རིམས་ནད་ལས་མྱུར་དུ་གྲོལ་བའི་ཕྱིར་བླ་མ་ཡི་དམ་དབྱེར་མེད་ལ་གསོལ་བ་འདེབས་པ་སྙིང་གི་གདུངས་དབྱངས།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2020-02-06 22:38:24     རྩོམ་པ་པོ།   བཛྲ་ཚུལ་ཁྲིམས་རྒྱ་མཚོ།    ཀློག་ཐེངས།  

915616570011732356.jpg


མ་ལུས་རྒྱལ་བའི་གདུང་འཚོབ་བླ་མ་དང་།།


རྒྱལ་ཀུན་ཐུགས་རྗེའི་གཏེར་ཆེན་སྤྱན་རས་གཟིགས།།


དབྱེར་མེད་སྤྱི་གཙུག་རྒྱན་དུ་སྤྱངས་དྲངས་ཏེ།།


བདག་གཞན་འཇིགས་ལས་གྲོལ་ཕྱིར་གསོལ་བ་འདེབས།།


 


སྔོན་ཚེ་བྱོན་པའི་ཉན་རང་བྱང་སེམས་དང་།།


སངས་རྒྱས་ཀྱིས་ཀྱང་མ་ཐུལ་སྙིགས་མའི་འགྲོར།།


ལྷག་པར་བརྩེ་བ་སྤྱན་རས་གཟིགས་དབང་དང་།།


དབྱེར་མེད་བླ་མས་བདག་ཅག་བསྐྱབ་ཏུ་གསོལ།།


 


བསམ་བློ་མི་གཙང་ཉོན་མོངས་དུག་གིས་གང་།།


ཀུན་སྤྱོད་མི་གཙང་མི་དགེ་བཅུ་ལ་སྤྱོད།།


དུས་ངན་སྙིགས་མའི་འགྲོ་འདི་ནད་ངན་གྱིས།།


མནར་བའི་ཚུལ་ལ་ཁྱེད་ཀྱིས་ཐུགས་རྗེ་གཟིགས།།


 


ཕ་མ་བུ་ཕྲུག་གཉེན་བཤེས་གྲོགས་མཆེད་བར།།


བྱམས་དང་བརྩེ་བའི་དྲོད་འཁོལ་ཆེས་ཆེར་ཞན།།


ཁྲེལ་དང་ངོ་ཚའང་མེད་པ་མི་ཡི་གཤིས།།


རྨང་ནས་བོར་བ་སྙིགས་མའི་འགྲོ་འདི་སྐྱོབ།།


 


ཆོས་པར་རློམ་ཡང་ཆོས་ལ་དད་པ་ཞན།།


ལས་འབྲས་ཁ་ནས་བཤད་ཀྱང་ཁོག་ན་མེད།།


རང་ཉིད་ཉེས་པའི་སྡུག་ཡུས་ཆོས་ལ་འདོན།།


སྙིགས་དུས་ཆོས་པ་རྣམས་ལ་ཐུགས་རྗེ་གཟིགས།།


 


ཡོན་ཏན་འབྱུང་གནས་བླ་མར་འདྲ་མཉམ་གླེང་།།


དངོས་གྲུབ་རྩ་བ་ཡི་དམ་ལྷ་ལ་སྨོད།།


བསླུ་མེད་དཀོན་མཆོག་གསུམ་ལ་བསྐུར་བ་འདེབས།།


དུས་ངན་སྙིགས་མའི་འགྲོ་འདིར་ཐུགས་རྗེ་གཟིགས།།


 


བདེ་ལ་སྲེད་ཀྱང་བདེ་བའི་རྒྱུ་ལ་སྡང་།།


སྡུག་བསྔལ་མི་འདོད་དེ་རྒྱུ་འབད་པས་སྒྲུབ།།


བླང་དོར་ལོག་པར་སྤྱོད་པ་སྙིགས་མའི་འགྲོར།།


བརྩེ་བས་གཟིགས་ལ་མྱུར་དུ་བསྐྱབ་ཏུ་གསོལ།།


 


མཆིལ་མ་གནམ་འཕེན་རང་གི་གདོང་ཇི་བཞིན།།


རང་བྱུང་ཁོར་ཡུག་རང་གིས་ཉམས་བྱས་པས།།


འབྱུང་བཞིའི་འཇིགས་པས་རང་ཉིད་ཕུང་བྱེད་པའི།།


སྙིགས་མའི་འགྲོ་འདི་ཐུགས་རྗེས་མྱུར་དུ་སྐྱོབ།།


 


དུག་གིས་བསྐྱེད་པའི་སྡུག་བསྔལ་མི་བཟོད་ཀྱང་།།


དུག་གི་གཏེར་ཁ་བསྔོག་ལ་མི་འཇིགས་ཤིང་།།


དུག་གསུམ་དུག་གིས་ཆེས་ཆེར་མྱོས་པ་ཡི།།


དུག་མཚོར་བྱིང་བའི་འགྲོ་འདི་བསྐྱབ་ཏུ་གསོལ།།


 


ནད་ལ་འཇིགས་ཀྱང་ནད་ཀྱི་རྒྱུ་ལ་འབད།།


སྨན་པ་འཚོལ་ཡང་སྨན་པའི་ངག་མི་ཉན།།


ནད་རིམས་ཀློང་ན་འཇིགས་པའི་འོ་དོད་འབོད།།


ལས་ངན་འགྲོ་འདི་ཐུགས་རྗེས་མྱུར་དུ་སྐྱོབ།།


 


བཀྲེས་པས་མནར་ཡང་ཟས་ལ་དགྲ་རུ་བལྟ།།


འཇིགས་པས་མནར་ཡང་འཇིགས་སྐྱོབ་ལྷ་ལ་སྡང་།།


སྐོམ་པས་གདུང་ཡང་ཆུ་གཙང་འདོར་བརྩོན་པའི།།


ལས་ངན་སྙིགས་མའི་འགྲོ་འདི་མྱུར་དུ་སྐྱོབ།།


 


རང་གི་ལུས་ལ་མཚེར་མའི་གནོད་པ་ཙམ།།


མི་བཟོད་བཞིན་དུ་ཉམ་ཆུང་སྲོག་ཆགས་ཀྱི།།


སྲོག་ལ་ངན་ལས་སྣ་དགུས་རྩེ་བ་ཡི།།


རྨོངས་པའི་འགྲོ་འདི་མྱུར་བསྐྱབ་ཏུ་གསོལ།།


 


བཀྲ་ཤིས་བདེ་ལེགས་ཁ་ལ་བྱང་ན་ཡང་།།


བཀྲ་མི་ཤིས་པའི་བྱ་བ་སྒྲུབ་ལ་བརྩོན།།


བཀྲ་ཤིས་བདེ་བས་བོར་བ་སྙིགས་མའི་འགྲོ།།


བཀྲ་ཤིས་ལྷ་ཡིས་སྐྱོབ་པའི་དུས་ལ་བབ།།


 


སྤྱིར་ན་བདེ་སྡུག་དགེ་སྡིག་ལས་ལས་བྱུང་།།


སུ་དང་གང་གིས་བཀོད་བསྒྲིག་མ་མཛད་ཀྱང་།།


བྱིས་པ་རང་གིས་ཉེས་ཀྱང་བརྩེ་བའི་མར།།


སྡུག་ཡུས་ཇི་བཞིན་ཁྱེད་ལས་གང་ལ་ཞུ།།


 


དེ་ཕྱིར་སྙིང་ནས་བླ་མ་ཡི་དམ་ལ།།


གསོལ་འདེབས་གདུངས་དབྱངས་མ་ཁོག་ངག་ནས་ཤོར།།


ཡིད་ཆེས་དད་པས་སྔགས་ཀྱང་མང་དུ་བགྲང་།།


དེ་སླད་འཇིགས་པའི་ཀློང་ལས་མྱུར་དུ་སྐྱོབ།།


 


གལ་ཏེ་ལས་སུ་དགོངས་པས་མི་སྐྱོབ་ན།།


གཞན་གྱིས་བསགས་པ་སྨིན་པའི་དོགས་མ་མཆིས།།


ནམ་ཞིག་རང་མགོ་ཐོན་དུས་ཐུགས་རྗེ་ཡིས།།


སྐྱོབ་དགོས་མ་མཆིས་དུས་འདིར་ཅིས་ཀྱང་དགོངས།།


 


མ་རིག་རྨོངས་པའི་གཉིད་ལས་སད་དུ་གསོལ།།


བླང་དོར་ལོག་སྒྲུབ་བྱེད་པ་བཟློག་ཏུ་གསོལ།།


བསམ་བློ་ཀུན་སྤྱོད་ཉེས་པ་བསྲིང་དུ་གསོལ།།


ནད་རིམས་འདི་ལས་མྱུར་དུ་བསྐྱབ་ཏུ་གསོལ།།


 


ཐུགས་རྗེ་ཆེན་པོའི་གཟུངས་མཆོག་ལན་གཅིག་ཙམ།།


བཟླས་ནའང་ཕམ་བཞི་མཚམས་མེད་འདག་གསུངས་ན།།


བདག་ནི་ལྷ་དང་བླ་མ་དབྱེར་མེད་དུ།།


མོས་ནས་ལན་བརྒྱར་བཟླ་ཡི་བྱིན་རླབས་སྩོལ།།


 


སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ངན་ལས།།


བྱུང་བའི་རིམས་ནད་འདི་ཡིས་བགྲང་ཡས་འགྲོ།།


མནར་བའི་ཚུལ་འདི་མ་བཟོད་བླ་མ་ལྷར།།


འབོད་དོ་ཐུགས་རྗེས་མྱུར་དུ་བསྐྱབ་ཏུ་གསོལ།།


 


ལུས་སེམས་སྡུག་ལ་སྦྱོར་བྱེད་ཇི་སྙེད་པ།


མ་ལུས་ཞི་ཞིང་མཐུན་པའི་ཚོགས་ཆོས་ཀྱིས།།


མར་གྱུར་འགྲོ་རྣམས་བདེ་ཞིང་རྒྱལ་བའི་བསྟན།།


དར་ཞིང་རྒྱས་པའི་བྱིན་རླབས་ཅི་ཡང་སྩོལ།།


 


བླ་མ་ཡི་དམ་མཆོག་གསུམ་ཐུགས་རྗེ་དང་། 


བསྟན་སྲུང་རྒྱ་མཚོའི་ཚོགས་ཀྱི་ནུས་མཐུ་དང་།


ལས་འབྲས་བསླུ་མེད་བདག་གི་དད་སྟོབས་ཀྱིས།


ཇི་ལྟར་སྨོན་པའི་དོན་རྣམས་འགྲུབ་གྱུར་ཅིག


   ཅེས་པ་འདི་ནི། ཤཱཀྱའི་དགེ་སློང་གི་གཟུགས་བརྙན་ཙམ་འཆང་བ་བཛྲ་ཚུལ་ཁྲིམས་རྒྱ་མཚོར་འབོད་པས། ཉེ་ཆར་མ་རིག་པས་བློ་མིག་ཀུན་ནས་ལྡོངས་པའི་ལས་ངན་འགའ་ཞིག་གིས་སེམས་ཅན་སྲོག་ཆགས་རྣམས་ཡ་ང་བའི་སྡུག་ལས་ཀྱིས་མནར་བར་བྱས་ནས་བསད་ཅིང་ཟོས་པའི་རྐྱེན་ལས་སྤྱི་མཐུན་གྱི་ལས་སྨིན་པ་དུས་སུ་བབས་ཏེ་ཤིན་ཏུ་འཇིགས་ཤིང་སྐྱི་གཡའ་བའི་པྲོག་ཞྭའི་ནད་དུག་ཅན་གྱི་ཡམས་ནད་ཀྱིས་ཤར་ནུབ་ཀྱི་གོ་ལ་ཟླུམ་པོའི་ཁྱོན་ཀུན་མུན་པར་བྱེད་བཞིན་པའི་ངང་ཚུལ་འདི་མ་བཟོད་ནས།  སྨན་པ་དང་ཚན་རིག་པས་སྔོན་འགོག་ཇི་ལྟར་བྱེད་ཚུལ་རྣམས་ཉན་ཅིང་ཤེས་པར་བྱས་ནས་ལག་ལེན་བྱེད་པ་གཞིར་བཞག་གི་སྟེང་། རིམས་ནད་ཀྱི་འཇིགས་པས་མ་རེག་པ་རྣམས་མི་རེག་ཅིང་། རེག་པ་རྣམས་མྱུར་དུ་གྲོལ་བའི་ཕྱིར་དུ། ཉིན་རེ་བཞིན་ཐུགས་རྗེ་ཆེན་པོའི་བསྟོད་པ་དྲི་མེད་དུང་མདོག་མ། སྟོབས་བཅུ་མངའ་བ་མ། མ་ལུས་རྒྱལ་བ་མ་རྣམས་བཏོན་ནས་མ་ཎི་དང་། ལོ་གྱོན་མ། སྒྲོལ་མ་ཉེར་གཅིག་གི་བསྟོད་པ་དང་འབྲེལ་བའི་ཏཱ་རེ་དང་། གྲུབ་ཆེན་ཐང་སྟོང་རྒྱལ་བོས་གསུངས་པའི་ས་སྐྱའི་ནད་གྲོལ་མར་གྲགས་པ་དང་བཅས་དད་པ་དག་སྣང་གིས་འདོན་བཞིན་ཡོད། དེ་དང་ཆབས་གཅིག་སྙིང་ནས་སྨོན་ལམ་བཏབ་པ་རྣམས་ཡི་གེར་བཀོད་པའོ།།


 


རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།