རྒྱུད་གྲྭ་བ་ཚོས་གཞུང་ཆེན་ལ་ཐོས་བསམ་བྱེད་དགོས་པར་གདམས་པ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-09-14 22:31:57     རྩོམ་པ་པོ།   རྗེ་འཇམ་དབྱངས་རྒྱ་མཚོ།     ཀློག་ཐེངས།  

ཕར་ཕྱིན་ལས་ལྷག་པའི་ལམ་རིམ་མེད་ཚུལ།

༈ཉམས་ལེན་ལ་འབད་དགོས་པའི་རྒྱུ་མཚན་ཡང་། གཞུང་ཤེར་ཕྱིན་ལ་ཐོས་བསམ་དང་། ལམ་ཤེར་ཕྱིན་གྱི་ཉམས་ལེན་འཚང་རྒྱ་ཁའི་བར་དུ་དགོས། ཞེས་གསུངས་པ་འདིས་ཤེས་ནུས། དེས་ན་སངས་མ་རྒྱས་བར་དུ་སློབ་གཉེར་བྱས་ནས་ཚར་རྒྱུ་མེད་དེ། གཞུང་རྒྱུགས་ཤིག་སྤྲད་ཟིན་ཟེར་བ་དང་། གྲྭ་ཚང་ཕན་ཚུན་ཡིན་ན་འདོན་རྒྱུགས་རྫོགས་སོང་། ད་ཆོག་གི་ཟེར་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལྟར། ཉི་མར་ལྡེས་ནས་བསྡད་ན་ཆོག་གམ། ས་ཐོབ་ཀྱི་སེམས་དཔའ་ཚོ་ཡང་རང་དགར་སྡོད་དུ་མི་རུང་ན། འུ་ཚོ་སོས་དལ་མོར་བསྡད་ན་ག་ནས་ཆོག  འབད་འབད་དུང་དུང་ཞིག་བྱེད་པ་མ་གཏོགས། དལ་འབྱོར་ཐོབ་པ་དོན་ལྡན་དུ་བྱེད་པའམ་དལ་འབྱོར་འདི་ལ་ཅིས་ཀྱང་བེད་ཅིག་ཨེ་ཆོད་ལ་འབད་དགོས་ཞེས་བྱང་ཆུབ་ལམ་རིམ་ཆེ་ཆུང་ནས་གསུང་རྒྱུའང་དེ་རེད།  དེ་འདྲ་ཡིན་ན་འབད་དགོས་པ་རེད། གཞུང་ཤེར་ཕྱིན་ལས་ལྷག་པའི་ལམ་རིམ་ཞིག་གང་ན་ཡོད། ཅིག་ལམ་རིམ་དང་ཅིག་ཅིག་ཟེར་ནས་རེས་སུ་གཅོད་རྒྱུ་མེད། བསྟན་བཅོས་རྣམ་དག་ཡིན་ན་ལམ་རིམ་ཡིན་པས་ཁྱབ་བམ་མ་ཁྱབ་ཅེ་ན། ཁྱབ་ཟེར་བ་དང་མ་ཁྱབ་ཟེར་བའི་བཤད་ཚུལ་གཉིས་ཀ་ཡོད་པ་ཡིན། འདིའི་གཞུང་ནི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཡིན་ལ། ཁྱད་པར་དུ་འདིའི་གཞུང་ནི་བྱང་ཆུབ་ལམ་གྱི་སྒྲོན་མ་ཡིན་ལ་དེ་མཛད་པ་ཉིད་འདིའི་ཡང་མཛད་པའོ། ། ཞེས་གསུངས་པ་ལྟར་ལམ་རིམ་གྱི་གཞུང་ཐམས་ཅད་ཀྱི་རྩ་བ་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཡིན་གསུངས་ཡོད་པས། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས་ལམ་རིམ་ཞིག་གང་ན་ཡོད།

ཕར་ཕྱིན་ལ་ཐོས་བསམ་དགོས་པར་གདམས་པ།

སྟོན་པ་ཐུགས་རྗེ་ཅན་བྱ་རྒོད་ཕུང་བོའི་རི་ལ་ཕེབས་ནས་རང་ཉིད་ཀྱིས་རང་ཉིད་ལ་གདན་བཤམས་ཏེ་གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུངས་པ་འདི་ཅིའི་ཕྱིར་ཡིན་ཞེ་ན། གཞུང་གཞན་གསུང་བའི་ཚེ་ན་རང་ཉིད་ཀྱིས་རང་ཉིད་ལ་གདན་བཤམས་པ་སོགས་བཀུར་བསྟི་མི་མཛད་ཀྱང་གཞུང་ཤེར་ཕྱིན་ལ་དེ་ལྟར་མཛད་པ་ནི་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་སྙིང་བོ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་མཛད་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རབ་དང་ཕུལ་དང་གྱ་ནོམ་པ་ཉིད་དུ་གྱུར་པ་ཡིན་ཏེ་ཞེས་གསུངས་སོ། །  འདི་ལ་ཐོས་བསམ་བྱས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་ཏེ་ཅི་ཙམ་བཏོན་ཡང་བསམ་བློ་གང་ཡང་གཏང་རྒྱུ་མ་རེད། དེ་ལྟར་ཡིན་ན་མི་འགྲིག་གི། ང་བླ་རྒྱུད་པ་ཡིན་ཟེར་མོད། ཁྱོད་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཞིག་བཤམས། མཁན་སློབ་ཀྱི་མདུན་ནས་རབ་ཏུ་བྱུང་དུས་ངས་དཔེ་ཆར་བལྟས་ནས་མི་བྲ་སྟེ། ང་བླ་རྒྱུད་པ་ཡིན་ཞེས་ཁས་བླངས་མེད་པ་རེད། ཅི་ཡིན་ཞེ་ན། དེང་ཕྱིན་ཆད་ཁྱོད་ཀྱིས་ལུང་ནོད་པར་བྱ། བཀླག་པར་བྱ། ཁ་ཏོན་དུ་བྱ། ཕུང་བོ་མཁས་པ་དང་། ཁམས་ལ་མཁས་པ་དང། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པར་བྱའོ། །མ་ཐོབ་པ་འཐོབ་པར་བྱ་བ་དང་། མ་རྟོགས་པ་རྟོགས་པར་བྱ་བ་དང་། ལུང་མ་ནོད་པ་ལུང་ནོད་པར་བྱ་བའི་ཕྱིར། དེང་ཕྱིན་ཆད་ཁྱོད་ཀྱིས་བརྩོན་པ་མི་འདོར་བར་བྱའོ། །ཞེས་གསུངས་པ་ལ། ཕུང་བོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལ་མཁས་པར་བྱའོ། །ཞེས་པ་ལྟར་བསླབ་པ་ཁས་བླངས་ཡོད་པས་སོ། ། དེས་ན་ང་རང་ཨ་ཁུ་བྱེད་རྒྱུ་ཡིན་ཡང་། གཞུང་རྒྱུགས་ཤིག་འཕྲོད་ཚེ་སྐྱིད་པོ་བྱས་ནས་ཟ་ཁང་དུ་བརྒྱུགས་ནས་འདུག་རྒྱུ་ཡིན་ཞེས་ཁས་བླངས་མེད་པས་ཚང་མས་བསམ་བློ་གཏང་དགོས་པ་ཡིན། ཁོང་ཚོ་རྒྱུད་གྲྭ་ཡིན་པས་དཔེ་ཆར་བལྟས་ནས་བ་༼   བྲ༽ནི་མ་རེད་ཟེར་མོད། རྒྱུད་གྲྭ་ཡིན་ན་སྒྲིབ་པ་སྦྱོང་རྒྱུ་མེད་པ་རེད་དམ། རྒྱུད་གྲྭ་ཡིན་ན་ཅི་རེད། སུས་གནང་བ་བྱིན་པ་རེད། དཔེ་ཆ་བ་ཚོས་༼མཚན་ཉིད་པ༽སློབ་གཉེར་བྱེད་དགོས་ཀྱང་། རྒྱུད་པ་བ་ཚོས་སློབ་གཉེར་བྱེད་མི་དགོས་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་རྒྱུད་བསྟན་བཅོས་གང་ན་གསུངས་ཡོད་དེ་མེད་པས་ན། ཐམས་ཅད་ཀྱིས་ཐུགས་ལ་ཟུངས། ཁྱེད་ཚོ་སུ་ཡིན་ཡང་ཡག་པོ་རེད། འདིར་འོངས་ནས་གཞུང་ཤེར་ཕྱིན་གྱི་ཚིག་ཙམ་ཐོས་པའང་སྐལ་བ་བཟང་བོ་རེད། ངས་བཤད་པ་འདི་ཚོ་ཧ་ལས་པའི་ཡ་མཚན་ཞིག་ཡིན། དེ་བས་ཁྱེད་ཚོར་སྐལ་བ་བཟང་གི་ཟེར་བ་མིན། ང་རང་མི་ངན་པ་ཡིན་ཡང་། འཆད་བྱའི་ཆོས་འདི་ཐེག་པ་ཆེན་པོའི་ཆོས་རེད། ཁྱེད་ཚོས་ཀུན་སློང་ཡག་པོ་བྱས་ནས་མཉན་ན་བསོད་ནམས་ཆེན་པོ་འཐོབ་རྒྱུ་རེད། དོན་མ་གོ་ཡང་ཐོས་པའི་ཕན་ཡོན་མེད་པ་ག་ནས་འོངས།  དོན་མ་གོ་ཡང་ཚིག་ཙམ་ཐོས་པ་ལའང་ཕན་ཡོན་དཔག་ཏུ་མེད་པ་ཡོད་པས་ཆོས་གྲྭ་མ་ཆག་པ་གྱིས། ཞེས་གསུངས་པ་ལྟར། ཆོས་གྲྭར་འགྲོ་དགོས་པའི་རྒྱུ་མཚན་ཡང་དེ་རེད། ཐམས་ཅད་ཀྱིས་དེ་ཚོ་ཤིན་ཏུ་ནས་ཀྱང་ངོ་ཤེས་པར་བྱས་ནས། དཔེ་ཆ་ཨེ་ཤེས་པར་བལྟ་དགོས། ཁ་ཅིག་གིས། ངས་ཤེས་ནི་མ་རེད། ད་ཅང་བ་༼བྲ༽ནི་མ་རེད་ཟེར་མོད། མི་ཤེས་པའི་རྒྱུ་མཚན་གྱིས་ཨེ་ཤེས་པར་བལྟ་དགོས། ཤེས་ན་ཨེ་ཤེས་པར་ལྟ་མི་དགོས་པ་ཡིན། སངས་རྒྱས་འཕགས་པས་ཆོས་ཐམས་ཅད་ཤེས་ཡོད་པའི་རྒྱུ་མཚན་གྱིས་ཨེ་ཤེས་པར་ལྟ་མི་དགོས་པ་ཡིན། དེས་ན་མི་ཤེས་པ་ཚོས་ཨེ་ཤེས་པར་བལྟ་དགོས་པ་ཡིན།

ངས་སློབ་གཉེར་བྱེད་མི་དགོས་པར་ཐལ། ངས་ཆོས་མི་ཤེས་པའི་ཕྱིར་ཟེར་ན། དེར་འགལ་ཁྱབ་རེད། ཁྱོད་ཀྱིས་ཆོས་མི་ཤེས་ན། ཁྱོད་ཀྱིས་སློབ་གཉེར་བྱེད་དགོས་པས་ཁྱབ་རེད། དེར་ཁྱོད་ལ་གནང་བ་སྟེར་མཁན་སུ་ཞིག་ཡོད། ༼   བླ་སློབ་རྣམས་བཞད་སྒྲ་དང་བཅས་༽དེ་འདྲ་ཀུ་རེའང་ཡིན་མོད། དངོས་གནས་བཤད་ན་ཚང་མས་ཐོས་བསམ་བྱེད་དགོས་པ་ཡིན། དེ་ལྟར་བྱས་ན་འདིར་ཡང་གཞུང་ཤེར་ཕྱིན་ལ་ཐོས་བསམ་དང་ལམ་ཤེར་ཕྱིན་གྱི་ཉམས་ལེན་འཚང་རྒྱ་ཁའི་བར་དུ་དགོས། ཞེས་རྒྱལ་ཚབ་ཐམས་ཅད་མཁྱེན་པས་རྣམ་བཤད་དུ་ལམ་རེ་རེའི་སྐབས་ན་བྱང་ཆུབ་ལམ་རིམ་ལ་སྦྱར་ནས་བཤད་པ་མང་བོ་ཡོད། དེའི་ཕྱིར་ན་འདི་ཚོ་བསམ་གྱིས་མི་ཁྱབ་པ་རེད། གཞུང་ཤེར་ཕྱིན་གྱི་ཚིག་ཙམ་ཐོས་རྒྱུའང་གང་ནས་འོངས། མི་ལུས་ཙམ་ཡང་ཐོབ་རྒྱུ་དཀའ་ན་གཞུང་ཤེར་ཕྱིན་ལ་ཐོས་བསམ་བྱེད་རྒྱུ་དེ་ལས་ཀྱང་དཀའ་བ་རེད། སྣོད་དུ་མི་རུང་བ་ཉན་ཐོས་ལ་སོགས་པས་ཀྱང་འདི་ཉན་དུ་མི་རུང་ན་གཞན་ལྟ་སྨོས་ཀྱང་ཅི་དགོས། འུ་ཚོར་དལ་འབྱོར་གྱི་མི་ལུས་ཁྱད་པར་ཅན་ཐོབ། མཇལ་དཀའ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། གྲོགས་དགེ་བའི་བཤེས་གཉེན་དང་ཕྲད། དེའི་སྟེང་ནས་རང་དགར་འདུག་ས་ཞིག་གང་ན་ཡོད། ད་དུང་ཆུང་ཆུང་ཡིན་པས་དྲག་རྒྱུ་རེད། ངས་ཡུན་གྱིས་འབད་པ་བྱེད། དེ་ནས་ཁོས་ཡ་མཚན་ཞིག་བྱེད་པ་སྐད་བཤད་ནས་དེ་ལྟར་མི་བྱེད་པར་འདུག་མོད།  སྔོན་གྱི་བཀའ་གདམས་པ་ཚོས་འདི་ལྟར་གསུངས་ཡོད། བསམ་པས་མ་བྱུང་ཟེར། ཁྱོད་ཀྱིས་ནམ་བསམ། ཉིན་མོར་ནི་ཡང་ཡང་བྱེད། མཚན་མོར་ནི་གཉིད་ལོག་གིན་འདུག་ན་ཁྱོད་ཀྱིས་རྫུན་མ་བཤད། ཅེས་ལམ་རིམ་ན་དྲངས་ཡོད་པ་ལྟར་ཡིན། ཁྱོད་ཀྱིས་འདང་རྒྱག་གིན་མེད་ཀི། ཆོས་ཤིག་ལ་བསམ་བློ་གཏོང་གིན་མེད་དམ་ཟེར་ན། ཁོ་བོས་བསམ་ནི་བསམ་མོད་དེ། ཉམས་རྟོགས་ཅང་མི་སྐྱེ་བར་འདུག་ཟེར་ན། ཨ། ཁྱོད་ཀྱིས་རྫུན་མ་བཤད། ཁྱོད་ཀྱིས་ནམ་ཞིག་ལ་བསམ་པ་ཡིན། ཁྱོད་ཀྱིས་ཉིན་དཀར་ཡ་ངེ་ཡངས་ངེ་བྱས་ནས་འདུག  དགོང་མོར་གཉིད་ལོག་ནས་བསྡད་ཡོད་ན། ཁྱོད་ཀྱིས་ནམ་བསམ་པ་ཡིན། ཁྱོད་ཀྱིས་རྫུན་བཤད་ཀིན་མ་འདུག་ཅེས་གསུངས་པ་དེ་འདྲ་རེད། དེས་ན་ཚང་མས་འབད་པ་བྱས་ན་བཟང་ནི་རེད།

༣  ༽ལམ་རིམ་ཤེས་དཀའ་བས་ཐོས་བསམ་རྒྱ་ཆེ་དགོས་པར་གདམས་པ།

     ལམ་རིམ་ལ་བལྟ་ནའང་ལམ་རིམ་གཅིག་པུར་འབྱར་ནས་གཞུང་གཞན་ལ་ཐོས་བསམ་མ་བྱས་ན་གོ་རྒྱུ་ཧ་ཅང་དཀའ་མོ་ཡིན། གཞུང་ལ་ཐོས་བསམ་ཞིག་བྱས་ན་གཏན་ནས་མི་འདྲ་བ་ཡིན། བྱང་ཆུབ་ལམ་རིམ་ལ་ཐོས་བསམ་བྱེད་པར་པོ་ཏི་ལྔ་ལ་སྦྱངས་པ་མཐར་མ་ཕྱིན་ན་ཤིན་ཏུ་ནས་ཀྱང་མཐའ་ཆོད་པ་མི་ཡོང་གསུངས་ཡོད། གསུང་རབ་ཀུན་གྱི་སྙིང་བོ་བསྡུ་བསྡུ་བ། ། ཚུལ་འདི་ཐུན་རེ་སྟོན་དང་ཉན་པས་ཀྱང་། ། དམ་ཆོས་འཆད་དང་ཐོས་པའི་ཕན་ཡོན་སོགས། ། རླབས་ཆེན་སྡུད་པར་ངེས་པས་དེ་དོན་བསམ། ། ཞེས་དེ་ལྟར་གསུངས་ཙ་ན། བྱང་ཆུབ་ལམ་རིམ་ལ་སྒྲོ་འདོགས་ཆོད་རྒྱུ་ཤིན་ཏུ་དཀའ་བ་ཡིན་ཏེ། གསུང་རབ་ཐམས་ཅད་ཀྱི་དོན་ཕྱོགས་གཅིག་ཏུ་བསྡུས་པ་ཡིན། རྗེ་ཐམས་ཅད་མཁྱེན་པའི་ཤེས་རབ་ཀྱི་སྟོབས་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་བོ་ཕྱོགས་གཅིག་ཏུ་བ་སྟོང་གི་འོ་མའི་ཉིང་ཁུ་བསྡུས་པ་ལྟ་བུར་མཛད་པ་ཡིན་ན། འུ་ཚོས་ཐོས་བསམ་དེ་ཙམ་གྱིས་གང་ནས་ཤེས་ཐུབ། དེ་ཤིན་ཏུ་དཀའ་བ་རེད། ཆོས་སྒོ་བསྐྱར་དུ་ཕྱེས་པའི་སྐབས་དེར། ཁོང་ཨ་ཁུ་བསྟན་འཛིན་བདེ་གཤེགས་ཚང་གིས་དེ་ལྟར་གསུངས་དཔེ། བཞག་སྡོམ་པ་ཟེར་བའི་དགེ་བཤེས་མ་འདྲ་བ་ཞིག་ཡོད། ཁོ་ཨ་ལགས་དབལ་མང་ཚང་གི་འཛིན་གྲྭའི་དགེ་བཤེས་ཨང་དང་བོའི་གྲས་རེད། ཁོ་རང་ཁོང་ཨ་ཁུ་བསྟན་འཛིན་བདེ་གཤེགས་ཚང་གི་མདུན་དུ་ཡོང་ནས་ལམ་རིམ་ཞིག་གསུང་དགོས་ཞེས་ཞུས་པར། ཁོང་གིས་ཁྱོད་བཟང་གི། ལམ་རིམ་ཨེ་ཤེས་ཀི་ཞེས་དྲིས་པར། ཁོས་ལམ་རིམ་ད་དྲག་གི་ཞེས་ཟེར། དེར་དགེ་རྒན་ཚང་ཐུགས་འཁྲུགས་བྱུང་འདུག  ཅི་བྱ། ཁོ་ལ་ཆག་སྒོ་བྱུང་འདུག  ཁོས་ལམ་རིམ་སྩ་ཟེར་མོད། ལམ་རིམ་གང་ནས་སྩ། ཁོང་གིས་༼   ༽འཇིགས་སེར་ཟེར་བར་ལམ་རིམ་བརྒྱ་འདོན་ཞིག་བྱས་ཏེ། རྗེས་ནས་ཨ་ལགས་རིན་པོ་ཆེའི་མདུན་དུ་ལམ་རིམ་བཤད་ལུང་ལ་སོང་མོད། ད་དུང་ནང་ན་ཁ་འཁྱོག་མང་གི་གསུངས་སོང་། ད་ཨེ་ཉན་གི ། དེ་འདྲ་ཡིན་ན། གཞུང་ལ་ཐོས་བསམ་བྱས་ན་བཟང་རབས་བཤད་ནི། དེས་ན་དེ་ག་ཙམ་བྱོས།

ཞེས་པའང་མགོན་པོ་གང་གི་བཀའ་དྲིན་ཁོ་ནས་འཚོ་བའི་གྱི་ན་བ་རྣམ་འབྱེད་ཤེས་རབ་ཀྱིས་

༢༠༢༡//༨ཉིན་སྟེ་སྐུའི་འཁྲུངས་སྐར་{༨༩}ཉིན་ཡི་གེར་ཕབ།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།