུ་ཚོ་མཉམ་གཅིག་ཏུ་དམྱལ་བར་སྐྱེས་ནི་རེད། མཉམ་གཅིག་ཏུ་འཁོར་བར་འཁོར་ནི་རེད། ཁོང་གིས་རང་དོན་ཡལ་བར་དོར་ནས་གཞན་དོན་གཙོ་བོ་དོན་དུ་གཉེར་ཏེ་སངས་རྒྱས་ཀྱི་གོ་འཕང་ཐོབ་སྟེ། འཛམ་གླིང་བྱེ་བ་ཕྲག་བརྒྱ་རི་རབ་བྱེ་བ་ཕྲག་བརྒྱ་འཇིག་རྟེན་གྱི་ཁམས་འདི་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་མཛད་པ་བཅུ་གཉིས་མཛད་ཀི་ཡོད་པར་ལྟོས་དང་། རང་ཉིད་གཅེས་འཛིན་མི་བྱེད་རོགས་གསུངས་པ་རེད། འུ་ཚོར་དེ་ལོབས་མེད་པས་འུ་ཚོས་དེ་དཀའ་ནི་རེད་ཡ། ནམ་ཡིན་ནའང་རང་དོན་ལ་འདང་བརྒྱབ་ཡོད་ནི་རེད། སྐྱེ་བ་ནས་སྐྱེ་བའི་བར་རང་དོན་གཅིག་པུ། རང་སྐྱིད་ཐབས་བདེ་ཐབས་རང་གི་དགྲ་འདུལ་གཉེན་སྐྱོང་གི་བྱ་བ་ཉེ་རིང་ཆགས་སྡང་བྱེད་མི་དགོས་སར་བྱེད་རྒྱུར་འུ་ཚོས་དེ་བསླབས་ཡོད་པས་དེ་ཚོའི་མགོ་སྨད་རྒྱུའི་དོན་དག་ལ་ཆོས་འདོན་ཀི་ཡོད་ནི་རེད། དེ་ཚོར་ཐུགས་འདང་གནང་རྒྱུ་གལ་ཆེན་རེད། དེ་ཚོ་དོན་བསྡུ་རེ་བྱས་ནས་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅད་ཐམས་ཅད་ཀྱི་དོན་དུ་འཐོབ་བྱ་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་བྱ། དེར་མ་ཟད་སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ནས་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་སྐུ་དག་པ་སྒྱུ་མའི་སྐུ་དང་ཐུགས་དག་པ་འོད་གསལ་གཉིས་ཟུང་དུ་འཇུག་པ་འདི་ཉིང་དགོས་མཐར་ཐུག་རེད། འདི་ལ་སློབ་པའི་ཟུང་འཇུག་དང་མི་སློབ་པའི་ཟུང་འཇུག་ལ་སོགས་པ་ཡོད། རྒྱུད་སྡེ་འོག་མ་གསུམ་གྱི་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར། རྒྱུད་སྡེ་གོང་མ་ཚོའི་བསྐྱེད་རྫོགས་ཀྱི་རྣམ་གཞག་དེའི་སྒོ་ནས་ཉམས་ལེན་བྱེད་རྒྱུ། ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་དག་པ་སྒྱུ་མའི་སྐུ་དང་ཐུགས་དག་པ་འོད་གསལ་གཉིས། སྒྱུ་མའི་སྐུའི་ཀུན་རྫོབ་བདེན་པའི་ལམ་རིམ། འོད་གསལ་བདེན་པའི་ལམ་རིམ་དང་དོན་དམ་བདེན་པའི་ལམ་རིམ་གཉིས་ཕར་དེད་ན་བདེན་གཉིས་ཀྱི་ཉམས་ལེན་འདི་གལ་ཆེན་རེད་ཅེས་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ཉི་ཁྲི་ན་གསུངས་དུས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །ཞེས་གསུངས། དེ་ཅི་རེད་ཅེས་ན། གཞི་ལ་བདེན་གཉིས་ཟུང་འཇུག་དང་ལམ་ལ་ཐབས་ཤེས་ཟུང་འཇུག་བྱོས་དང་འབྲས་བུ་ཆོས་གཟུགས་ཀྱི་སྐུ་གཉིས་ཟུང་དུ་འབྲེལ་པ་དེ་འཐོབ་རྒྱུ་རེད་དེ་དམིགས་ཡུལ་དུ་བྱས་ནས་ཤུ་རེ་བྱོས། རང་གིས་སེམས་ཅད་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་ཀྱི་ངོ་བོ་གང་འདྲ་བ་རེད་ཅེ་ན། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །དེ་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་། རྨད་བྱུང་མཚན་དཔེའི་དཔལ་འབར་ལོངས་སྤྱོད་རྫོགས། །ཡང་ཁ་སྦྱོར་བདུན་ལྡན་ལ་སོགས་པ་ཐུན་མོང་བ་གསུམ། ཐུན་མོང་མ་ཡིན་པ་བཞི་ལ་སོགས་པ་འདིའི་ཡོན་ཏན་གང་འདྲ་བ་རེད། སྔགས་རིམ་ཆེན་མོ་ཇི་ལྟར་གསུངས་ཡོད་པ། རང་གིས་ཐོས་བསམ་སྒོམ་པ་བྱེད་ས་ཁྲིགས་སེ་བཏང་ནས་དེ་ནས་དེའི་དོན་ལ་བརྟག་དཔྱད་བྱས་ན་བཟང་རྒྱུ་རེད། ད་སློབ་གྲྭ་ཚོའི་ནང་ནས་བཤད་དུས་མཁས་པ་རེད་ཟེར་རྒྱུ་ཅན་པོས་རང་ཐོག་ནས་དོན་དག་རེ་ལས་དུས་རང་དོན་རྐྱང་བ་མ་གཏོགས་ལས་རྒྱུ་མེད་པ་མཐོང་གསལ་ལྟར་རེད་མོད། ལས་བྱེད་པའམ་སུ་ཡིན་ནའང་བཤད་དུས་འཛམ་བུ་གླིང་གི་སྐད་ཆ་བཤད་ཀི་ཡོད་ནི་རེད། དོན་དག་ལས་དུས་རང་དོན་རྐྱང་བ་ལས་ད་དཔོན་པོ་ཚོས་ནོམ་པ་ཟ་བ་རྔ་མ་རྫོགས་ཀི་ཡོད་ནི་རེད། འུ་ཚོས་དེ་བྱེད་ཉན་ནི་མ་རེད། འུ་ཚོས་ཁ་ནས་བཤད་ནོ་ཅུང་ཙམ་རེ་དོན་དུ་ཡོད་དགོས་ནི་རེད། འུ་ཚོ་དགེ་ཚུལ་སློང་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་པ་རེད་མོད། རང་གིས་དེ་བརྗེད་ཉན་ནི་མ་རེད། སངས་རྒྱས་ཀྱི་བསྟན་པ་ཟེར་བ་ནི་གང་རེད་ཅེ་ན། ཆོས་འདུལ་བའི་ལག་ལེན་ལ་ཐུག་ཡོད་ནི་རེད། གང་ལ་ནན་ཏུར་བྱེད་པའང་ཡོད་ལས་ཀྱང་ཡོད་ན་དམ་པའི་ཆོས་གནས་པ་ཞེས་བྱའོ། །གང་ལ་ནན་ཏུར་བྱེད་པའང་མེད་ལས་ཀྱང་མེད་ན་དམ་པའི་ཆོས་ཞིག་པ་ཞེས་བྱའོ། །གཙོ་བོ་སྡོམ་ཁྲིམས་ལ་ཐུགས་འདང་གནང་རྒྱུ་གལ་ཆེན་རེད། སྡོམ་ཁྲིམས་དེ་རྒྱུད་ལ་ཡོད་ན་ལུས་ཀྱི་ཚི་དང་ཁ་ལག་བཀྲུས་པའི་ཁྲུད་ཁུ་ཡན་ཆད་ནད་པ་ཚོའི་ལག་ཏུ་ཡོང་གི་མེད་ཀི་ཡ། དེ་འཐུང་དང་ན་དྲག་འགྲོ་བ་ཚུལ་ཁྲིམས་ཀྱི་སྟོབས་ཀྱིས་རེད། དེ་ནས་ཁྱེད་ཚོས་མཚོ་ནང་ལ་གཏེར་རྒྱག་གིན་མ་འདུགདེང་སེང་ཨ་ཁུ་ཚོར་དེ་ལོབས་ཀིན་འདུགདགོས་མི་དགོས་ཉ་ཉོག་མང་བོ་འཕངས་པས་ཀླུ་ནད་པ་མང་གི། དེ་ལས་ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་རེ་བཏོན་ནས་ཀླུ་སྨན་རེ་གཏོར་དང་བཟང་གི།

གལ་ཏེ་ཁྱེད་ཚོ་མཚོ་ཁར་འགྲོ་རྒྱུར་དགའ་ན་དེ་ལྟར་བྱོས་དང་བཟང་གི། ཚུལ་ཁྲིམས་དང་ལྡན་པ་དག་གི་ཁ་ལུད་སྣབས་ལུད་བཀྲུ་ཁུ་འདི་ཡ་མཚན་པ་ཡིན་པས་ལག་ཏུ་ཡོང་གི་མེད་ཀི གྲོང་བ་ཚོར་བྱིས་པ་འཁོར་བྱེད་ཀྱི་སྲུང་འཁོར་ཞིག་དགོས་ནའང་དགེ་སློང་ཞིག་གི་གདིང་བའི་སྣེ་ནས་ཅུང་ཙམ་རེ་སྲུང་འཁོར་གྱི་རྫས་སུ་ལེན་ཀི་ཡོད་པའང་ཚུལ་ཁྲིམས་ཀྱི་སྟོབས་ཀྱིས་རེད། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད་པས་རེད། ཡང་དེའི་ཚབ་ཏུ་བུ་བདུན་ཨ་མའི་གོས་དགོས་ཞེས་བུ་བདུན་ཅན་གྱི་ཨ་མ་ཞིག་དགོས་ཀཕ་མ་གཉིས་འཛོམས་ཡིན་དགོས་པ་བུ་བདུན་པོ་ཡོད་དགོས་ནི་རེད། འདི་འཇིག་རྟེན་ཀྱི་བཅོས་ཀ་རེད། གཞན་པ་བོ་ཆོས་ཀྱི་བཅོས་ཀ་རེད། 

སྐྱབས་མཆོག་འཇིགས་མེད་དབང་བོ་ཁོང་གིས་བུ་མེད་པ་དག་ལ་ན་བཟའ་ཅུང་ཙམ་རེ་བཅུག་སྟེ་ནང་ལ་ཡི་གེ་བྲིས་ཏེ་དགེ་སློང་འཇིགས་མེད་དབང་བོས་ཚུལ་ཁྲིམས་བསྲུངས་པའི་མཐུ་ལ་བརྟེན་ནས་བུ་མེད་པ་ལ་བུ་འབྱུང་བར་གྱུར་ཅིག་ཅེས་ཐུགས་སྨོན་གནང་བ་རེད། དེའི་མཐུ་ལས་བུ་སྐྱེས་པ་རེད། ཁོང་ཞིང་ཕེབས་སོང་བའི་རྗེས་ནས་ཁྱིམ་ཚང་ཅིག་ཚང་ལ་བུ་མེད་ཐ་ར་སྐྱབས་མཆོག་འཇིགས་མེད་དབང་བོས་སྲུང་འཁོར་གནང་བས་བུ་སྐྱེས་པ་རེད་ཟེར། དེའི་ནང་ན་ཅི་ཡོད་བལྟ་ཞེས་ཁ་ཕྱེས་པས་ནང་ན་ཡི་གེ་དེ་དང་ན་བཟའ་ཅུང་ཟད་རེ་མ་གཏོགས་མེད་སོང་བ་རེད། ཁོང་འདྲ་འདྲ་ཚུལ་ཁྲིམས་སྲུང་མཁན་ཞིག་མདོ་སྨད་ལ་མ་བྱོན་ནི་རེད། འཕགས་པ་ཉེ་བར་འཁོར་བསམ་བཞིན་དུ་བྱོན་པ་རེད། ཡ་མཚན་པ་ཡིན་ནི་རེད། སྐུ་ཚེ་གང་བོར་གཉོམ་ཆུང་ཚུལ་མཐུན་གནང་ནས་གྲྭ་བ་ཚོའི་ཤག་ཏུ་ཕེབས་ཏེ་མ་མཐའ་ནང་འཕྱག་ཚུལ་ཇ་སྐོལ་ཚུལ་ཐབ་ཀ་ལས་ཚུལ་སོགས་ནམ་རྒྱུན་གསུང་གིན་འདུག་པས། ནམ་ཞིག་འུ་ཚོར་བསོད་ནམས་མེད་པས་ཡང་ཐོན་གཏོང་ཐལ་ཅན་པོ་ཟེར་ཀོ་ནི་རེད། དེ་འདྲའི་ཤ་ཚ་ནི་རེད། 

འུ་ཚོའི་ཨ་ལགས་གཤེགས་པ་ཡང་དེ་འདྲ་རེད། རྒྱས་རྒྱས་སྤྲས་སྤྲས་གནང་ནི་མ་རེད། ད་ཡང་དང་ཡང་དུ་དེ་འདྲ་དཀའ་ནི་རེད། འུ་ཚོའི་ལག་ཏུ་ཡ་མཚན་ཞིག་ཡོང་ཡོད་ནི་རེད་ཡ། 

དགོན་པ་བཀྲ་ཤིས་འཁྱིལ་བ་ཚང་བླ་མ་རྒན་པ་མང་ནི་རེད་དེ་ཁོང་གཅིག་པུ་མ་གཏོགས་དེ་ལྟར་བཞུགས་ཡོད་ནི་འེ་ཡོད་ཀི་ལྟོས་དང་། མཐོ་དམན་བར་གསུམ་ལ་ལྟོས་དང་ཧ་གོ་རྒྱུ་ཡོད་ནི་རེད། དད་པ་དག་སྣང་གིས་གསུང་ཁ་ལེན་རྒྱུ། ཁོང་བཞུགས་མེད་ནའང་གསུང་ཁ་ལེན་རྒྱུ་གལ་ཆེན་རེད། ང་ནི་མྱ་ངན་འདས་གྱུར་ན། །འདི་ནི་ཁྱེད་ཀྱི་སྟོན་པ་ཞེས། །གསུངས་པ་ལྟར་རེད། ངེད་དཔོན་གཡོག་གཉིས་ཀ་སློབ་གྲྭའི་ནང་ནས་ངོ་ཤེས་སོང་བས་དོན་འདིའི་རྔ་མ་ཕུད། ཐམས་ཅད་པོ་གྲལ་དག་བྱས་པ་ཡིན། 

ཁྱེད་དཔོན་གཡོག་གིས་ཀྱང་ཁོང་གི་གསུང་ཁ་བླངས་ཏེ། རང་གི་སྡོམ་ཁྲིམས་སྲུང་དགོན་པའི་ནང་ནས་ཡོན་ཏན་རེ་ཨེ་འགོ་ལྟོས། རྒྱས་རྒྱས་སྤྲས་སྤྲས་མི་བྱེད་རྒྱུ། ཕྱི་འདུ་འཛིས་དབེན་པ། ནང་རྣམ་རྟོག་གིས་དབེན་པ། ཁང་བ་སྐྱིད་པོ་རེ་ལས་དགོས་ནའང་ཡང་དང་བསྐྱར་དུ་ལས་དགོས་ནི་མ་རེད། དོང་ཙེ་མང་སོང་དུས་འདུག་གི་འཇུག་ནི་མ་རེད། ཡང་ཁང་བ་ཇེ་བཟང་ལ་གཏོང་དགོས། རྒྱ་ཕུབ་བྱེད་དགོས། ཡང་བོད་ཕུབ་བྱེད་དགོས། ཡང་དེང་སང་རྒྱ་ཕུབ་ཅན་པོ་མི་བཟང་གི་བོད་ཕུབ་ཅན་པོ་བཟང་གི་ཞེས་ལས་རྒྱུ་མང་ནི་རེད། དེ་ལས་ན་ཆོག་གི་ར། མཆོག་ཏུ་གྱུར་བ་རྒྱ་ཆེན་པོ་དེ་འདྲ་མ་ལས་ན་བཟང་ནི་རེད། སངས་རྒྱས་ཐུགས་རྗེ་ཅན་གྱི་ཞབས་འདྲེན་བྱས་པ་རེད་བཟང་ནི་མ་རེད། དགོན་པའི་ནང་ཡོན་ཏན་གསོག་དགོས་ནི་རེད། ནོམ་པ་གསོག་དགོས་ནི་མ་རེད། དེ་ཐུགས་ལ་ནོབས། 

དེ་རིང་ཁ་བརྡ་བྱེད་ཀི་ཡོད་ནི་རེད། ཁོང་གི་ཚབ་ཏུ་ངས་ཁ་བརྡ་བྱེད་ཀི་ཡོད་ནི་རེད། ཁོང་གི་ཐུགས་རྗེ་དང་སྟོབས་ལས་ང་འདིར་ཐོན་པ་རེད། སྐུ་གདུང་དང་འདི་ཚོ་ལ་བདག་རེ་བྱས་བཀོད་པ་རེ་བཞག་དེ་འདྲ་བྱས་པ་རེད། དེ་མ་བྱས་དུས་རྗེས་ན་བདག་པོ་ཡོད་ལོས་ཡོད་ར་ད་དེ་འདྲ་ཞིག་རེད། དེ་ཞིབ་མོ་བྱས་ཏེ་རྔ་མ་ཕུད་པ་ཡིན། 

ཡང་འདི་ནས་ལུང་རེ་བཏོན་ཏེ་དེ་རིང་ཕྱིར་བུད་འགྲོ་རྒྱུ་རེད། ད་གྲོང་བར་ཁ་བརྡ་བྱས་ཡོད། དགོན་པར་ཡང་ངས་ཤེས་ཚོད་ཀྱིས་ཁ་བརྡ་བྱས་ཡོད། ཁོང་གི་ཁ་བརྡ་བསླབ་བྱ་ཅི་ཡོད་ན་དེ་བརྗེད་ཀི་མ་འཇུག །རང་ལ་ལས་འབྲེལ་ཡོད་སའི་བླ་མ་རེད། ང་ལས་འབྲེལ་ཡོད་མེད་ཅུང་ཙམ་རེ་ཡོད་རྒྱུ་རེད་ར་ཧ་ཅང་གི་མི་ཤེས། རྗེས་མར་ཡོང་རྒྱུའི་བྱ་བ་རེ་ཡོད་ན་ཀུན་མཁྱེན་རིན་པོ་ཆེ་ཁོང་ཚང་ཞུ་དགོས་ནི་རེད། ད་ཐེངས་ཀྱི་འདི་ཁོང་གི་སྐུ་གདུང་གྲལ་དག་བྱེད་དགོས་པས་ཁོང་ཚང་ཞུས་ཡོད་ནི་མ་རེད། མཚམས་འདི་ནས་གསང་འདུས་རྩ་རྒྱུད་ཀྱི་ལུང་ཞིག་འདོན་རྒྱུ་ཡིན།

ཐེངས་འདིར་ཁོང་གིས་གནང་བའི་ལུང་ཐོ་ནི། གསང་འདུས་རྩ་རྒྱུད། བདེ་མཆོག་རྩ་རྒྱུད། ལམ་གཙོ་རྣམ་གསུམ། གསང་འདུས་སྨོན་ལམ། སྐྱབས་འགྲོ་རིང་བོ། དགའ་ལྡན་ལྷ་བརྒྱ་མ། པོ་ཏི་ལྔའི་སྨོན་ལམ། ཚེ་ལྷ་རྣམ་གསུམ་གྱི་གཟུངས། སྒྲོལ་དཀར་བསྟོད་པ། རིགས་གསུམ་མགོན་པོའི་གཟུངས། ཐུགས་རྗེ་ཆེན་པོའི་གཟུངས་རིང་། འཇམ་དབྱངས་དཀར་སེར་གཉིས། ཕྱག་རྡོར་གཏུམ་ཆེན་དང་གཏུམ་ཆུང་། འཁོར་ཆེན་རྩ་སྔགས། མ་རི་ཙྱཻ་ཟློག་པ་དང་བཅས་པ། དམ་ཚིག་རྡོ་རྗེ་བཟླས་པ་བཅས་གནངས་པ་ཐོབ། ༢༠༡༩ལོའི་ཧོར་ཟླ་༣པའི་ཚེས༩ཉིན།

རབ་གནས་ཆུ་སྟག་ལོའི་སྣྲོན་ཟླའི་དཀར་ཕྱོགས་བཟང་བོ་གསུམ་པར་སྒྲ་བཤུས་མཇུག་རྫོགས་པར་བྲིས་པ་དགེ་གྱུར་ཅིག

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།