ཕ་མའི་མདོའི་འགྲེལ་པ་གཞན་ཕན་འོད་སྣང་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-10-05 12:04:54     རྩོམ་པ་པོ།   སེར་སྨད་དགེ་བཤེས་ཉི་མ།     ཀློག་ཐེངས།  

 ༡མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ།

བདུད་ཀྱི་མཚོན་ཆ་ཇི་ཙམ་རྣོ་ཡང་ཁྱོད་ལ་ཟུག་པའི་སྐལ་བ་མེད། །

ལྷས་བྱིན་སྒྱོག་རྡོ་ཇི་ཙམ་འཕང་ཡང་ཁྱོད་ལ་ཕོག་པའི་གོ་སྐབས་མེད། །

ལེགས་པའི་སྐར་མ་ཇི་ཙམ་འགྲས་ཀྱང་ཁྱོད་ལ་སྐྱོན་གྱི་དྲི་མ་མེད། །

བདུད་བཅོམ་ཤཱཀྱའི་དགེ་སྦྱོང་ཁྱོད་ལ་སེམས་ཡོད་སུ་ཞིག་དད་མི་འགྱུར། །

འདས་དང་མ་འོངས་ད་ལྟ་དུས་གསུམ་གྱི། །

སངས་རྒྱས་ཀུན་གྱིས་མགྲིན་གཅིག་དབྱངས་གཅིག་ཏུ། །

ཡང་ཡང་བསྔགས་བརྗོད་མེ་ཏོག་གཏོར་བའི་ཡུལ། །

དྲིན་ཅན་ཕ་མར་དང་བའི་མེ་ཏོག་འབུལ། །

ཕ་མའི་སྐུ་དྲིན་བརྗོད་བྱ་རྒྱ་མཚོའི་ཁྱོན། །

བདག་བློ་རུས་སྦལ་འགྲོས་ཀྱིས་མི་ཆོད་ཀྱང་། །

ཇི་ལྟར་རྒྱ་མཚོ་ཆུ་ལས་ཆུ་ཐིགས་བཞིན། །

ཕ་མའི་མདོ་ཡི་དགོངས་པ་འགྲེལ་ལ་སྤྲོ། །

 ༢མཚན་དོན་འགྱུར་ཕྱག་དང་བཅས་པ་བཤད་པ།

 འདིར་ཕ་མའི་མདོ་ཞེས་བྱ་བ་ནི་གང་བཤད་པར་བྱ་བའི་ཆོས་སོ། ། དེ་འཆད་པ་ལ་མཚན་དོན་འགྱུར་ཕྱག་དང་བཅས་པ་བཤད་པ་དང་། གཞུང་དོན་ནོ། །

 དང་པོ། རྒྱ་གར་སྐད་དུ་ཞེས་སྨོས་པ་ནི་འཕགས་པའི་ཡུལ་ན་སྐད་རིགས་བཞི་ཡོད་པའི་ལེགས་སྦྱར་གྱི་སྐད་དུ་ཞེས་པའོ། ། པི་ཏྲྀ་མཱ་ཏྲྀ་སཱུ་ཏྲ་ཞེས་པ་ནི། པི་ཏྲྀ་ཕ་དང་མི་ཏྲྀ་ནི་མཱ་སཱུ་ཏྲ་ནི་ཞེས་བྱ་བའི་དོན་ནོ། ། བོད་སྐད་དུ་ཞེས་པ་ནི་གངས་ཅན་བོད་པའི་སྐད་དུ་བསྒྱུར་ན་ཞེས་པའོ། །གང་ཞེ་ན་ཕ་མའི་མདོ་ཞེས་པའོ། །   

 འགྱུར་ཕྱག་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ ལ་ཕྱག་འཚལ་ལོ། ། ཞེས་འབྱུང་། འདི་ནི་འགྱུར་ཕྱག་དང་སྔོན་གྱི་ཆོས་རྒྱལ་རྣམས་ཀྱི་བཀས་བཅད་པ་དང་མཐུན་པ་སྡེ་སྣོད་ངོས་འཛིན་ཡང་ཡིན་ནོ། ། སངས་རྒྱས་ཞེས་པ་ནི། རིག་པའི་དོན་ཏེ། བདག་ཉིད་ཀྱང་རིག་ལ་གཞན་ཀྱང་རིག་ཞེས་པའོ། ། དེ་ཡང་ཉོན་མོངས་པ་ཐམས་ཅད་རིག་ལ་དེ་རིག་པས་ཉོན་མོངས་གཞན་གྱིས་གནོད་པ་མི་ཚུགས་སོ། ། དཔེར་ན། ཁྱིམ་དུ་རྐུན་པོ་འོང་བ་རིག་ན་དེས་གནོད་པ་མི་ཚུགས་པ་བཞིན་ནོ། ། ཞེས་མདོ་འགྲེལ་དག་ལས་གསུངས་སོ། ། བྱང་ཆུབ་སེམས་དཔའ་ཞེས་པ་ནི། བྱང་ཆུབ་ཆེན་པོ་ཆོས་སྐུ་ཡིན་ལ་དེ་ཐོབ་པར་བྱ་བའི་དོན་ དུ་སེམས་དཔའ་བས་ན་དེ་སྐད་བརྗོད་དེ། མདོ་ལས། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། ། རྟོག་པ་ཐམས་ཅད་སྤངས་པའོ། ། གང་ཞིག་དེ་ནི་ཐོབ་འདོད་པ། ། བྱང་ཆུབ་སེམས་དཔའ་ཞེས་སུ་བརྗོད། ། ཞེས་ཇི་སྐད་བརྗོད་པ་ལྟ་བུའོ། ། ཐམས་ཅད་ནི། མ་ལུས་པ་ཞེས་པའི་དོན་དང་། ཕྱག་འཚལ་ཞེས་པ་ནི། སྡིག་པ་ཕྱག་ནས་སངས་རྒྱས་བྱང་སེམས་རྣམས་ཀྱི་ཡོན་ཏན་རྣམས་རང་རྒྱུད་ལ་བསྩལ་རོགས་ཞེས་གསོལ་བའི་དོན་ཡིན། དེ་ལ་ལུས་ངག་ཡིད་གསུམ་མོ། །

 ༣མདོ་ལས་བྱུང་བའི་གླེང་གཞི།

 གཞུང་དོན་དངོས་ལ་གཉིས། མདོ་ལས་བྱུང་བའི་གླེང་གཞི་དང་། དེ་ལས་བྱུང་བའི་མདོ་དངོས་སོ། །

 དང་པོ་ནི། འདི་སྐད་བདག་གིས། ཞེས་པ་ནས། ཀུན་དགའ་ར་བ་ན་བཞུགས་སོ། ། ཞེས་པའི་བར་རོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་པ་ཐོག་མར་སྨོས་པའི་དགོས་པ་ནི། སྟོན་པ་མྱ་ངན་ལས་འདའ་ཁར་ཀུན་དགའ་བོས་དྲི་བ་རྣམ་པ་བཞི་དྲིས་པའི་གཅིག་ནི། སླད་མར་མདོ་སྡེ་རྣམས་ཀྱི་ཀླད་ལ་ཚིག་ཇི་སྐད་སྨོས་དགོས་སམ་ཞེས་གསོལ་བ་ན། སྟོན་པའི་ཞལ་ནས། མདོ་སྡེ་རྣམས་ཀྱི་ཀླད་ལ་འདི་སྐད་བདག་གིས་ཐོས་པ་ཞེས་བྲིས་ཤིག་ཅེས་བཀའ་བསྩལ་བ་མྱང་འདས་ཀྱི་མདོ་ལས་གསུངས་སོ། ། དོན་ནི་འཆད་འགྱུར་གྱི་གཞུང་འདི་སྟོན་པ་ཉིད་ལས་ལྷག་ཆད་མེད་པའི་སྒོ་ནས་ཀུན་དགའ་བོ་བདག་གིས་དངོས་སུ་རྣ་བས་ཐོས་ ཀྱི། གཞན་བརྒྱུད་ནས་ནི་མིན་པ་དང་། དེ་ཡང་དུས་བཞིའི་ནང་ནས་རྩོད་པའི་དུས་དང་། དེ་ཡང་ལན་མང་མ་ཡིན་པར་སྐད་ཅིག་མ་གཅིག་ལ་ལན་གཅིག་ཁོ་ནར་ཐོས་ཞེས་པའོ། །

 ཡང་ན། དུས་གཅིག་ན་ཞེས་པ་ནི། མདོ་འདི་དུས་སྐད་ཅིག་མ་གཅིག་ལ་ཐོས་པའི་དོན་ལ་སྦྱར་ན། སྡུད་པ་པོ་ཤེས་རབ་ཆེ་བར་བསྟན་ལ། དུས་གཅིག་ལ་ཐོས་ཀྱི་དུས་གཞན་ལ་མ་ཐོས་ཞེས་པའི་དོན་དུ་སྦྱར་ན་ཆེས་དཀོན་པ་དང་རྙེད་དཀའ་བ་བསྟན་ཚུལ་ལ་སྦྱར་ནས་འགྲེལ་བའི་སྒོ་མང་ངོ་། །

  འདི་སྐད་ཅེས་པ་ནི། རྣམ་ཐོས་ཀྱི་བུ་བཞིན་ཕྱུག་པའི་ཕྱིར། དཔེ་དེ་ཁོ་ན་བཞིན་ཞེས་ པ་དང་། ཇི་ལྟར་བསྒོ་བ་དེ་བཞིན་མཉན་པས་ན་དེ་བཞིན་ཞེས་པ་དང་། ཇི་སྐད་དྲིས་པ་དེ་བཞིན་ལན་བཏབ་པའི་ཕྱིར། འདི་སྐད་ཅེས་པ་དང་། གཞན་གྱིས་སྨྲས་པ་དེ་ལྷག་ཆད་མེད་པར་བསྐྱར་དུ་ཟློས་པ་ལ་འདི་སྐད་ཅེས་བརྗོད་པ་བཞི་ལས་འདིར་ནི་ཕྱི་མ་ཡིན་ཏེ། སྔོན་སྟོན་པས་ཇི་སྐད་བཤད་པ་དེ་བཞིན་དུ་ཟློས་པའི་ཕྱིར་འདི་སྐད་ཅེས་བྱའོ། །

 ཡང་ན་འདི་སྐད་ཅེས་པ་མདོ་འདི་ལས་ཕ་མའི་དྲིན་ལན་འཇལ་ཚུལ་འོག་ནས་འབྱུང་བ་ལ་བྱའོ། ། དེ་བཞིན་བདག་གིས་ཐོས་པ་སོགས་ལ་ཡང་བཤད་ཚུལ་མི་འདྲ་བ་མང་དུ་སྣང་ངོ་། ། གང་ཟག་སུ་ལས་ཐོས་ཤེ་ན། བཅོམ་ལྡན་འདས་ཞེས་འབྱུང་། འཁོར་གང་དང་ལྷན་ཅིག་ཏུ་ཐོས་ཤེ་ན། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཞེས་འབྱུང་ངོ་། །

  དོན་བསྡུས་ན། བཅོམ་ལྡན་འདས་དང་འཁོར་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལྷན་ཅིག་ཏུ་ཡོད་པ་ལས་སོ། ། བཅོམ་ལྡན་འདས་ཞེས་པ་ནི། བདུད་བཞི་བཅོམ་པས་ན་བཅོམ་དང་། ཡོན་ཏན་ཐམས་ཅད་དང་ལྡན་པས་ན་ལྡན་དང་། སྲིད་ཞིའི་མཐའ་ལས་འདས་པས་ན་འདས་པའོ། ། ཉན་ཐོས་ཞེས་པ་ནི་སླའོ། ། དགེ་འདུན་ཞེས་པ་ནི། མི་ཕྱེད་པའི་དོན་ཏེ། མདོ་ལས། བདུད་རྣམས་བྱེ་བ་ཕྲག་བརྒྱས་ཀྱང་། ། དགེ་འདུན་དབྱེ་བ་མི་ནུས་ཏེ། ། ཞེས་དང་། བློ་གྲོས་མི་ཟད་པའི་མདོ་ འགྲེལ་དུ། དགེ་འདུན་ཞེས་པ་ནི་ལྟ་བ་དང་སྤྱོད་པ་ལ་སོགས་པ་མཐུན་པས་ལྟ་བ་གཞན་གྱི་མི་ཕྱེད་པ་ལ་བྱའོ། ། ཞེས་གསུངས་པ་ལྟར་རོ། །

 ཤེར་མདོ་སོགས་མང་པོ་ཞིག་ཏུ་བཅོམ་ལྡན་འདས་ཀྱི་འཁོར་དུ་བྱང་ཆུབ་སེམས་དཔའ་ཡང་སྨོས་འདུག་མོད་ཀྱང་། འདིར་ཉན་ཐོས་མ་གཏོགས་མིི་སྨོས་པ་ཅི་ཞེ་ན། འཁོར་ཀྱི་ཉན་ཐོས་ནི་རབ་བྱུང་ཡིན་པས་དེ་བཞིན་གཤེགས་པའི་ཆ་ལུགས་དང་མཐུན་པས་སམ། ཡང་ན་བཅོམ་ལྡན་འདས་དང་རྟག་ཏུ་ཞབས་འབྲིང་གི་ཚུལ་དུ་ཡོད་པས་རིང་དུ་མ་གྱུར་པས་ན་དེ་ཙམ་སྨོས་ཀྱི། བྱང་སེམས་སོགས་གཞན་རྣམས་མེད་པས་ནི་མིན་ཏེ།

 དཔེར་ན། ཤེས་རབ་སྙིང་པོར། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ཙམ་གླེང་གཞི་ལས་འབྱུང་ཡང་། མཇུག་ཏུ་རྗེས་སུ་ཡི་རང་སྐབས་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟ་ རྣམས་ཀྱང་དངོས་སུ་གསུངས་པ་བཞིན་ནོ། ། དེས་ན་མདོ་མང་ཆེ་བའི་གླེང་གཞིར་ཉན་ཐོས་ཡོད་པར་གསུངས་མོད་ཀྱང་ངེས་པ་ནི་མིན་ཏེ། མདོ་སྡེ་ས་བཅུ་པ་དང་འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོ་བྱང་སེམས་ལ་གསུངས་ཀྱི། འཁོར་ཉན་ཐོས་མེད་པ་མདོ་དེ་རྣམས་ཀྱི་འགྲེལ་པར་གསུངས་པས་སོ། །

 ཡང་ན་འདིར་འཁོར་བྱང་སེམས་ཡོད་ཀྱང་གཙོ་བོ་མ་ཡིན་པའི་ཕྱིར་མ་སྨོས་པ་ཡིན་ཏེ། དཔེར་ན། མདོ་སྡེ་ས་བཅུ་པའི་འགྲེལ་པ་ལས། གཞན་དག་ཀྱང་ཡོད་མོད་ཀྱི་གཙོ་བོ་མ་ཡིན་པའི་ཕྱིར་མ་སྨྲོས་སོ། ། ཞེས་གསུངས་པ་དང་མཐུན་སྙམ། གནས་གང་དུ་ཐོས་ཤེ་ན། མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། ཞེས་འབྱུང་།

 དོན་ནི། གྲོང་ཁྱེར་དྲུག་གི་ནང་ཚན་མཉན་ཡོད་དང་། ཁྱད་པར་དུ་རྒྱལ་པོ་གསལ་རྒྱལ་གྱི་རྒྱལ་བྱེད་ཚལ། བྱེ་བྲག་ཏུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཅོམ་ལྡན་འདས་རྡོ་རྗེ་སྐྱིལ་ཀྲུང་གི་ཚུལ་གྱིས་བདུད་འདུལ་བའི་ཕྱག་རྒྱ་དང་བཅས་ཏེ་བཞུགས་པའི་སྐབས་སུ་ཐོས་ཞེས་པ་དང་། འདིའི་བཞུགས་ཚུལ་ནི་བཞུགས་ཚུལ་བཞིའི་ནང་ནས་སྤྱོད་ལམ་གྱི་བཞུགས་ཚུལ་ཡིན་ནོ། ། སྤྱིར་བཞུགས་ཚུལ་ལ་རྒྱ་འགྲེལ་རྣམས་སུ་བཤད་ཚུལ་མང་དུ་སྣང་ངོ་། །

 མཉན་ཡོད། རྒྱལ་བྱེད་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ཞེས་གསུམ་སྨོས་པ་ནི་མཉན་ཡོད་དང་རྒྱལ་བྱེད་ཚལ་རྣམས་ནི་རྒྱ་ཆེ་བས་དེ་རྣམས་གང་དུ་བཞུགས་ངེས་དཀའ་བས་སྤྱི་དང་བྱེ་བྲག་གི་ཁྱད་པར་བསྟན་པའི་ཕྱིར་དུ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ཞེས་སྨོས་པ་ཡིན་ནོ། ། དཔེར་ན། སཱ་ལུ་ལྗང་བའི་མདོ་འགྲེལ་དུ། རྒྱལ་པོའི་ཁབ་ནི་རྒྱ་ཆེ་སྟེ། རྒྱལ་པོའ་ིཁབ་ཀྱི་གང་དུ་བཞུགས་གཏོལ་མེད་པས་དེའི་ཕྱིར། བྱ་རྒོད་ཕུང་པོའི་རི་ལ་ཞེས་བྱ་བ་སྨོས་ཏེ། ཞེས་ཇི་སྐད་གསུངས་པ་བཞིན་ནོ། །

    བསྡུ་ན། འདི་སྐད་ཅེས་པས་ཆོས་དང། དུས་གཅིག་ན་ཞེས་པས་དུས་དང་། བཅོམ་ལྡན་འདས་ཞེས་པས་སྟོན་པ། ཉན་ཐོས་ཀྱི་དགེ་འདུན་ཞེས་པས་འཁོར། མཉན་དུ་ཡོད་པ་ཞེས་སོགས་ཀྱིས་གནས་ཕུན་སུམ་ཚོགས་པ་དང་བཅས་ཕུན་སུམ་ཚོགས་པ་ལྔ་བསྟན་ཏོ། །

 འགའ་ཞིག་གིས། བདག་གིས་ཐོས་ཞེས་པས་འཁོར་ཕུན་ཚོགས་བསྟན་པ་གསུངས་ཀྱང་། འདིས་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་སྡུད་པ་པོ་བསྟན་པ་མ་གཏོགས་གཞན་མི་འཐད་དོ། །

    དོན་དྲིལ་ན། བདག་གིས་ཐོས་ཞེས་པ་གཅིག་པོ་ལ་ཡང་རང་ཉིད་འཆད་པ་པོ་བཀག་ནས་འཆད་པ་པོ་བཅོམ་ལྡན་འདས་བསྟན་པ་དང་། ཐོས་ཞེས་པ་ནི་དུས་གང་གི་ཚེ། གང་ཟག་གང་ལས། འཁོར་གང་དང་ལྷན་ཅིག་ཏུ། གནས་གང་དུ་ཐོས་སོགས་བཤད་ཚུལ་མང་དུ་ཡོད་དོ། ། སོ་ཞེས་པ་ནི་རྫོགས་ཚིག་སྟེ་སླའོ། ། ཡང་བཅོམ་ལྡན་འདས་འཁོར་དང་བཅས་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་བཞུགས་ན། སྔར་ནས་ཡིན་ནམ་ཡུལ་གཞན་ནས་བྱོན་པ་ཡིན་ཟེར་ན། གོང་དུ་དུས་གཅིག་ན་ཞེས་པའི་ཚིག་གིས་སྔར་ནས་བཞུགས་པ་མིན་ཡང་། ཆེད་དུ་གཉེར་ནས་མདོ་འདི་གསུངས་པའི་དོན་དུ་གནས་གཞན་ནས་བྱོན་ཏེ། འདི་ཉིད་ལ་བཞུགས་ཞེས་པའོ། ། གླེང་གཞི་སྨོས་པའི་དགོས་པ་ནི། ཉན་པ་པོ་རྣམས་ཀྱིས་མདོ་འདི་སྡུད་པ་པོས་དངོས་སུ་ལྷག་ཆད་མེད་པར་ཐོས་པར་གོ་ན། དེ་ལ་རྣ་བ་ལེགས་པར་གཏད་པར་འགྱུར་བའི་དགོས་པ་ཡོད་པས་སོ། །

 ༤དེ་ལས་བྱུང་བའི་མདོ་དངོས་བཤད་པ།

 གཉིས་པ་དེ་ལས་བྱུང་བའི་མདོ་དངོས་བཤད་པ་ལ། ཕ་མ་གཉིས་ཚངས་པ་ སོགས་སུ་འདྲ་བར་སྒྲུབ་པ་དང་། རྗེས་སུ་ཡི་རང་མཛད་ཚུལ་ལོ། ། དང་པོ་ལ་རྒྱས་པར་བཤད་པ་དང། དོན་བསྡུ་བ་གཉིས།

 ༥ ཕ་མ་གཉིས་ཚངས་པ་སོགས་སུ་སྒྲུབ་པ།

 དང་པོ་ནི། དེར་བཅོམ་ལྡན་འདས། ཞེས་པ་ནས། བདེ་བ་གཤེགས་པས་དེ་སྐད་གསུངས་ནས་ཞེས་པའི་བར་འབྱུང་། དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་པ་ནི། གནས་གཞན་དུ་སྤོོོར་པ་མིན་པར་སྔར་གྱི་གནས་དེ་ག་རང་ལ་བཅོམ་ལྡན་འདས་ཀྱིས་འཁོར་ཉན་ཐོས་རྣམས་ལ་འདི་ལྟར་གསུངས་ཞེས་པའི་དོན་ནོ། ། དགེ་སློང་དག་ཁྱིམ་གང་དག་ན། ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཚངས་པ་དང་ལྡན་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཚངས་པ་དང་འདྲ་བའི་ཕྱིར་རོ། ། ཞེས་འབྱུང་།

 དོན་ནི། དགེ་སློང་ཞེས་པ་ནི། བསྙེན་པར་རྫོགས་པ་དང་ཉོན་མོངས་སྤངས་པའི་གང་ཟག་གཉིས་ཀ་ལ་འཇུག་པས་དགེ་སློང་དག་ཅེས་བོས་ནས་ཁྱིམ་པའི་སྡོད་གནས་གང་ཞིག་ན་བུ་དང་བུ་མོ་སུ་ཞིག་གིས། རང་གི་ཕ་མ་གཉིས་ལ་བཀའ་དྲིན་བསམ་ཤེས་ཀྱིས་རི་མོ་བྱེད་པ་སྟེ་བསྙེན་བཀུར་བྱེད་པ་དང་། གཡོག་བྱེད་པ་སྟེ་ནད་གཡོག་དང་། ཞབས་ཕྱི་ལེགས་པར་བྱས་ན་རིགས་ཀྱི་བུ་དང་བུ་མོ་གང་ཞིག་གི་ཁྱིམ་དེ་དག་ནི་ཚངས་པ་དང་ལྡན་པ་ཡིན་ཞེས་པའི་དོན་ནོ། །

 རི་མོ་བྱེད་པ་ནི། བསྙེན་བཀུར་བྱེད་པའི་དོན་ཡིན་པ་མདོ་སྡེ་ས་བཅུ་པའི་རྣམ་བཤད་ལས། ཚོགས་པའི་ཡང་དག་པའི་རི་མོ་བྱེད་ཅེས་བྱ་བ་ནི་གཙོ་བོ་ཇི་ལྟར་བ་གདམས་ནས་གང་ཟག་རྣམས་ལ་རི་མོ་བྱེད་པ་ཡང་མ་ཡིན་ལ། དགེ་འདུན་གྱིས་བསྐོས་པའི་ངོ་བོར་ཡང་མ་ཡིན་གྱི། འབྱོར་བ་ཆེན་པོ་དང་ལྡན་པའི་ཕྱིར་ཚོགས་པའི་ངོ་བོར་དགེ་འདུན་མ་ལུས་པ་ལ་བྱ་བ་བྱེད་དོ་ཞེས་སྟོན་པར་བྱེད་དོ། ། ཞེས་གསུངས། མཆོད་པར་བྱེད་པ་ལ་ཡང་གོ་སྟེ། རྒྱན་སྣང་ལས། རི་མོར་བྱ་བ་ནི་མཆོད་པ་འབྲིང་དང་། བསྙེན་བཀུར་བྱ་བ་ནི་མཆོད་པ་ཆེན་པོའོོ། ། ཞེས་འབྱུང་ངོ་། ། རིགས་ཀྱི་བུ་ཞེས་རིགས་ཀྱི་སྒྲ་སྨོས་པ་ནི་རིགས་ངན་པ་དགར་བའི་ཆེད་དུའོ། ། ཤེར་ཕྱིན་གྱི་མདོ་སོགས་སུ། རིགས་ཀྱི་བུ་དང་བུ་མོ་གཉིས་སྨོས་འདུག་ལ། འདིར་མ་སྨོས་པ་ཅི་ཞེ་ན། དེ་ནི་བུ་ཞེས་པ་འདི་བུ་ཕོ་དང་བུ་མོ་གཉིས་ཀའི་དབྱེ་གཞི་ཡིན་པས་བུ་མོ་བུ་ཡི་ནང་དུ་བསྡུས་ནས་དེ་ལྟར་གསུངས་པ་ཡིན་སྙམ་སྟེ། དཔལ་གསང་བ་འདུས་པའི་བཤད་པའི་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་ཊིཀ་ལས། འདི་ནི་དཔེར་ན་བུ་ནི་བུ་ཕོ་དང་བུ་མོ་གཉིས་ཀའི་དབྱེ་གཞི་ཡིན་ཀྱང་། བུ་ཕོ་ལ་བུ་ཞེས་སྤྱི་མིང་སྒོས་ལ་བཏགས་པ་ལྟར་རྣལ་འབྱོར་གྱི་རྒྱུད་ནི། ཐབས་ཤེས་གཉིས་ཀ་འཇུག་ཀྱང་ཐབས་རྒྱུད་ལ་རྣལ་འབྱོར་རྒྱུད་ཞེས་སྤྱི་མིང་སྒོས་ལ་བཏགས་པའོ། ། ཞེས་གསུངས་པ་ལྟར་རོ། །

 ཡང་ན་མདོ་སྡེ་ས་བཅུ་བའི་རྣམ་བཤད་ལས། རིགས་ཀྱི་བུ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་རིགས་ལ་རིགས་བཟང་པོ་རྣམས་ཀྱི་ནང་དུ་བུར་གཏོགས་པའི་ཕྱིར་རིགས་ཀྱི་བུའོ། ། ཞེས་གསུངས་པ་ལྟར་ཡིན་སྙམ། ཚངས་པ་མིན་ཀྱང་དེ་དང་འདྲ་ཚུལ་ནི་རིགས་པ་བཞི་པོ་གང་རུང་གིས་བརྟག་ན། ཁྱིམ་དེར་ལྷ་དང་བླ་མས་དགྱེས་བཞིན་དུ་བྱིན་གྱིས་ བརླབས་པས་སོ། ། ཚངས་པ་དང་འདྲ་བ་ནི་ཚངས་པ་ལྟ་བུའོ་ཞེས་པའི་དོན་ནོ། ། དེ་ཡང་བཤེས་སྤྲིངས་ལས། གང་ལ་ཕ་དང་མ་དག་མཆོད་པ་ཡི། ། རིགས་ཏེ་ཚངས་བཅས། ཞེས་པ་དང་། རེད་མདའ་བའི་བཤེས་སྤྲིངས་འགྲེལ་པར། ལྷས་བྱིན་གྱིས་བརླབས་པས་ཚངས་པ་དང་བཅས་པར། ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །

    སློབ་དཔོན་དང་འདྲ་ཚུལ་ནི། དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པར་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་སློབ་དཔོན་དང་ལྡན་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་སློབ་དཔོན་དང་འདྲ་བ་ཡིན་པའི་ཕྱིར་རོ། ། ཞེས་འབྱུང་། དོན་ནི། གཞན་རྣམས་སྔ་མ་དང་འདྲ་ཡང་། ཕ་མ་གཉིས་ལ་མཆོད་པ་ནི་རིགས་གཉིས་ཏེ། ནང་དང་ཕྱིའི་མཆོད་པའོ། ། ཕ་མའི་བཀའ་བཞིན་སྒྲུབ་པ་ནི་དང་པོ་དང་། དེ་གཉིས་ལ་ཟས་གོས་སོགས་འབུལ་བ་ནི་ཕྱི་མའོ། ། དེ་ཡང་ཏིང་ངེ་འཛིན་རྒྱལ་པོའིི་མདོ་འགྲེལ་དུ། དེ་བཞིན་གཤེགས་པའི་མཆོད་པ་ནི་རྣམ་པ་གཉིས་ཏེ། སྒྲུབ་པའི་མཆོད་པ་ནི་ཇི་སྐད་གསུངས་པའི་བསླབ་པའི་གནས་རྣམས་ལས་མི་འདའ་བར་བསྲུངས་པ་དང་། ཆོས་ཉིད་ཇི་ལྟར་གནས་པ་བཞིན་དུ་སྒྲུབ་ཅིང་རྫོགས་པར་བྱེད་པའོ། ། མེ་ཏོག་དང་སྤོས་ལ་སོགས་པ་ནི་ཕྱིའི་མཆོད་པ་སྟེ། ཞེས་གསུངས་པ་ལྟར་རོ། ། སྤྱིར་མཆོད་པ་བྱེད་པ་དང་རིམ་གྲོ་བྱ་བ་གཉིས་ལ་ཁྱད་པར་ཡོད་པར་མངོན་ཏེ། སློབ་དཔོན་ཤཱཀྱའི་བློས་མཛད་པའི་ས་བཅུ་པའི་གླེང་གཞི་བཤད་པ་ལས། མཆོད་པ་ནི་གདུགས་ལ་སོགས་པས་སོ། ། རིམ་གྲོ་བྱ་བ་ནི་བསྙེན་བཀུར་བྱ་བ་ལ་སོགས་པས་སོ། ། ཞེས་གསུངས་སོ། །

 ཕ་མ་གཉིས་ལ་བསྙེན་བཀུར་སོགས་བྱེད་ན། སློབ་དཔོན་དང་འདྲ་བའི་རྒྱུ་མཚན་ཅི་ཞེ་ན། ཕ་མ་གཉིས་ནི་རིགས་པས་བརྟག་ན་སློབ་དཔོན་དང་འདྲ་བས་སོ། ། སློབ་དཔོན་དང་འདྲ་བ་ཞེས་པ་ནི་སྔར་བཞིན་ནོ། ། དེ་དང་འདྲ་ཚུལ་ནི། སློབ་དཔོན་གྱིས་རང་ལ་བླང་དོར་གྱི་རྣམ་གཞག་བསྟན་པ་བཞིན་ཕ་མ་གཉིས་ཀྱིས་ཀྱང་རང་ལ་འཇིག་རྟེན་གྱི་བྱ་བ་ཐམས་ཅད་བསྟན་པས་སོ། །

 ཡང་ན་ཕ་མ་ལ་བསྙེན་བཀུར་སོགས་བྱས་ན་ལྷ་བླ་མས་དགྱེས་བཞིན་དུ་ཁྱིམ་དེ་བྱིན་གྱིས་བརླབས་པས་སོ། ། དེ་ཡང་བཤེས་སྤྲིངས་ལས། ཕ་དང་མ་དག་མཆོད་པ་ཡི། ། རིགས་ཏེ་ཚངས་བཅས་སློབ་དཔོན་བཅས་པ་ལགས། ། ཞེས་པ་དང་། རེད་མདའ་བའི་བཤེས་སྤྲིངས་འགྲེལ་པར། བླ་མ་ཁྱད་པར་ཅན་གྱི་བྱིན་གྱིས་བརླབས་པས་སློབ་ དཔོན་དང་བཅས་པ། ཞེས་ཇི་སྐད་གསུངསཔ་ལྟ་བུའོ། །     ཕ་མ་གཉིས་ལ་བུས་མཁོ་དགུ་སྦྱིན་འོས་ཚུལ་ནི། དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པར་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་དང་ལྡན་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་ཡིན་པའི་ཕྱིར་རོ། ། ཞེས་འབྱུང་། དོན་ནི། གཞན་སྔ་མ་དང་འདྲ་བ་ལ་ཕ་མ་གཉིས་ནི་བསྙེན་བཀུར་སོགས་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་ཡིན་པའི་རྒྱུ་མཚན་ཅི་ཞེ་ན། རིགས་པས་བརྟག་ན་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་ཡིན་པས་སོ། ། དེ་ཡང་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་ཞེས་པ་ནི། བུ་ཡིས་སྦྱིན་འོས་པ་ལ་གོ་དགོས་ཏེ། འོག་ཏུ་མདོ་རང་ལས། བུ་ཡི་ཀུན་སྦྱིན་འོས་གྱུར་པ། ། ཞེས་འབྱུང་བས་སོ། །

 དེས་ན། བུ་ཡིས་རང་གི་ཕ་མ་ལ་ནུས་པ་ཡོད་ཚད་ཀྱི་སྒོ་ནས་ཟས་གོས་གནས་མལ་སོགས་མཁོ་དགུ་སྦྱིན་འོས་པ་ཡིན་ཏེ། སྔར་བུ་རང་ཉིད་ནུས་པ་མ་རྫོགས་བར་དུ་ཕ་མས་རང་ལ་མཁོ་དགུ་ཡོད་དོ་ཅོག་སྦྱིན་མྱོང་ལ། ད་ནི་རང་ཉིད་ནུས་པ་རྫོགས་ཤིང་ཕ་མ་གཉིས་ནི་ནུས་པ་རྒུད་པའི་དུས་ལ་སླེབས་པས། ད་ཕར་ཕན་མ་འདོགས་ན་བཟང་ལན་མ་འཕྲོད་པ་ཡིན་པས་སོ། ། དཔེར་ན། འཇིག་རྟེན་ན་བཟང་ལ་བཟང་ལན་མ་འཕྲོད་ན། མི་ཐ་ཤལ་བརྩིས་པ་བཞིན་ཡིན་ཏེ། སློབ་སྤྲིངས་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། ། ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། ། སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། ། གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། ། ཅེས་དང་། བྱིས་པ་པང་ན་བཙའ་བ་ཅི་ཡང་མི་ནུས་པས། ། གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་གཟགས་འཐུངས་པ། ། ངལ་བ་མང་བསྟེན་བྱམས་ལ་བརྟེན་པ་དེ་དག་འདིར། ། ཤིན་ཏུ་མ་རབས་ཤིག་ནའང་སྤོང་བར་སུ་ཞིག་སྤྲོ། ། གང་གི་ཁོང་ན་འདི་སྐབས་རྙེད་ནས་ གནས་བྱས་ཤིང་། ། གང་གིས་བརྩེ་བའི་སེམས་ཀྱིས་ཟོན་བཅས་འདི་བླངས་པ། ། ཉོན་མོངས་དེ་དག་སྡུག་བསྔལ་སྐྱབས་མེད་འདིར་བོར་ནས། ། འགྲོ་བ་མ་རབས་ཐ་ ཤལ་ཞིག་ནའང་སུ་ཞིག་སྤྲོ། ། ཞེས་གསུངས་པ་བཞིན་ནོ། །

    མི་དང་འདྲ་ཚུལ་ནི། དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པར་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་མི་དང་ལྡན་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་མི་དང་འདྲ་བའི་ཕྱིར་རོ། ། ཞེས་འབྱུང་། དོན་ནི། གཞན་སྔ་མ་དང་འདྲ་བ་ལ། ཕ་མ་གཉིས་ལ་བསྙེན་བཀུར་སོགས་ལེགས་པར་བྱེད་པའི་ཁྱིམ་དེ། མི་དང་ལྡན་པའི་རྒྱུ་མཚན་ཅི་ཞེ་ན། རིགས་པས་བརྟག་ན་ཕ་མ་གཉིས་ནི་མི་དང་འདྲ་བས་སོ། ། མི་དང་འདྲ་ཚུལ་ནི་ཕ་མ་གཉིས་ཀྱིས་བུ་ལ་བྱམས་སྐྱོང་ལེགས་པར་བྱས་པ་ནི་མིའི་བྱ་བ་མཆོག་ཏུ་གྱུར་པ་ཞིག་ཡིན་པས་ན་དེ་སྐད་བརྗོད་དེ། དཔེར་ན། འཇིག་རྟེན་ན་རྐུན་ཇག་སོགས་བྱེད་པའི་གང་ཟག་ལ་གདོན་འདྲེ་ཟེར་བ་དང་མི་མ་རེད་ཟེར་བ་དང་། དེ་བཞིན་འཇིག་རྟེན་ན་ལེགས་པའི་བྱ་བ་བྱེད་པའི་ བུ་ཞིག་ཡོད་ན་ཁྱིམ་ཚང་དེ་བུ་སྐྱེ་འདུག་ཟེར་བ་བཞིན་ནོ། །

 དེས་ན། མདོ་འདིས་དངོས་སུ་ཕ་མ་གཉིས་མི་དང་འདྲ་ཚུལ་བསྟན་ཡང་ཤུགས་བསྟན་ལ་ཕ་མ་ལ་བསྙེན་བཀུར་བྱེད་པའི་བུ་ཡང་མི་དང་འདྲ་ཚུལ་བསྟན་པར་སྣང་ངོ་། །     ལྷ་དང་འདྲ་ཚུལ་ནི། དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པར་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ལྷ་དང་ལྡན་པ་ཡིན་ནོ། ། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ལྷ་དང་འདྲ་བའི་ཕྱིར་རོ། ། ཞེས་འབྱུང་། དོན་ནི། གཞན་སྔ་མ་དང་འདྲ་བ་ལ་ཕ་མ་གཉིས་ལ་བསྙེན་བཀུར་སོགས་བྱེད་པའི་བུའི་ཁྱིམ་དེ་ལྷ་དང་ལྡན་པའི་རྒྱུ་མཚན་ཅི་ཞེ་ན། རིགས་པས་བརྟག་ན་ཕ་མ་གཉིས་ནི་ལྷ་དང་འདྲ་བས་སོ། ། དེ་གཉིས་ལྷ་མིན་ཡང་དེ་དང་འདྲ་ཚུལ་ནི་ཕ་མས་བུ་ལ་བྱམས་སྐྱོང་ལེགས་པར་བྱེད་པ་ནི་བྱ་བ་ཡག་ཤོས་ཡིན་པས་དེ་སྒྲུབ་པའི་གང་ཟག་རྣམས་ལ་ལྷ་ཞེས་བརྗོད་དེ། དཔེར་ན། བྱད་བཞིན་མཛེས་པའི་བུ་དང་བུ་མོ་རྣམས་ལ་ལྷ་དང་ལྷ་མོ་ཞེས་བརྗོད་པ་བཞིན་ནོ། ། གཞན་ཡང་། སློབ་དཔོན་འཕགས་པ་ལྷ་ལ་ལྷ་ཞེས་བརྗོད་པས་ཀྱང་ངེས་པར་སྟེར་ཐུབ།

  དེས་ན། འོག་ཏུ་མདོ་རང་ལས། མི་ཡང་ཡིན་ལ་ལྷ་ཡང་ཡིན། ། ཞེས་འབྱུང་བའི་དོན་ཡང་དེ་ལྟར་རོ། ། འདིས་ཀྱང་དངོས་སུ་ཕ་མ་གཉིས་ལྷ་དང་འདྲ་ཚུལ་བསྟན་ཡང་ཤུགས་བསྟན་ལ་ཕ་མ་ལ་བསྙེན་བཀུར་བྱེད་པའི་བུ་ཡང་ལྷ་དང་འདྲ་ཚུལ་བསྟན་པ་སྔར་དང་འདྲའོ། །

 བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། ཞེས་པ་ནི། བཅོམ་ལྡན་འདས་དང་བདེ་བར་གཤེགས་པ་དོན་གཅིག་ཡིན་ཡང་། སོ་སོ་ནས་སྨོོོོས་པ་ནི་མདོ་གཞན་ལས། བཅོམ་ལྡན་འདས་བསྟན་དུ་གསོལ། བདེ་བར་གཤེགས་པ་བསྟན་དུ་གསོལ། ཞེས་འབྱུང་བ་དང་འདྲའོ་སྙམ། སྔ་མའི་སྒྲ་དོན་བཤད་ཟིན་ལ་ཕྱི་མའི་སྒྲ་དོན་ནི། མྱང་འདས་ཀྱི་མདོ་ལས། བདེ་བ་ཞེས་པ་ནི་སེམས་དང་པོ་བསྐྱེད་པ་སྟེ། གཞན་དོན་སེམས་པའི་བདེ་བའི་རོ་དང་ལྡན་པས་སོ། ། དེ་ཉིད་ལས་། མ་ཉམས་པར་མྱང་ངན་ལས་འདས་པ་ཆེན་པོ་ཐོབ་པས། དེའི་ཕྱིར་བདེ་བ་གཤེགས་པ་ཞེས་བྱའོ།། ཞེས་དང་། སློབ་དཔོན་སའི་རྩ་ལག་གི་དམ་ཆོས་པད་དཀར་གྱི་འགྲེལ་པ་ལས། བདག་དང་གཞན་ལ་ཕན་འདོགས་པའི་ཡོན་ཏན་ཆེན་པོ་དང་ལྡན་པས་བྱང་ཆུབ་ཆེན་པོར་གཤེགས་པའི་ཕྱིར་བདེ་བ་གཤེགས་པའོ།།ཞེས་འབྱུང་ངོ་། །

 མདོ་འདི་ཉིད་དུ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཞེས་དང་། བདེ་བ་གཤེགས་པས་དེ་སྐད་གསུངས་ཞེས་དང་། ཡང་འོག་ཏུ། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ། ཞེས་པ་གཉིས་ནི་སྡུད་པ་པོ་དང་གསུང་པ་པོ་ལ་ཉེ་རིང་གི་དབང་གིས་ཡིན་ནོ། །

 དེས་ན། མདོ་གཞན་རྣམས་སུ་ཡང་། དབུ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཞེས་འབྱུང་གི་དེ་སྐད་མི་འབྱུང་བ་དང་། མཇུག་ཏུ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཞེས་འབྱུང་གི་འདི་སྐད་མི་འབྱུང་བའི་ཁྱད་པར་ཡང་ཤེས་དགོས་སོ། །

  ༦དོན་བསྡུ་བ།

  གསུམ་པ་དོན་བསྡུ་བ་ལ། དངོས་དང་། ཕན་ཡོན་བཤད་པའོ། ། དང་པོ་ནི། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཕ་མ་གཉིས་ནི་ ཚངས་པ་སྟེ། ། དེ་བཞིན་དང་པོ་སློབ་དཔོན་ཡིན། ། བུ་ཡི་ཀུན་སྦྱིན་ འོས་གྱུར་པ། ། མི་ཡང་ཡིན་ལ་ལྷ་ཡང་ཡིན། ། དེ་ཕྱིར་དེ་གཉིས་ཕྱག་གི་གནས། ། ཞེས་འབྱུང་། དོན་ནི། སྟོན་པ་མཆོག་གིས་རྒྱས་པར་བཤད་ཟིན་པའི་རྗེས་སུ་སླར་ཡང་བསྡུས་ནས་འདི་ལྟར་བརྗོད་དེ། ཕ་མ་གཉིས་པོ་ནི་ཚངས་པ་དང་སློབ་དཔོན། བུ་རང་གིས་ཀུན་སྦྱིན་འོས་པ་དང་། མི་དང་ལྷ་རྣམས་དང་འདྲ་བ་ཡིན་པ་རྒྱུ་མཚན་དེའི་ཕྱིར་ན། ཕ་མ་གཉིས་ནི་བུ་རང་གི་ཕྱག་བྱ་བའི་འོས་སུ་གྱུར་པ་ཡིན་ནོ། ། ཞེས་པའོ། །

 ༧ཕན་ཡོན་བཤད་པ།

 ཕན་ཡོན་བཤད་པ་ནི། དྲིལ་བ་དང་ནི་ཁྲུས་རྣམས་དང་། ། རྐང་པ་དག་ཀྱང་བསྐུ་བ་དང་། ། ཡང་ན་ཟས་དང་སྐོམ་རྣམས་དང་། ། གོས་དང་མལ་ཆ་སྟན་རྣམས་ཀྱིས། ། མཁས་པ་དག་གིས་བཀུར་སྟི་བྱ། ། ཕ་མ་དག་ལ་བཀུར་བྱས་པ། ། དེས་ན་མཁས་པ་དེ་དག་ནི། ། འདིར་ཡང་སྨད་པ་མེད་འགྱུར་ལ། ། ཤི་ནའང་མཐོ་རིས་འགྲོ་བར་འགྱུར། ། ཞེས་འབྱུང་།

    དོན་ནི། ཕ་མ་གཉིས་པོ་ནི་བུ་རང་གི་ཕྱག་བྱ་བའི་འོས་སུ་གྱུར་པ་ཡིན་པ་རྒྱུ་ མཚན་དེའི་ཕྱིར་ན། དྲིལ་བ་སྟེ་ཕ་མ་གཉིས་ཀྱི་གོས་ཀྱི་དྲིལ་བའམ་དྲི་མ་ཁྲུད་པ་དང་། དྲིལ་བ་ཞེས་པ་ནི། ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ལས། རང་གི་ལུས་དྲིལ་བ་དང་། ཆང་གིས་བྱུགས་པའི་སྦྱིན་སྲེག་དག་གིས་དབང་དུ་བྱེད་པར་ཐེ་ཚོམ་མེད་དོ། ། ཞེས་ཇི་སྐད་གསུངས་པ་ལྟ་བུའོ། ། གཟུགས་པོ་ལ་ཁྲུས་སོགས་བྱེད་བཅུག་པ། རྐང་པ་དང་ལག་པ་ལ་བསྐུ་བ་སྟེ་སྨན་བྱུག་ཅིང་འཕུར་འཕུར་གཏོང་བའོ། ། བསྐུ་བ་ཞེས་པ་ནི་འདུལ་བ་རྣམ་འབྱེད་ལས། རྐང་པ་དག་ཁྲུས་ཤིག་ཅེས་དེ་ལ་རྐང་པ་བསྐུ་བ་དང་། ལག་པ་བསྐུ་བ་མང་པོ་བྱིན་ནས། ཞེས་ཇི་སྐད་གསུངས་པ་བཞིན་ནོ། ། ཡང་ནི་སྔ་མར་མ་ཟད་ཅེས་པའི་དོན་ནོ། །

 ཟས་རིགས་དང་བཏུང་བའི་རིགས་སྣ་ཚོགས་དང་། གོས་དང་མལ་ཆ་སྟེ་ཉལ་གདན་སོགས་མཁོ་དགུ་སྦྱིན་པའི་སྒོ་ནས་ཕ་མ་ལ་བསྙེན་བཀུར་བྱེད་པའི་མཁས་པ་གཞོན་ནུ་རྣམས་ཀྱིས་དེ་ལ་བཀུར་སྟི་སོགས་ངེས་པར་དུ་བྱ་དགོས་ཏེ། དེ་ལ་བཀུར་སྟི་སོགས་བྱས་ན་འདི་ཕྱི་གཉིས་ཀ་ལ་ཕན་ པའི་ཕན་ཡོན་ཁྱད་པར་ཅན་གཉིས་ཡོད་པའི་ཕྱིར། གཉིས་གང་ཞེ་ན། དེ་ལ་བཀུར་སྟི་སོགས་བྱས་ན་མི་ཚེ་འདིར་མི་གཞན་གྱིས་སྨད་པ་མེད་པ་དང་ཚེ་ཕྱི་མ་ལའང་མཐོ་ རིས་སུ་འགྲོ་བའི་རྒྱུར་འགྱུར་བས་སོ། །

 དེ་ལྟར་ཡིན་པ་ཡང་མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། རྟག་ཏུ་སློབ་དཔོན་དང་ནི་ཕ་མ་ལ། ། དེ་བཞིན་འགྲོ་བ་ཀུན་ལ་གུས་པར་གྱིས། ། ང་རྒྱལ་དག་གི་དབང་དུ་མ་འགྲོ་ཞིང་། ། སུམ་ཅུ་རྩ་གཉིས་མཚན་རྣམས་ཐོབ་པར་འགྱུར། ། ཞེས་ཕ་མ་དང་སློབ་དཔོན་ལ་ཕྱག་བྱས་ན་སངས་རྒྱས་ཀྱི་མཚན་བཟང་སོགས་ཐོབ་པའི་རྒྱུ་རུ་འགྱུར་བར་གསུངས་པ་དང་། སོར་ཕྲེང་ཅན་གྱི་མདོ་ལས། ཕ་མ་ལ་མཆོད་པ་དང་། སློབ་དཔོན་དང་། མཁན་པོ་ལ་མཆོད་པའི་སེམས་སྐྱེའོ། ། རྒན་རབས་མཐོང་ན་ལག་པ་ཐལ་མོ་སྦྱོར་རོ། ། ཞེས་དང་། གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་ལས། ཕ་མ་ལ་སྲི་ཞུ་ཆེ་བའི་བསྔགས་པ་བརྗོད་པ་འདི་ལྟ་ལ་ངོ་མཚར་ཆེ་བ་ཅི་ཡོད། ཅེས་སོགས་ལན་དུ་མར་གསུངས་པ་དང་། རིན་ཆེན་ཕྲེང་བར། ཕ་མ་སྲི་ཞུ་ལྷུར་ལེན་དང་། ། ཞེས་དང་། བཤེས་སྤྲིངས་ལས་ཀྱང་། ཕ་དང་མ་དག་མཆོད་པ་ཡི། ། ཞེས་པ་ནས། དེ་དག་ལ་མཆོད་གྲགས་པར་འགྱུར་བ་དང་། ། སླད་མ་ལ་ཡང་མཐོ་རིས་འགྱུར་བ་ལགས། །

 ཞེས་ཕ་མ་ལ་མཆོད་པར་བྱེད་ན་ཚེ་འདིར་སྙན་གྲགས་རྒྱས་པ་དང་། མཐོ་རིས་ཀྱི་བདེ་བ་ཐོབ་པར་གསུངས་པ་དང་། དེས་ན་ཕ་མ་ལ་གུས་ཕྱག་བྱེད་པ་སོགས་ནི་གལ་ཆེ་བའི་གནས་སུ་ཤེས་དགོས་པ་ནི་གནད་ཀྱི་དོན་པོ་ཡིན་ནོ།།

 དེའི་ཟླས་དྲངས་ནས་ཕ་མ་ལ་མ་གུས་པ་ནི་སྡིག་པ་ཤིན་ཏུ་ཆེ་སྟེ། མོ་གལ་བུ་རྫུ་འཕྲུལ་ཅན་གྱི་མཆོག་ཡིན་ཀྱང་། ཕྱི་རོལ་པ་འགའ་ཞིག་གིས་སྐུ་ལུས་འདམ་རྩྭ་བརྡུང་བ་ལྟར་བྱས་ཀྱང་རྫུ་འཕྲུལ་བསྟན་མ་ཐུབ་པ་ནི། ཚེ་སྔོན་མར་མ་ལ་ཚིག་ངན་སྨྲས་པའི་ལས་ཆུད་མ་ཟོས་པས་ཡིན་པར་གསུངས་སོ། །

 གཞན་ཡང་། ཕ་མ་ལ་མ་གུས་པ་སྡིག་པ་ཚབས་ཆེན་ཡིན་པ་མདོ་བསྟན་བཅོས་དུ་མ་ལས་མང་དུ་གསུངས་པ་རྣམས་སྣང་མེད་དུ་མི་བྱ་བ་གལ་ཆེ་སྟེ། ལམ་རིམ་ཆེན་མོ་ལས། ཞིང་གི་སྒོ་ནས་སྟོབས་ཆེ་བ་ནི། དཀོན་མཆོག་གསུམ་དང་བླ་མ་དང་བླ་མ་དང་འདྲ་བ་དང་ཕ་མ་ལ་སོགས་པ་སྟེ་འདི་དག་ལ་ནི་བསམ་པ་ཤུགས་དྲག་པོ་མེད་ཅིང་ཕན་གནོད་ཆུང་ངུ་ཞིག་བྱས་ཀྱང་བསོད་ནམས་དང་ཁ་ན་མ་ཐོ་བ་ཆེ་བའི་ཕྱིར་རོ། ། ཞེས་ཕ་མ་གཉིས་ཞིང་ས་ཁྱད་པར་ཅན་དུ་གསུངས་པ་དང་། མདོ་སྡེ་རྒྱན་ལས། སེམས་ཅན་མ་དང་འདྲ་བ་ཡིན། ། ཞེས་དང་། སེམས་ཅན་ཕ་དང་འདྲ་བ་ཡིན། ། ཞེས་དང་། དེའི་འགྲེལ་པར། མ་ནི་བུ་ལ་ཕན་པ་རྣམ་པ་ལྔ་བྱེད་དེ། ཁོང་ན་འཛིན་པར་བྱེད། སྐྱེད་པར་བྱེད། སྣུན་པར་བྱེད། གསོ་བར་བྱེད། ཀུན་ཏུ་སྐྱེད་པར་བྱེད། ངམ་གྲོག་ལས་ཀྱང་སྲུང་བར་བྱེད། སྨྲ་བ་ཡང་སློབ་པར་བྱེད་དོ། ། ཞེས་དང་། ཕ་ནི་བུ་རྣམས་ལ་ཕན་པ་རྣམ་པ་ལྔ་བྱེད་དེ། དེ་དག་གི་ས་བོན་འདེབས་པར་བྱེད། བཟོ་སློབ་པར་བྱེད། ཐབ་རིར་བབ་པའི་ཆུང་མ་ལེན་པར་བྱེད། བཤེས་གཉེན་དམ་པ་དག་ལ་འདོམས་པར་བྱེད། ཇི་ལྟར་ཕའི་བུ་ལོན་དེས་གཞལ་དགོས་པ་མེད་པ་ལྟར་ཆགས་ཉེན་མེད་པར་བྱེད་དོ། ། ཞེས་སོགས་ཀྱིས་བྱང་ཆུབ་སེམས་ དཔའ་དེ་སེམས་ཅན་རྣམས་ཀྱི་ཕ་མ་དང་འདྲ་བར་གསུངས་པ་འདིས་ཀྱང་ཕ་མ་གཉིས་པོ་དེ་ཕྱག་དང་མཆོད་པའི་ཡུལ་ཡིན་པར་གོ་ནུས་སོ། །

 ༨དགེ་སློང་རྣམས་ཀྱིས་རྗེས་སུ་ཡི་རང་མཛད་ཚུལ།

 དེ་ལ་དགེ་སློང་རྣམས་ཀྱིས་རྗེས་སུ་ཡི་རང་མཛད་ཚུལ་ནི། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། ཞེས་འབྱུང་།

 དོན་ནི་གོ་སླའོ། །ཕ་མའིིི་མདོོོ་རྫོགས་སོ། ། ཞེས་པ་ནི་མདོ་ལས་ས་ཕྱུང་བ་འདི་སྡུད་པ་པོ་རང་ཉིད་ཀྱིས་ཡང་དག་པར་ཐོབ་པ་འདི་དེ་ཙམ་གྱིས་མཇུག་རྫོགས་པ་ལགས་སོ།། ཞེས་པའི་དོན་ནོ། །

 སྐབས་འདིིིར། གང་གིས་བསྒྱུར་བ་དང་། སྒྱུར་བའི་དུས། བསྒྱུར་བའི་གནས་བཅས་གསལ་བར་བཤད་དགོས་མོད་ཀྱང་། བཀའ་འགྱུར་དཔེར་བསྡུར་མ་སོགས་ལས་ནི་ཁོ་བོས་མ་རྙེེེད་པས་དཔྱད་པར་མཛོོོད།

 ༩དགེ་བ་བསྔོ་བ།

 འདིར་སྨྲས་པ།

མངལ་སྐྱེས་ཁམས་དྲུག་ལྡན་པའི་མི་ཡིན་ཚེ། །

རང་གི་ཕ་མའི་བཀའ་དྲིན་ངོ་ཤེས་ཏེ། །

དེ་ལ་བསྙེན་དང་བཀུར་སྟི་ལེགས་བྱས་ན། །

སངས་རྒྱས་ཐོབ་པར་འགྱུར་རོ་ཐུབ་པས་གསུངས། །

དེ་ཕྱིར་རང་གཞན་སུ་ཞིག་ཡིན་ན་ཡང་། །

ཕ་མར་གུས་ཕྱག་དགོས་པར་ཤེས་བྱས་ནས། །

དེ་ལ་ཁ་ཚིག་ལོག་པ་མི་རྒྱག་པར། །

ཕ་མའི་འདོད་པ་བསྐང་བར་འབད་པར་རིགས། །

ཕ་མ་སྒོ་རྒྱབ་ཕུད་པའི་བུ་ཡིན་ན། །

གཞན་ལ་རྫིག་ཉམས་ཇི་ཙམ་བསྟན་ན་ཡང་། །

མགོ་མེད་ལུས་ཀྱི་སྟངས་སྟབས་ཇི་བཞིན་དུ། །

གཞན་གྱིས་མཐོང་ཐོས་བྱུང་ན་འཕྱར་བའི་རྒྱུ། །

ཐོག་མ་མེད་པའི་དུས་ནས་ད་ལྟའི་བར། །

སྨྲ་བྱེད་ཁ་ཡི་ལྕེ་ལེབ་དམར་པོ་འདིས། །

དྲིན་ཅན་ཕ་མར་ཁ་ལོག་ཚིག་ལོག་སོགས། །

བྱས་པ་མང་བས་ཉེས་པ་རི་རབ་ལྟར། །

ཡོད་པར་ངེས་པས་བདག་གིས་ད་ནས་བཟུང་། །

སྔར་བྱས་འགྱོད་སེམས་ཕྱིན་ཆད་སྡོམ་སེམས་བཅས།། 

སྟོབས་བཞི་ཚང་བའི་གཉེན་པོ་བསྟེན་བཞིན་དུ། །

ཡིད་ཁུང་མཆི་མས་བརྣངས་བཞིན་འགྱོད་པས་འཆག །

འདི་འབད་རྣམ་དཀར་དགེ་ཚོགས་ཅི་མཆིས་པས། །

ཕ་མ་ལ་བརྟེན་སྔར་བསགས་ཉེས་པ་ཀུན། །

མྱུར་དུ་དག་ནས་ཆོས་སྐུའི་རྒྱལ་ས་རུ། །

ཕ་མ་བུ་གསུམ་མཉམ་འཛོམས་ཡོང་བར་སྨོན། །

 ཞེས་པ་འདི་ནི་༢༠༡༨ལོའི་བོད་ཟླ་༡༠ཚེས་༢༥ཉིན་སྟོང་སྐོར་དགོན་དུ་བྲིས།

རྩོམ་སྒྲིག་པ། ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།