གསུང་སྒྲོས་རིན་ཆེན་ཤེལ་ཕྲེང་།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-01-11 20:14:07     རྩོམ་པ་པོ།   སྨར་སངས།     ཀློག་ཐེངས།  

 ཁྲིད་བྱེད་དུས་བཤད་ལུང་དང་མི་འདྲ་བར་རྒྱས་བསྡུས་ལན་གསུམ་གྱིས་ཁྲིད་དགོས། དེ་ཡང་ཐོག་མར་ཚིག་འབྲུ་ཞིབ་ཏུ་གཉེར་ནས་ངོ་གདོང་འཁྲིད། བར་དུ་དོགས་པ་བསླངས་ཏེ་རྩོད་པས་བརྡར་ཤ་གཅོད། ཐ་མར་སྤྱི་དོན་སྡོམ་དུ་བསྡུས་ནས་བསྐྱར་སྦྱོང་གིས་འཁྲིད་པའོ།།དབུ་ནས་མཇུག་བར་ཤ་ར་ར་བཏོན་ཏེ་ཁྲིད་བྱེད་པ་ནི་བཀྲ་ཤིས་འཁྱིལ་གྱི་ཕྱག་ལེན་མིན།  ཁྲིད་སོགས་བྱ་བ་ལ་གོ་རིགས་ཟུང་འབྲེལ་དགོས། གོ་རིགས་ཟུང་འབྲེལ་མེད་ན་ཁྲིད་འདེབས་དུས་ཡག་པོ་བཤད་རྒྱུ་མེད་པར་སྣ་ཚོགས་སྨྲ་བ་འབྱུང་། 

    འཇམ་པའི་དབྱངས་བསྟན་པའི་དབང་ཕྱུག་ཚང་གིས་སྔོན་མཁན་པོ་ངག་དབང་ཐུབ་བསྟན་རྒྱ་མཚོ་ཚང་ལ་ཀུན་མཁྱེན་སྐུ་ཕྲེང་བཞི་བ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་ཚང་གིས་བཀའ་ཆོས་གནང་རྒྱུའི་བཀའ་བབས་སྟེ་འཆད་རྒྱུ་མ་བྱུང་བར་སྟོད་འགག་ནས་འཐེན་ཏེ་སྟོད་འགག་གི་ཕོ་རོག་མིག་རྒྱན་བཅད་པའི་ལོ་རྒྱུས་ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེ་ཚང་གི་ཞལ་ནས་ཐོས་ཞེས་གསུང་འཕྲོས་སུ་བསྩལ་གསུངས།

   དེའི་སྟབས་ཀྱིས་བླ་མ་དགེ་བཤེས་རྣམས་ཀྱིས་སྦྱངས་པ་བྱས། དཔེ་ཆར་གཟིགས།  འཆད་ཐབས་ལོབས་སུ་འཇུག་དགོས། དེ་མིན་དེ་ནས་ད། དེ་ནས་ད། འོ་ལགས་སོ། དེ་ནས་ད་ཟེར་དགོས་དུས་ཚར་སོང་བ་རེད། འོ་ལགས་སོ། དེ་ནས་ད། ད་ཅི་ཟེར་དགོས་སམ། གང་ཟེར་དགོས་སམ་ཞེས་སོགས་འདྲ་མིན་སྨྲ་མི་དགོས་པར་བཀྲ་ཤིས་འཁྱིལ་གྱི་ཁྲིད་གདབ་སྟངས་ཇི་འདྲ་ཡིན་པ་ངོས་གཙང་བ་ཞིག་འཆད་ཨེ་ཐུབ་ལ་འབད་དགོས།

   ཁྲིད་བྱེད་པ་ལ་བླ་མའི་རྒྱུད་ན་འཕོ་རྒྱུ་ཞིག་དགོས། མ་མཐའ་སྒྲ་སྤྱི་ཙམ་གྱི་གོ་བ་རེ་དགོས། གསུང་རྒྱུན་ལ་སྔོན་ཐུའུ་བཀྭན་སྐུ་ཕྲེང་ཞིག་ཡིན་ནམ་བླ་ཆེན་ཞིག་གིས་ལམ་གཙོ་རྣམ་གསུམ་གྱི་གཞུང་ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར་ཅེས་པ་ལ་བཤད་པ་གནང་དུས་བཞི་བོ་འདྲེན་སྐབས་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་གསུམ་ཡིན་ངེས། ད་གཅིག་གང་ཡིན་ནམ་ཞེས་ཐུགས་འདང་གནང་བའི་ལོ་རྒྱུས་གསུངས་ཏེ་བླ་མ་བླ་ཆེན་ཡིན་སྟབས་དབང་བཀའ་ཆོས་མང་དུ་ཞུས་ངོར་དེ་འདྲའི་ལྡ་རེ་ལྡུར་རེ་བྱས་པ་རེད། འཕྲོ་ཕྱིན་ཆད་དེ་འདྲ་མ་གནང་དཔེ་ཆ་གཟིགས་ནས་གྲ་དག་པོ་བྱོས། དེ་ལྟར་བྱས་ན་བླ་མའི་རྒྱུད་ན་འཕོ་རྒྱུ་ཞིག་འདུག

     ནམ་རྒྱུན་བཤད་རྒྱུ་མང་བའང་ཆོས་འདུལ་བའི་ལག་ལེན། དགོན་པའི་བཅའ་ཡིག་ཆོས་ཁྲིམས། གྲྭ་ཚང་སོ་སོའི་ཕྱག་སྲོལ་ཉམས་ཨེ་འགྲོ་སྙམ་དུ་སེམས་མ་བདེ་བ་ཡིན། རྒན་པ་རྣམས་གཤེགས་པའི་ཤུལ་དུ་བདག་ལྟ་བུ་རེ་འགའ་ལུས་པ་རེད། ཁག་ཀྱང་མི་འདུག  བཤད་མཁན་མེད་པས་མ་ཤེས་པ་རེད། བཤད་ན་ཁ་མི་ཉན་རུང་ཡང་ཡང་བཤད་ན་ཕན་ཐོགས་ངེས། སྐྱབས་མཆོག་འཇིགས་མེད་དབང་བོ་ཡ་མཚན་པའི་འདུལ་བ་འཛིན་པ་ཆེན་པོ། སྔོན་ཆད་དེ་འདྲ་བྱོན་མ་མྱོང་བ་ལྟ་བུ་ཡིན།  དེ་བས་སྒྲིག་ཡར་བསྒྱུར་མར་བསྒྱུར་མ་བྱེད།

    ཀུན་མཁྱེན་རིན་པོ་ཆེས་ཡར་མར་ལ་དགེ་རྒན་དུ་མངགས་པའི་དགེ་བཤེས་ཚོར་དགོན་པ་ཡར་མར་ལ་ཕེབས་ན་སྒྲིག་ལམ་ལ་ཇུས་གཏོགས་མ་བྱེད། ཁ་མང་དུ་མ་འཇུག་ཅེས་བསླབ་བྱ་རྒྱུན་དུ་གནང་། དགོན་པ་སོ་སོའི་ཆོས་ཐོག་དང་བཅའ་ཡིག་ཆོས་ཁྲིམས་ལ་མི་གནོད་པའི་ཐོག་ནས་དཔེ་ཁྲིད་བྱོས་གསུངས་པ་ཐུགས་དག  དགེ་བཤེས་ཚོར་ང་རྒྱལ་ཆེ་ནི་རེད།ཁ་ཁེར་གྲགས་ལ་དགའ། དགེ་འདུན་གྱི་ལས་བྱ་བ་དེ་དམངས་གཙོ་ལྟར་བྱ་དགོས། འདུལ་བའི་ལས་བརྒྱ་རྩ་གཅིག་པོ་དེ་འདྲ་རེད། མ་མཐའ་གསོ་སྦྱོང་གི་གནས་ལ་བློ་མཐུན་ལྟ་བུ་རེར་ཐུགས་འདང་གནོང་དང་ཤེས་སོ།།

   མནྜལ་ལ་ཕྱི་ནང་གསང་གསུམ་གྱི་མནྜལ་ཡོད། ནང་གི་མནྜལ་དད་པ་དག་སྣང་གི་མནྜལ་གཙོ་བོ་རེད། ཁ་བཏགས་དང་དོང་ཙེ་མ་ཕུལ་ན་ཆོག  ང་དོང་ཙེ་མི་དགོས་མཁན་མིན་མོད་སྔོན་གྱི་བཀའ་ཆོས་གནང་མཁན་ཕལ་མོ་ཆེ་གྲྭ་བ་གྲྭ་རྐྱང་འདུལ་བ་འཛིན་པ་རྐྱང་རྐྱང་རེད། ཁོང་རྣམ་པའི་ཕྱག་ལེན་གྱི་རྒྱུན་འདྲ་རེད། རྒྱས་སྤྲོས་ལ་ཐུགས་མི་དགྱེས་པ་ཏག་ཏག་རེད། དེང་སང་ཁྲི་ཁར་སྡེར་ཁ་བཤམས་པ། ཇ་འཐུང་ཞོར་ཁྲིད་གནང་བ། མི་ཆོག་གི་སྔོན་གྱི་ཕྱག་ལེན་དེ་འདྲ་མ་རེད། འཕྲོ་ཕྱིན་ཆད་དེ་འདྲ་མ་གནང་གཉོམ་ཆུང་ཚུལ་མཐུན་བྱ་རྒྱུ་དགེ་བཤེས་ཚོས་ཐུགས་ལ་ཟུངས།

   གྲྭ་ཚང་གཞན་པ་ཚོའང་དཔེ་ཁྲིད་ལ་འོངས། ལམ་རིམ་བློ་སྦྱོང་ལ་ཉན་བཞིན་པ་འདི་ཡག་པོ་རེད།  ཅང་མ་ཤེས་ན་དཀའ་མོ་རེད། སྔོན་གྲྭ་ཚང་གཞན་པའི་གྲྭ་བ་དཔེ་ཁྲིད་ལ་སོང་ན་བླ་རྒན་ཚོས་དཔེ་ཁྲིད་ལ་སོང་ནས་གྲྭ་ཚང་རང་གི་རྒྱུད་སྡེའི་ཆོ་ག་དག་བཟུང་ཟིན་ནམ། ཕྱག་ལེན་གྱི་རིམ་པ་ཤེས་སམ་ཞེས་བཀྱོན་ངེས། 

    སློབ་གཉེར་བྱ་བ་ལ་ཆོག་ཤེས་མ་བྱེད། དགེ་བཤེས་གོང་མ་དག་ཇ་འཐུང་ཁོམ་ཡང་མེད་པ། རྩམ་པ་བཞེས་དུས་ཀྱང་རྩམ་པ་ལོག་ལོག་བྱས་ཏེ་བཞེས་ཞོར་ལ་དཔེ་ཆ་གཟིགས་པ་དེ་འདྲ་རེད། དེ་འདྲའི་དཀའ་སྤྱད་བྱས་ན་རྟོགས་པ་རྒྱུད་ལ་སྐྱེ་ངེས་པ་རེད། སྟོན་པ་ཐུགས་རྗེ་ཅན། རྗེ་བླ་མ་ཙོང་ཁ་བ་སོགས་ཀྱིས་ཇི་འདྲའི་དཀའ་བ་སྤྱད་འདུག  སྟོན་པ་ཐུགས་རྗེ་ཅན་གྱིས་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་ཏུ་དོར་བ་རེད། དེང་སང་སྐུ་སྐྱེས་རྣམས་དཔོན་པོ་བྱེད་རྒྱུར་དགའ་བོ་འདུག  བསམ་བཞིན་སྟོན་པ་ཐུགས་རྗེ་ཅན་ལ་དགག་པ་བྱས་པ་རེད།

    དཔེ་ཁྲིད་སྐབས་དགེ་རྒན་རླུང་ལངས་སུ་འཇུག་དགོས། ཁོང་ཨ་ཁུ་སྦྱིན་པ་བདེར་གཤེགས་ཚང་གི་མདུན་དུ་དཔེ་ཁྲིད་ལ་འགྲོ་དུས་ང་ཚོས་ལན་བཏབ། བློ་བཟང་རྒྱ་མཚོས་རྟགས་མ་གྲུབ་ཅེས་མགོ་ཡང་གཅུས་ནས་འདུག་ནི་རེད། གཙོ་བོ་ཞལ་ནས་སྒྲུབ་བྱེད་རེ་ཨེ་ལོན་སྙམ་པ་རེད། ཨ་ཁུ་བློ་གྲོས་ཚང་གི་གསུང་བཞིན་ཞིབ་ཆ་འདྲ་མིན་ཕྱེ། ཁས་ལེན་སྣ་ཚོགས་བཟུང་། ཕྱི་ཉིན་ཁོང་ཚང་གིས་ཡ་ཁྱོད་ཚོ་ཁ་སང་གི་ཚིག་ཐོག་ནས་སྡོད་ཅེས་སྒྲུབ་བྱེད་གཅིག་ལས་གཅིག་ལྷག་གི་ལུང་རིགས་སྤྲོ་བ་རེད། ཁོང་ལམ་རིམ་ཆུང་ངུ་ཐུགས་ཐོག་ནས་ཤར་ཤར་འགྲོ། གསེར་ཕྲེང་སྐབས་བཞི་བའང་དེ་བཞིན་རེད། སྐབས་བཞི་བ་ལ་ཐུག་དུས་དམིགས་བསལ་སྣོན་མ་འདེབས་རྒྱུ་ཡོད་པ་དེ་འདྲ་རེད། བླ་མས་རྟགས་གསལ་བཏང་སློབ་མའི་ལན་བཏབ་སྟེ་འཆད་ཉན་བྱ་བ་འདི་རྟོགས་པ་བླ་མ་ལ་ཕུལ་ཟེར་བ་དེ་རེད། སྦྱོང་སྟངས་ཡ་མཚན་པའི་ཡག་པོ་རེད། 

    དགེ་བཤེས་རྣམ་པས་ནམ་བཞག་རྒྱུན་ཏུ་དཔེ་ཁྲིད་གནོངས། ཁོང་དགེ་རྒན་བཀའ་དྲིན་ཅན་རྗེ་དགེ་འདུན་རྒྱ་མཚོ་བས་དཔེ་ཁྲིད་རྒྱུན་ཏུ་བྱོས་གསུངས་པ་ནས་ད་བར་དུ་ངས་ཀྱང་ཉིན་རེར་དཔེ་ཁྲིད་རེ་མ་ཆག་པ་ལྟ་བུ་བྱས་པ་ཡིན།  མཚམས་མཚམས་ལོག་བཤད་ཀྱང་བྱ་སྲིད།  ཡང་ཁྲིད་ཡང་དཔེ་ཆ་བལྟས་སྒྲུབ་བྱེད་བཙལ། སྔ་མ་ནོར་འདུག་ན་སྔོན་ལོག་བཤད་བྱས་འདུག་ཅེས་སྨྲ་དགོས་པ་རེད། སྐྱོན་ཅང་མེད་ཀི  དཔྱད་པ་རྫོགས་པའི་གང་ཟག་མ་རེད།  ནོར་བ་གཅིག་ཀྱང་མེད་པ་ག་ལ་སྲིད།

    བླ་མའི་ངོས་ནས་འཆད་པའི་ཚུལ་གྱིས་ཉམས་སུ་ལེན། སློབ་མའི་ངོས་ནས་ཉན་པའི་ཚུལ་གྱིས་ཉམས་སུ་ལེན།གཙོ་བོ་ཚུལ་ཁྲིམས་རྣམ་པར་དག་པའི་གཞི་བཟུང་སྟེ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་སྟེ་བྱང་ཆུབ་ལམ་རིམ་ལ་ཤུ་རེ་ཧུར་ཐག་བྱོས། ང་ཡར་མར་ལ་ཕེབས་སའི་དགོན་པ་སོ་སོར་ལམ་རིམ་མ་ཁྲིད་ས་ཕལ་ཆེར་མེད། དབང་རྗེས་གནང་ཞུས་ནའང་ངས་ལམ་རིམ་རེ་འདོན་ཞེས་སྔོན་ལ་ལམ་ཁྲིད་རེ་བཏོན་པ་ཡིན། ལམ་རིམ་ཆེན་མོ་ཤོག་རྒྱུན་བྱ་བར་སྐུལ་བ་ཡིན། དེ་ལྟར་བྱས་ན་ཉིན་རེར་རྗེ་བླ་མ་དང་མཇལ་བ་རེད། མ་མཐའ་ཤོག་བུ་གཅིག་རེའམ་ཐིག་ཕྲེང་རེ་མ་ཆད་པར་གྱིས་དང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་ཀྱི་བཅུད་ཕྱུང་བའི་ཉིང་ཁུའོ།།

   ཞེས་པ་འདི་ཡང་ཁོང་གི་གསུང་ཆ་ཚང་གི་སྒྲ་ཡོད་པས་ཕབ་བཤུ་མ་བྱས་པར་སྔ་ཕྱིར་དཔེ་ཁྲིད་ཀྱི་ཐད་ནས་གསུངས་པ་རྣམས་བློ་ལ་གང་ཡོད་མཐར་ཆགས་སུ་བསྒྲིགས་པའོ།།

2020.4.15

卡加琼翁综合文学网ལས་བཤུས།

བརྒྱུད་འགོད།