རྗེས་དྲན་ཆེད་བསྒྲིགས། ཐར་ཤུལ་དགོན་པའི་དགེ་བའི་བཤེས་གཉེན་ངག་དབང་བཤད་སྒྲུབ་ཀྱི་རྗེས་དྲན་གསུང་བཤད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-14 11:18:53     རྩོམ་པ་པོ།   ངག་དབང་བཤད་སྒྲུབ།    ཀློག་ཐེངས།  

 微信图片_20170609220407.jpg

微信图片_20170610204752.jpg

༧ཁོང་རིན་པོ་ཆེ་མི་ཡུལ་དུ་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་བཅུ་ལོན་པའི་རྗེས་དྲན་ཚོགས་འདུའི་སྟེང་ཕེབས་པའི་རྒྱལ་སྲས་བླ་སྤྲུལ་རྣམ་པ་དང་། དགེ་བའི་བཤེས་གཉེན་རྣམ་པ། ཚང་མ་སྐུ་ཁམས་བཟང་། 

ང་ལ་མཚོན་ན་དེ་རིང་འདིར་སྐད་ཆ་བཤད་རྒྱུའི་གྲ་སྒྲིག་གང་ཡང་མེད་པས་མང་བོ་ཞུ་རྩིས་མེད་ལ། གོང་དུ་རྒྱས་པར་གསུངས་ཚར་བས་ཞུ་རྒྱུ་ཡང་ཅང་མེད། དེས་ན་ཁོང་རིན་པོ་རིན་པོ་ཆེའི་རྗེས་དྲན་དང་འབྲེལ་ནས་རེ་བ་ཉུང་ཙམ་རེ་ཞུ་རྒྱུ་བྱེད།

ཇི་སྐད་དུ་རྗེ་བདག་ཉིད་ཆེན་པོའི་ཞལ་ནས། མཛད་པ་ཀུན་ལས་གསུང་གི་ནི།།མཛད་པ་མཆོག་ཡིན་དེ་ཡང་ནི།།དེ་ཉིད་ཡིན་ཕྱིར་མཁས་པ་ཡིས།།འདི་ལས་སངས་རྒྱས་རྗེས་དྲན་བྱོས།།ཞེས་གསུངས་པ་ལྟར། རང་ཅག་གིས་ཀྱང་བླ་མ་རིན་པོ་ཆེའི་རྗེས་སུ་དྲན་ཚུལ་འང་སྒོ་དེ་དང་མཚུངས་པས་ན། ཁོང་གི་གསུང་འབུམ་གང་མགྱོགས་ཀྱིས་པར་ལ་འཁོད་ཐུབ་དགོས་པར་མ་ཟད། སྒྲ་ཐག་དང་བརྙན་སྡེར་ནང་ཡོད་པའི་ཞལ་གསུང་གལ་ཆེན་དག་ངེས་པར་ཡི་གེར་བཀོད་དེ་ཉར་ཚགས་ཡག་པོ་བྱེད་དགོས་པར་འདུག 

   ང་བརྒྱད་ཡར་སྔོན་ལ་ཁོང་གིས་བསྡུས་གྲྭའི་དཔེ་ཆ་ཞིག་བརྩམས་གནང་ཡོད་པ་རྗེས་སུ་ལག་སོན་མ་བྱུང་བ་ལྟ་བུས་མཚོན། རིན་ཐང་བྲལ་བའི་བརྩམས་ཆོས་འདི་འདྲ་རྩ་མེད་ཆགས་པ་ཧ་ཅང་ཡིད་ཕངས་པའི་གནས་རེད།

དེ་བཞིན་དུ་ཁོང་གི་སྐུ་ཚེ་ནང་གི་མཛད་པ་ཆེ་ཤོས་སྟེ། དབང་ལུང་མན་ངག་གི་གཏེར་མཛོད་ལྟ་བུར་གྱུར་པ་འདི་ཉིད། བླ་མ་སྤྲུལ་སྐུ་རྣམས་ཀྱིས་གཙོ་བྱས་ཏེ་རྒྱུད་འཛིན་ཡག་པོ་གནང་དགོས་པར་མ་ཟད། མཆོད་དཔོན་སོགས་ཁོང་གི་དབང་ལུང་རྗེས་གསུམ་སྐབས་ཕྱག་ལེན་ལ་འདྲིས་ཆ་ཡོད་པ་དག་གི་ངག་ལས་བཅའ་ཁ་ཕྱག་ལེན་ཚུན་ཆད་ཞིབ་ཏུ་ཡི་གེར་བཀོད་ན་བཟང་།

རྒྱུ་མཚན་དེས་ན་མ་འོངས་པར་རྗེས་དྲན་བྱེད་ཕྱོགས་ཐད་ནས་ཀྱང་། རྣམ་པ་མི་འདྲ་བ་གཉིས་ཀྱི་སྒོ་ནས་རྗེས་དྲན་བྱས་ན་བཟང་བར་མཐོང་སྟེ། 

གཅིག  ཁོང་གི་སྐུ་ཚེ་རྣམ་ཐར་དང་འབྲེལ་ནས་རང་ཅག་རྗེས་འཇུག་རྣམས་ཀྱིས་ཀྱང་སོ་སོའིལུས་ངག་གི་སྤྱོད་པ་ཚུན་ཆད་ཁོང་གི་རྗེས་སུ་སློབ་པའི་ཐབས་སུ་བརྩོན་རྒྱུ་དང་།

 གཉིས། ཁོང་གི་གསུང་འབུམ་གྱི་དཀའ་གནད་རེ་རེ་ལ་བགྲོ་གླེང་གི་ཚུལ་དུ་དཔྱད་བསྡུར་གནང་སྟེ། རིན་པོ་ཆེ་མཆོག་གི་ཐུགས་ཀྱི་བཞེད་དགོངས་རྟོགས་པའི་ཐབས་ལ་འབད་རྒྱུ་གལ་ཆེ་བར་མཐོང་།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn            

 

 

བརྒྱུད་འགོད།