བླ་བྲང་དགེ་བཤེས་གཉེན་ཆེན་མོ༧རྗེ་འཇམ་དབྱངས་རྒྱ་མཚོ་མཆོག་གི་ཞལ་གདམས་བདུད་རྩིའི་ཐིགས་པ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-10-14 19:42:50         ཀློག་ཐེངས།  

微信图片_20181014194654.jpg          ༄༅།། མདོ་སྔགས་རིག་གནས་ཀྱི་བང་མཛོད་ལྟ་བུར་གྲགས་པ་དོན་དང་ལྡན་པའི་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགེ་བཤེས་གནམ་གྱིས་ས་བཀབ་པ་འདྲ་བ་མང་དུ་བྱོན་པ་ནི་ལོ་ངོ་སུམ་བརྒྱའི་རིང་གི་བྱུང་བ་རྣམ་ཐར་གྱི་ཡི་གེ་ཁག་དང་། བླ་བྲང་གདན་རབས་དང་མདོ་སྨད་ཆོས་འབྱུང་སོགས་སུ་ཅི་རིགས་པར་ཡེ་གེར་འཁོད་པ་དེ་དག་ལས་གསལ་བོར་ཤེས་ཐུབ། དུས་ད་ལྟའང་ཆོས་སྡེ་དགོན་ཆེན་མང་བོར་བཤད་སྒྲུབ་ཀྱི་སྲོལ་ཉམས་ཏེ་མཚོ་ལ་ལྷུང་བའི་ཁ་བ་བཞིན་ཏུ་ཡུལ་སྐོར་ལྟེ་གནས་ཙམ་དུ་གྱུར་དང་འགྱུར་བཞིན་པའི་སྐབས་འདིར་དུས་དང་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་མ་འགལ་བར་སྔར་བཞིན་ལྟེམས་ཀྱིས་འཁྱིལ་ཐུབ་པ་ནི་བླ་བྲང་བཀྲ་ཤིས་འཁྱིལ་ལྟ་བུ་རེ་འགའ་ཡིན་ལ། དེ་ནི་པཎ་ཆེན་ཐམས་ཅད་མཁྱེན་པའི་དགོངས་དོན་བཞིན་ཐབས་ལ་མཁས་ཤིང་ཐུགས་དགོངས་ཟབ་པའི་ཀུན་མཁྱེན་རིན་པོ་ཆེ་ལྟ་བུའི་ཐུགས་བསྐྱེད་སྨོན་ལམ་འབའ་ཞིག་ལས་བྱུང་བ་ཡིན་པར་ཡུན་གྱིས་བསམ་ན་ཏག་ཏག་ར་འཕྲོད་ཐུབ།

བཤེས་གཉེན་ཆེན་མོ༧རྗེ་འཇམ་དབྱངས་རྒྱ་མཚོ་མཆོག་གི་གསུང་ཟིན་ཚོད་ཙམ་འགོད་པར།

དགོན་དེ་ག་ནས་སློབ་གཉེར་མཛད་དེ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པར་གྱུར་བ་ཡོངས་གྲགས་སུ་ད་ལྟ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཨ་ཁུ་རྣམ་གཉིས་ཞེས་གྲགས་པའི་ནང་ཚན་ཨ་ཁུ་འཇམ་དབྱངས་རྒྱ་མཚོ་ཚང་གིས་བཀའ་ཆོས་ཐུན་གཅིག་གི་སྐབས་སུ་གསུངས་པའི་ཞལ་གདམས་ཟབ་མོ། ཐད་ཀར་དོན་དུ་གང་འགྱུར་དང་བསྟན་པའི་ཐ་མ་ལ་གང་ཕན་མང་དུ་གསུངས་པ་རྣམས་དཀྱུས་གཅིག་ཏུ་བྲི་བ་བར་བྱ་བ་ལ། ཁོང་རིན་པོ་ཆེ་ནི་ད་ལྟ་དགུང་ལོ་གྱ་ལྔར་སླེབས་ཤིང་མགོ་བསྡུས་གྲྭ་གསར་སློབ་ནས་ད་ལྟ་ལ་ཐུག་གི་བར་དུ་ཉིན་རེ་ལ་དཔེ་ཆར་མ་བལྟས་པའི་ཉི་མ་གཅིག་ཀྱང་མེད། དཔེ་ཆར་བལྟ་བ་འདི་ཤིན་ཏུ་གལ་ཆེ། དེང་དགོན་སྡེ་རེ་འགས་ཡིག་ཆ་བརྗེས་དགོས་རབས་དང་། དགེ་བཤེས་རེ་འགས་ཡིག་ཆའི་ཐལ་ཕྲེང་སོགས་བློར་འཛིན་མི་དགོས་པར་བལྟས་པས་ཆོག་པར་གསུང་མཁན་ཡང་འདུག་པས་དེ་དག་ནི་མ་ཤེས་པ་ཡིན་གསུངས།

མཚན་ཉིད་གལ་ཆེ་བ་བཞིན་རྒྱུད་སྡེ་ཡང་གལ་ཆེ་བས་འདོར་མི་རུང་།

དེ་ལྟར་མཚན་ཉིད་འདི་ཤིན་ཏུ་གལ་ཆེ་མོད། ད་ལྟ་ཕྱོགས་ཡར་མར་ན་གཡམ་རྒྱུག་གི་ཚུལ་དུ་གནས་སྐབས་དང་ཁོར་ཡུག་སོགས་ཅི་ལའང་མི་ལྟ་བར་རྒྱུད་སྡེ་འདྲ་མིན་གྱི་གཏོར་མ་བཅའ་བཟོ། འབུད་དཀྲོལ་རྡུང་། ཐིག་རྡུལ་ཚོན། འདོན་རྟ་དབྱངས་སོགས་དམ་པ་སྔོན་མའི་ཐུགས་སྨོན་རྒྱ་ཆེན་པོའི་སྒོ་ནས་ཕྱག་སྲོལ་ལ་ཚུགས་པ་ཀུན་བོར་ནས་མཚན་ཉིད་ལ་དང་དོད་བྱེད་པ་དེ་ཡང་གསང་བའི་བར་ཆད་ཡིན་པ་འདྲ་སྟེ། ཡོན་ཏན་ནི་སུ་ལ་ཡོད་ནའང་ཡོན་ཏན་ཡིན། འདི་ཕྱོགས་སུ་ཙ་ཡས་དགོན་པ་མ་གཏོགས་ད་རེས་སྐབས་སུ་བབས་པའི་དབང་རྡོར་དབྱིངས་ཀྱི་ཆོ་ག་ཚུགས་པ་མེད་ལ། མདོ་སྨད་ར་རྒྱ་བཀྲ་ཤིས་འབྱུང་གནས་སུ་དཀྱིལ་འཁོར་བཅོ་ལྔའི་ཕྱག་ལེན་ཚུགས་ཡོད་འདུག དེ་ནི་ངོ་མའི་ཡ་མཚན་རེད།

 མཚན་ཉིད་ཀྱི་གྲྭ་སར་མ་འགྲིམས་ཀྱང་མཁས་གྲུབ་གཉིས་ལྡན་འབྱུང་བ།

མཚན་ཉིད་ཀྱི་གྲྭ་སར་མ་འགྲིམས་ཀྱང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུར་བགྲང་རུང་བ་ཤིན་ཏུ་མང་། དཔེར་ན་སྲད་རྒྱུད་དཀོན་མཆོག་ཡར་འཕེལ་ཚང་ལྔ་བ་ཆེན་པོའི་ཞབས་བརྟན་ལ་ཕེབས་དུས་ལྔ་བ་ཆེན་པོས་དྲི་བ་མང་དུ་མཛད་པ་ལ་དྲིས་ལན་གྱ་ནོམ་པ་ཕུལ་བས་ཐུགས་འཕྲོག་སྟེ། རྗེས་སུ་གསུང་ཆོས་ཀྱི་སྐབས་མང་བོར་སྲད་རྒྱུད་པའི་ཐུགས་ཡོན་ལ་བསྔགས་པ་མཛད་པ་ལས་ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱིས་ཆོས་འབྲེལ་བཞག་པའི་ལོ་རྒྱུས་གསལ་བོར་ཡོད་པ་སྲད་རྒྱུད་རྡོ་རྗེ་འཆང་ལྟ་བུ་མཚན་ཉིད་ཀྱི་གྲྭ་ས་མ་འགྲིམས་པར་རྒྱུད་གྲྭ་ཁོ་ནར་བཞུགས་ནས་དགེ་ལྡན་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པའི་གྲལ་མགོར་བུད་པ་རེད།

 དཔེར་ན་ལྕང་སྐྱ་རོལ་བའི་རྡོ་རྗེ་ལྟ་བུ།

གཞན་ལྕང་སྐྱ་རོལ་བའི་རྡོ་རྗེ་ལྟ་བུ་རྒྱ་ནག་གོང་མའི་དབུ་བླར་བཞུགས་ཏེ་མཚན་ཉིད་གྱི་གྲྭ་སར་མ་ཕེབས་ཀྱང་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་དབུས་ཕེབས་དང་སྦྲགས་ཐོག་མར་དབུས་སུ་ཕེབས་དུས། སྒོ་མང་དཔོན་སློབ་ཅུན་གར་བ་བློ་བཟང་ཆོས་གྲགས་ཞུ་བ་རྣམ་འགྲེལ་ལ་ལྷག་པར་མཁས་པ་དེས་ད་རེས་གོང་ས་མཆོག་གི་ཕེབས་བསུར་འགྲོ་དགོས་པས་སྒོ་མང་བའི་ལ་རྒྱ་ཙམ་གྱིས་ལྕང་སྐྱ་ཚང་ལ་མི་མཇལ་ཀ་མེད་འདུག གོས་ཆེན་གྱི་ན་བཟའ་ལས་ཡོན་ཏན་གྱི་རེ་བ་ཅི་ཡོད་སོགས་སྨྲས་ཤིང་། དེ་ནས་བཞུགས་གྲལ་དུ་ལྷན་ཅིག་དམིགས་ངེས་ལས་འཕྲོས་ཏེ་སྒོ་མང་དཔོན་སློབ་ཅི་ཟེར་འདི་ཟེར་མེད་པར་བཏང་ཞིང་། ཕྱིས་སྒོ་མང་གི་ཆོས་གྲྭའི་ཚོགས་ལབ་ཏུ་ངས་ཁོང་གིས་མཚན་ཉིད་ཀྱི་གྲྭ་སར་ཐུགས་གཉེར་མ་མཛད་པས་བགྲོ་གླེང་དེ་ཙམ་མེད་སྙམ་ཡང་། དེ་ཡོན་ཏན་ཐམས་ཅད་ནང་ནས་ཤར་བ་ཡིན་འདུག་གསུངས་པར་གྲགས་པའི་མཁས་གྲུབ་ཆེན་པོ་ལྕང་སྐྱ་རོལ་བའི་རྡོ་རྗེ་ཚང་ཡང་མཚན་ཉིད་གྲྭ་སར་མ་འགྲིམས་པ་ལྟ་བུ་རེད།

 ཁྱད་པར་དུ་སྟག་ཚང་ལོ་ཙཱ་བ་ལྟ་བུ།

ཁྱད་པར་དུ་སྟག་ཚང་ལོ་ཙཱ་བས་མཛད་པའི་བསྟོད་པའི་ཚིག་རེ་རེ་ལ་བསམ་ན་མཁས་པས་མཁས་པ་མཐོང་བ་ཡིན་པས་རྗེའི་བསྟན་པའི་གནད་འགག་ཆེ་ས་དག་གང་ན་ཡོད་པ་མཐོང་ཐུབ་ལ། སྔར་དགག་པ་མང་དུ་མཛད་དེ་ཕྱིས་ཡོན་ཏན་མཐོང་བ་ན་དེ་ལུགས་ཀྱི་བསྟོད་བསྔགས་ཚུལ་བཞིན་བགྱིད་པའི་སྟག་ཚང་བའི་ཡོན་ཏན་འདི་འདྲ་རང་གཞན་སུ་ལའང་ཡོད་དཀའ་ཞིང་སྐྱེས་བུ་དམ་པའི་རང་རྟགས་ཡིན། རྗེ་རིན་པོ་ཆེའི་སྔ་རོལ་ཏུ་གསང་སྔགས་ཟ་ཆོས་ཙམ་དུ་ངོས་འཛིན་པ་ལ་རྗེ་རིན་པོ་ཆེས་འདུན་ལེགས་མར་འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ་སོགས་ལྟར་རྒྱུད་སྡེ་མཐའ་དག་གི་དགོངས་དོན་ཇི་བཞིན་གསལ་བར་བཤད་པས་ཀུན་ཀྱང་གསང་སྔགས་ལ་མོས་པ་ཆེར་ཕྱིན་པ་དང་། ཁྱད་པར་དུ་སྟག་ཚང་བ་མཆོག་གིས།

མཚན་ཉིད་མཆོག་བཟུང་གསང་སྔགས་ཟ་ཆོས་དང༌།།

སྔགས་ཀྱིས་ཁེངས་ནས་མཚན་ཉིད་ཁ་བཤད་ཙམ།།

མདོ་སྔགས་མཐའ་དག་མ་ཚང་རྫོགས་བྱང་དུ།།

བགྲོད་ཐབས་མེད་པར་གཟིགས་པ་ཁྱོད་ལ་འདུད།། ཅེས་དང་།

མདོ་སྔགས་མཐའ་དག་ཁྱད་པར་རྡོ་རྗེ་ཐེག།

རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དོན།།

རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ།།

སྔོན་མེད་ལེགས་བཤད་གཏེར་ཁྱོད་གསུངས་པ་ལྟར་གངས་ཅན་མཁས་པའི་གཙུག་རྒྱན་དུ་གྱུར་བ་ཡིན། མདོར་ན་རྗེ་ཡི་བསྟན་པ་མདོ་སྔགས་ཟུང་འབྲེལ་ཡིན་པས་ཁ་ཡར་བ་ལ་འབད་པ་མི་བྱེད་པར་སོ་སོའི་ཁྱད་པར་དག་མི་མཉམ་པར་འཛིན་སྐྱོང་བྱེད་དགོས།

 ཀུན་མཁྱེན་རིན་པོ་ཆེས་བཀྲ་ཤིས་འཁྱིལ་དུ་རྒྱུད་སྡེ་བཏབ་པ།

སྔར་གྲྭ་ས་སེ་འབྲས་དགེ་གསུམ་དུ་དཔེ་ཆའི་ཁྲོད་སྔགས་ཀྱི་དཔེ་ཆ་གཞག་མི་ཆོག་པ་དེ་འདྲའང་བྱུང་མོད། ཀུན་མཁྱེན་རིན་པོ་ཆེས་བཀྲ་ཤིས་འཁྱིལ་བཏབ་རྗེས་འདུ་ཁང་གི་ནང་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཐང་ཀ་བཞེངས་པ་ཕྱིས་སུ་དགེ་བཤེས་ཚོའི་ཚོགས་གཏམ་ལ་འཇུ་ས་འཆང་ས་དེ་ལ་བྱེད་དགོས་པའི་བརྡ་ཡིན་པར་གསུངས་པ་དང་། ཐོས་བསམ་གླིང་གི་ཚོགས་འདོན་ལ་ལྷ་བཅུ་གསུམ་པ་བཙུགས་ནས་མདོ་སྔགས་ཟུང་འབྲེལ་དུ་བྱས་པ་ཡིན་ལ། བཀྲ་ཤིས་འཁྱིལ་གྱི་རྒྱུད་པ་དང་དགོན་ལུང་གི་རྒྱུད་གྲྭ་ནི་སྔར་སྲད་རྒྱུད་པའི་ལུང་བསྟན་གནང་བ་ལྟར་ཀུན་མཁྱེན་རིན་པོ་ཆེས་བཏབ་པ་ཡིན། དེ་བཞིན་མདོ་སྨད་ར་རྒྱ་ན་དཀྱིལ་འཁོར་བཅོ་ལྔའི་ཞལ་ཕྱེས་ཏེ་སྒྲུབ་མཆོད་ཀྱི་སྲོལ་ཚུགས་པ་ནི་ཡ་མཚན་པ་ཡིན་ལ། ཡིན་ཡང་ངེས་ཏེ་ཨ་རིག་དགེ་བཤེས་ཞེས་དགེ་ལྡན་པའི་མཁས་གྲལ་ན་ཐུན་མིན་གྱི་སྙན་གྲགས་འབར་བ། ལམ་སྔགས་ཐུགས་ཐོག་ནས་ཤར་ཤར་འགྲོ་བ་ཁོང་ལྟ་བུས་རྗེ་ཡི་བསྟན་པའི་གནད་མི་མཁྱེན་ན་སུས་མཁྱེན། ཨ་རིག་དགེ་བཤེས་ཀྱིས་ངས་དབུས་ཀྱི་སེ་འབྲས་དགེ་གསུམ་ནས་མིང་གི་དགེ་བཤེས་བླངས་པ་ཡིན། འབལ་གྱི་གད་པ་གཡང་ར་ནས་དོན་གྱི་དགེ་བཤེས་བླངས་པ་ཡིན་གསུངས་མྱོང་བ་ལྟར་རྩོད་པ་རྐྱང་བ་ཙམ་གྱིས་མི་ཡོང་། དེ་བཞིན་རྗེའི་མཛད་ཆེན་བཞིའི་ནང་གི་གཅིག་ནི་སྟག་རྩེ་སྒྲུབ་མཆོད་ཡིན་པས་དེའི་ཚུལ་ལ་བསམ་ནས་སྔར་ཡོད་ཀྱི་ཕྱག་བཞེས་དག་མི་མཉམ་པར་བྱེད་རྒྱུ་གལ་ཆེ། མཚན་ཉིད་ཡག་པོ་ཚུགས་དགོས་ན་དེ་ལ་མཐུན་རྐྱེན་མང་བོ་འཛོམས་དགོས་པས་སྐབས་ཤིག་ནས་མཚན་ཉིད་ནི་མ་ཚུགས་ཕྱག་ལེན་བཟང་བོ་དག་མཉམ་པ་དེ་འདྲ་འབྱུང་རྒྱུ་རེད།

 ཆོས་གྲྭའི་ཡུན་དང་ལུས་ཕུང་བདེ་ཐང་།

ཆོས་ཐོག་སོགས་ཀྱང་ཇེ་ཉུང་ནས་ཇེ་ཉུང་དུ་གཏོང་བ་འདི་ཤིན་ཏུ་མི་ལེགས། ཆོས་གྲྭ་ཇེ་མང་དུ་གཏོང་མི་ཐུབ་ནའང་ཇེ་ཉུང་དུ་མ་གཏོང་། དགུན་དུས་གྲང་ངར་ཆེ་བའི་སྐབས་སུ་ཁག་མེད་མོད། ཞི་གནས་ཀྱི་ཚོགས་ཀྱི་སྐབས་སུ་མཐུན་པར་གྱུར་བའི་ཡུལ་ཁྱད་ཆོས་ལྔ་ལྡན་བཤད་པའི་གཅིག་ནི་ས་བཟང་བ་སྟེ་ནད་སོགས་མི་བསྐྱེད་པ་གསུངས་པ་ལྟར་སློབ་གཉེར་ལའང་ལུས་ལ་འཕྲོད་པ་འདི་གལ་ཆེ། བཞི་བརྒྱ་བ་ལས།

ལུས་ནི་དགྲ་ལྟར་མཐོང་མོད་ཀྱང་།།

དེ་ལྟ་ན་ཡང་དེ་བསྲུང་བྱ།།

ཁྲིམས་ལྡན་ཡུན་རིང་འཚོ་བ་ནི།།

དེ་ལས་བསོད་ནམས་ཆེན་པོ་བྱེད།།

ཅེས་གསུངས་པ་ལྟར་དགོན་པ་རེ་འགས་ཆོས་གྲྭ་ཁང་དབྱིབས་ལེགས་པ། ནང་དྲོ་བ་དེ་འདྲ་བཞེངས་འདུག དེ་ཤིན་ཏུ་ལེགས་པར་བསམ་སོང་། སྔོན་དགེ་བཤེས་མང་བོ་དགུང་ལོ་དྲུག་ཅུའི་ནང་དང་བདུན་ཅུའི་སྣ་ཟིན་ཙམ་ལ་དགོངས་པ་རྫོགས་འགྲོ། ད་ལྟ་ནང་བཞིན་བརྒྱད་ཅུར་བཞུགས་པ་ཉུང་ཉུང་རེད། ཕལ་ཆེ་བ་གྲང་བའི་ནད་ཀྱིས་གཤེགས་སོང་བ་དེ་འདྲ་རེད། དེས་ན་བཙན་འཇོག་མིན་པར་དཀར་ཐིགས་ཞལ་འདེབས་ཀྱི་ཚུལ་དུ་ས་ཆ་ཡར་མར་ནའང་དེ་འདྲ་བཞེངས་མཁན་འདུག་པ་ནང་བཞིན་ཕྱིའི་དྲོ་གྲང་དང་བསྟུན་མི་དགོས་པར་རྩོད་པ་བྱེད་སའི་ཆོས་གྲྭ་ཁང་བརྩིགས་ན་ལེགས། དེ་ཡང་རྒྱ་བླ་ཞེས་ཅི་ཙམ་སྨད་ཀྱང་བོད་བླ་དག་གིས་མི་ཡོང་བ་འདྲ་ཞེས་ཞལ་རྩེད་གནང་།

ལྷ་ཁང་འདུ་ཁང་བསྟན་པ་ཡིན་མིན།

ལ་ལས་ལྷ་ཁང་གསེར་ཁང་བསྟན་པ་མ་རེད་ཟེར། དེ་མིན་པ་སློབ་དཔོན་དབྱིག་གཉེན་གྱིས་སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།།ལུང་དང་རྟོགས་པའི་བདག་ཉིད་དོ།། ཞེས་གསུངས་པ་ལྟར་ངས་ཀྱང་ཤེས་མོད། བྱ་བ་ལས་ཀྱི་འཁོར་ལོའི་མཛད་བཟང་གིས་བསྟན་པ་འཛིན་པའི་དགེ་འདུན་གྱི་སྡེ་རིན་པོ་ཆེའི་མཐུན་རྐྱེན་རེད་ཟེར་བ་ཡིན། སྒེར་གྱིས་འདོད་ཆུང་ཆོག་ཤེས་བྱ་ཐུབ་ན་བཟང་མོད། དགོན་སྡེའི་སྤྱིའི་འཇིག་རྟེན་གཏམ་གྱི་དཔེ་ལ་གཤོག་ཐོགས་དགུང་ལ་འཕུར་རུང་།། སྒུམ་བུ་ས་ནས་འཐུ་དགོས།། དགོན་པར་སྒོམ་ལ་སོང་རུང་།། ཞལ་ཟས་གྲོང་ནས་ལེན་དགོས་ཟེར་བ་ལྟར་དང་ཐུའུ་བཀན་རིན་པོ་ཆེས་ཀྱང་ཕྱུག་པོའི་ཁྱི་ཡང་གྲལ་མགོར་འཇོག་དུས་སུ།། ནོར་རྫས་ཅུང་ཟད་བསགས་པ་སྙིང་གཏམ་ཡིན་གསུངས་པ་ལྟར་མཐུན་རྐྱེན་ཚད་ལྡན་ལ་འབད་ན་བཟང་།

ཞལ་གདམས་དག་ཚིག་ཟིན་ཇི་བཞིན་མ་ཡོང་བར་རང་ཉིད་ཀྱིས་གོ་ཚོད་ཅིག་བརྗེད་དོགས་ཀྱིས་རེག་ཟིག་ཏུ་བཏབ་པ་ལ་ནོར་འཁྲུལ་ཅི་ཡོད་སྙིང་ནས་འཆགས་སོ།།

                    

                        རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།