བསླབ་བྱ་དྲང་སྲོང་རྒན་པོའི་བདེན་ཚིག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-10-30 09:21:36     རྩོམ་པ་པོ།   རྗེ་འཇམ་དབྱངས་རྒྱ་མཚོ།    ཀློག་ཐེངས།  

ལམ་བཟང་སྟོན་པའི་བཤེས་གཉེན་དེད་དཔོན་དང་།    །

དལ་འབྱོར་རྟེན་གྱི་གྲུ་གཟིངས་ལ་བརྟེན་ནས།   །

ཟབ་རྒྱས་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ།    །

ཐོས་བསམ་སྒོམ་གསུམ་བྱེད་རྣམས་འདུན་མ་བཟང་།    །


ཡིད་ཀྱི་མུན་པ་སེལ་བའི་ཐབས་ཀྱི་མཆོག    །

དྲི་མེད་ཤེས་རབ་སྒྲོན་མེ་སྦར་འདོད་ན།    །

རིག་པའི་སྒོ་འབྱེད་བསྡུས་གྲྭའི་རིགས་ལམ་ལ།    །

སྔོན་བྱོན་མཁས་པའི་རྣམ་ཐར་བཞིན་དུ་སྦྱོངས།    །


སྨྲ་ངན་ཚར་གཅོད་ཕྱོགས་གླང་གྲགས་པའི་གཞུང་།    །

སྡེ་བདུན་མདོ་དང་བཅས་པའི་དགོངས་པའི་དོན།   །

རིགས་སྨྲ་མཁས་པའི་མདུན་སར་བརྒལ་ལན་གྱིས།   །

གཏན་ལ་འབེབས་པ་གནད་ཀྱི་དོན་པོར་ཟུངས།   །


དུས་གསུམ་རྒྱལ་བའི་བགྲོད་པ་གཅིག་པའི་ལམ།   །

ཡུམ་གྱི་སྦས་དོན་མངོན་རྟོགས་རིམ་པ་ལ།   །

ངོ་བོ་དྲང་ངེས་སྔ་ཕྱིའི་རིམ་པ་ཀུན།    །

ཕན་ཚུན་འགལ་མེད་གྲོགས་སུ་ཆར་ལ་སློབས།   །


གྲུབ་མཐའི་ཡང་རྩེ་དབུ་མ་ཐལ་འགྱུར་བའི།   །

ལུགས་བཞིན་ཀླུ་སྒྲུབ་དགོངས་དོན་ལྟ་བའི་མིག    །

སངས་རྒྱས་བསྐྱངས་དང་དཔལ་ལྡན་ཟླ་བའི་གཞུང་།   །

ཇི་བཞིན་ཤེས་པར་འདོད་རྣམས་དབུ་མར་སློབས།    །


ཁྱད་ཆོས་བཞི་ལྡན་མངོན་པའི་སྡེ་སྣོད་ཀྱི།   །

བརྗོད་བྱ་རང་སྤྱིའི་མཚན་ཉིད་རྟོགས་འདོད་དག    །

མངོན་པའི་སྡེ་སྣོད་གསོ་ཕྱིར་བསམ་བཞིན་དུ།    །

བྱོན་པ་སྐུ་མཆེད་གཉིས་ཀྱི་གཞུང་ལ་སློབས།   །


དམ་ཆོས་འདུལ་བ་རྒྱ་མཚོ་ལྟ་བུ་ལས།   །

བྱུང་བའི་བླང་དོར་ཚུལ་བཞིན་བྱེད་འདོད་ན།   །

རྩ་བཤད་སྡེ་བཞིའི་གཞུང་དོན་མ་ལུས་པ།    །

བསྡུས་པ་ཡོན་ཏན་འོད་ཀྱི་གཞུང་ལ་སློབས།    །


སྒྲ་རིག་བཟོ་གསོ་སྙན་ངག་སྡེབ་སྦྱོར་དང་།   །

མངོན་བརྗོད་ཟློས་གར་སྐར་ནག་རྩིས་ཀྱི་གཞུང་།   །

སྐད་ཡིག་ཀུན་དང་སྣ་ཚོགས་རིག་པའི་གནས།   །

བསླབས་ནས་རྒྱལ་སྲས་རྣམ་ཐར་བདག་གིར་ཟུངས།   །


བཀའ་གདམས་གོང་མའི་རྣམ་ཐར་ཇི་བཞིན་དུ།   །

ཆེ་བ་བཞི་ལྡན་བྱང་ཆུབ་ལམ་རིམ་དང་།   །

རྒྱུད་ཆེན་རིམ་བྱོན་དམ་པའི་རྣམ་ཐར་བཞིན།   །

གསང་ཆེན་རྒྱུད་སྡེ་བཞི་ལ་མཐར་ཕྱིན་བྱོས།   །


ཐོས་ལོ་ཤེས་ལོའི་གྲགས་སྐམ་དོན་གཉེར་ངང་།   །

འདིར་སྣང་ཞེན་པའི་ཐང་ལ་རྒྱུག་དྲགས་པས།   །

མི་ཚེ་སྟོངས་པར་ཟད་པ་ཙམ་མིན་པར།   །

དལ་འབྱོར་དོན་ཡོད་བྱེད་པ་མཁས་པའི་གཤིས།   །


བསམ་པ་བཟང་བོས་རང་གི་མཆིལ་ལྷམ་ཟུང་།   །

ཐུབ་སྐུའི་དབུ་ལ་བཞག་དང་བསལ་བྱས་པ།   །

གཉིས་ཀའང་རྒྱལ་སྲིད་ཐོབ་པའི་རྒྱུར་གསུངས་ན།   །

བསམ་པ་བཟང་བོས་སྨྲས་ལའང་ཉེས་པ་ཅི།   །


ཞེས་པ་འདི་ནི་བསླབ་བྱའི་ཚུལ་དུ་༧ མཚོ་བྱུང་རོལ་བའི་བློ་གྲོས་ཀྱིས་བྲིས་པའོ།   །

༼ཟུར་མཆན། བཀའ་རྩོམ་འདི་ནི་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭའི་ཐེངས་བཅུ་གཅིག་པའི་མཐར་ཕྱིན་སློབ་མ་རྣམས་སློབ་མཐར་ཕྱིན་ཁར་རྗེ་ཉིད་ལ་ཞུས་པ་བཞིན་གནང་བ་ལགས་སོ།   །༽

西仓慈知木འཕྲིན་སྟེགས་ལས་བཤུས།

བརྒྱུད་འགོད།