རྗེས་དྲན་ཆེད་བསྒྲིགས། དགེ་བའི་བཤེས་གཉེན་ངག་དབང་རྒྱ་མཚོའི་ལ་མོ་ཡོངས་འཛིན་རིན་པོ་ཆེའི་རྗེས་དྲན་ཚོགས་འདུའི་སྤྱི་བསྡོམས་གསུང་བཤད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-06-12 20:11:11     རྩོམ་པ་པོ།   ངག་དབང་རྒྱ་མཚོ།    ཀློག་ཐེངས།  

 

微信图片_20170612201235.jpg

微信图片_20170610202828.jpg

    འོ་ཡ། དེ་རིང་ང་ལ་བཀོད་སྒྲིག་བྱས་ཡོད་པ་གོང་ནས་གསུང་བཤད་གནང་ཟིན་པའི་དགེ་བའི་བཤེས་གཉེན་རྣམ་པའི་གསུང་བཤད་ལ་སྤྱི་བསྡོམས་བྱེད་རྒྱུ་དེ་ཡིན། སྤྱི་བསྡོམས་བྱེད་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་ཡོད་ཀྱང་རང་ཐོག་ཏུ་བབས་པའི་འོས་འགན་རེད།

ཁོང་རྡོ་རྗེ་འཆང་གི་རྗེས་དྲན་འདི་རྣམ་ཐར་དྲན་པའི་སྒོ་ནས་རྗེས་དྲན་བྱེད་རྒྱུ་གལ་ཆེན་པོ་ཡིན། 

རྣམ་ཐར་ཟེར་བ་ནི་བླ་མའི་མཛད་སྤྱོད་ཀྱི་རྣམ་པ་བསྟན་པའི་སྒོ་ནས་གདུལ་བྱ་ཐར་ལམ་ལ་འཁྲིད་པ་ཞིག་ལ་ཟེར་བ་རེད། 

ཁོང་རྡོ་རྗེ་འཆང་གི་མཛད་སྤྱོད་ལ་མཐའ་ཡས་པ་ཞིག་ཡོད་ཀྱང་གཙོ་བོ་ནི་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་བསྒོམ་གསུམ། མཁས་བཙུན་བཟང་གསུམ་ཅི་ལྟར་གནང་ཚུལ་དེ་རེད། རང་རེས་ཁོང་གི་མཛད་སྤྱོད་རྣམས་ལས་སློབ་ཐུབ་པ་རྣམས་ལ་དུས་ད་ནས་སློབས། བསླབ་མི་ནུས་པ་རྣམས་སྨོན་ལམ་གྱི་ཡུལ་དུ་བྱས་ནས་སྐྱེས་པ་འདི་འམ་སྐྱེས་པ་ཕྱི་མར་སློབ་དགོས་པ་ཡིན། 

དེ་རིང་ཁོང་རྣམ་པ་བདུན་གྱི་གསུང་བཤད་གནང་བ་རེད། དང་བོ་གསུང་བཤད་གནང་མཁན་ཨ་ཁུ་བློ་བཟང་ཚང་གིས་གསུངས་དོན། 

ཁོང་རྡོ་རྗེ་འཆང་གི་འཁྲུངས་ཡུལ་མདའ་བཞི་སྡེ་བ་ངོ་སྤྲོད་བྱས་པ་རེད། ངོ་སྤྲོད་ལྟར་ན་མདའ་བཞི་ནི་རིགས་རུས་ཕུན་སུམ་ཚོགས་པའི་སྡེ་བ་ཞིག་རེད། དེའི་རྒྱུ་མཚན་ནི་ཞྭ་དམར་སྐུ་ཕྲེང་དུ་མ་དང་ཐར་ཤུལ་ཚང་། ལཱ་མོ་ཞབས་དྲུང་དཀར་བོ་ཚང་། ཙང་ང་ཆོས་རྗེ་སོགས་སྐྱེས་བུ་དམ་པ་མང་བོ་འཁྲུངས་པ་དང་། ལྷག་པར་དུ་ཁོང་རྡོ་རྗེ་འཆང་གི་ཁྱིམ་བརྒྱུད་འདི་ནས་ལྡོང་དགེ་རྒན་ཚང་དང་ར་རྫི་བླ་མ་རིན་པོ་ཆེ་ངག་དབང་བསྟན་པའི་ཉི་མ་སོགས་སྐྱེས་བུ་དམ་པ་བཅུ་གཅིག་འཁྲུངས་པ་རེད། 

ད་དུང་ཨ་ཁུ་བློ་བཟང་གིས་ལཱ་མོ་སྐུ་ཕྲེང་རིམ་བྱོན་ངོ་སྤྲོད་མདོར་བསྡུས་ཤིག་བྱས་བྱུང་། དེའི་སྐོར་དཔེ་ཆའི་ནང་དུ་གསལ་བོ་ཡོད་པས་ངས་འདི་ནས་བསྐྱར་བཤད་མི་བརྒྱགས།

གསུང་བཤད་གནང་མཁན་གཉིས་པ་ལཱ་མོ་བློ་རྒྱམ་ཚང་གིས་གསུངས་དོན།

བླ་མ་རྡོ་རྗེ་འཆང་ཁོང་ཉིད་ལཱ་མོ་སྐུ་ཕྲེང་གཉིས་ཀྱི་ཡོངས་འཛིན་དུ་གྱུར་ཚུལ་དང་ཁོང་གི་སྐུ་གོང་མ་ཡོངས་འཛིན་ཤེས་རབ་རྒྱ་མཚོ་ཡིན་ལ། ཡོངས་འཛིན་ཤེས་རབ་རྒྱ་མཚོ་ནི་ལཱ་མོ་དགེ་འདུན་བསྟན་འཛིན་ནོར་བུའི་ཡོངས་འཛིན་མཛད་པ་དང་། ཁོང་གིས་ལཱ་མོ་སྐུ་ཕྲེང་བརྒྱད་པ་དང་དགུ་བའི་ཡོངས་འཛིན་མཛད་ཚུལ་གསུངས། ཁོང་དགོང་ལོ་དྲུག་གི་སྟེང་དགེ་ལྡན་རྣམ་རྒྱལ་གླིང་དུ་ཞུགས་པ་རེད། དགེ་ལྡན་རྣམ་རྒྱལ་གླིང་དུ་ཞུགས་པའི་ཉིན་དེར་དགོན་པ་དེའི་མཇའ་ཚོན་སྣ་ལྔས་ཟླུམ་པོར་གཡོགས། མཇའ་འོད་ཉིན་ཞག་གཅིག་ལ་མ་ཡལ་བར་བསྡད་པ་འདི་འདྲ་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་ཚོད་རེད། 

ཁོང་དགུང་ལོ་བརྒྱད་ཀྱི་སྟེང་དགེ་འདུན་འདུས་པ་རྒྱ་མཚོས་སེར་བསྒྲེངས་རྒྱ་ཆེན་པོ་དང་བཅས་ལཱ་མོ་བདེ་ཆེན་དུ་བསུ། སྐབས་དེར་ཁོང་གིས་འགྲོ་བ་འདི་དག་གི་མཚོན་པའི་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཐར་བ་དང་ཐམས་ཅད་མཁྱེན་པའི་ས་ལ་འགོད་རྒྱུའི་ཐུགས་དམ་བཅས་པ་རེད། ཚུལ་འདི་ནི་སོ་སྐྱེས་ས་ལས་རིང་དུ་འཕགས་པའི་རྟགས་མཚན་ཁྱད་པར་བ་ཅིག་མ་ཡིན་ནམ། ལོ་བརྒྱད་ཅན་གྱི་བྱིས་པ་ཞིག་གིས་འདི་འདྲའི་ཐུགས་བསྐྱེད་ཁྱད་པར་ཅན་གནང་བ་ནི་སོ་སྐྱེས་བྱིས་པ་ཞིག་གིས་ག་ལ་ནུས། 

༡༩༨༠ལོར་བླ་མ་རྡོ་རྗེ་འཆང་ལ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་གསུང་འཕྲིན་གནང་སྟེ་བླ་ཁོ་རིན་པོ་ཆེ་ཚང་གི་ཆོས་རྒྱུན་དར་སྤེལ་རྒྱ་ཆེར་གནང་དགོས་ཚུལ་དང་། དབང་ལུང་མན་ངག་གི་རྒྱུན་མཐའ་དག་སྤེལ་དགོས་ཚུལ་གྱི་བཀའ་གནང་བ་རེད། ཁོང་གིས་པཎ་ཆེན་རིན་པོ་ཆེ་མཆོག་གི་བཀའ་བཞིན་སྐུ་མྱ་ངན་ལས་འདའ་རག་བར་སྐྱེས་བོ་མཆོག་དམན་བར་གསུམ་ཐམས་ཅད་ལ་དབང་ལུང་མན་ངག་དང་། ཁྲིད་ཀྱི་རིམ་པ་མཐས་ཡས་པ་རྒྱུན་མ་ཆད་པར་གནང་། 

ཁོང་དགུང་ལོ་སོ་དྲུག་སྐབས་སུ་ཞྭ་ལུ་མཐིལ་དཀར་བོ་དགོན་གྱི་རུ་སར་སྤྲུལ་བའི་སྐུས་བླ་ཁོ་རྡོ་རྗེ་འཆང་ལ་རྡོར་ཕྲེང་གི་དབང་ཞུས་པ་ལ། ཡོངས་འཛིན་ཚང་ལ་ཞུས་གསུངས་པ་ལྟར་ཞུས། སྐབས་དེར་བླ་ཁོ་རིན་པོ་ཆེས་ད་ནས་དབང་ལུང་མན་ངག་གནང་དགོས་ཚུལ་གྱི་བཀའ་གསུང་གནང་བ་ལྟར་རུ་སར་སྤྲུལ་བའི་སྐུ་སོགས་གསན་མཁན་མང་བོ་ལ་དབང་རྡོ་རྗེ་ཕྲེང་བ་ཕྱག་བཞེས་བཞིན་གནང་བ་རེད། སྐབས་ཤིག་བླ་ཁོ་རྡོ་རྗེ་འཆང་གྲོ་ཚང་དགོན་པར་ཕེབས། དགོན་པ་དེས་ནས་དབུ་སྐྲ་གསུབ་སྟེ་དགོན་པའི་ཁོར་ཡུག་ལ་གཏོར་ནས་མ་འོངས་པ་ན་མཚོ་སྔོན་པོ་ཞབས་དྲུང་གིས་མཚོ་སྔོན་གྱི་ཡུལ་འདི་དག་ཏུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ནུས་པར་ཤོག་ཅིག་ཅེས་ཐུགས་སྨོན་གནང་བ་རེད། མཚོ་སྔོན་པོ་ཞབས་དྲུང་ཟེར་བ་ནི་རང་རེ་བླ་མ་རྡོ་རྗེ་འཆང་ཆེན་པོ༧ལཱ་མོའི་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་དཔལ་བཟང་བོ་ལ་ཟེར་བ་རེད།

གསུང་བཤད་གནང་མཁན་གསུམ་པ་ཐར་ཤུལ་ཨ་ཁུ་བཀྲ་ཤིས་ཚང་གིས་གསུངས་དོན། ཁོང་དགུང་ལོ་བརྒྱད་ཀྱི་སྟེང་ནས་བཟུང་སྟེ་ལོ་དུ་མའི་བར་དུ་ཉིན་རེ་བཞིན་མཆོད་ཡོན་དུང་ཕོར་ལྔ་བརྒྱ་དང་མཆོད་མེ་སྟོང་རེ་ཆག་མེད་གནང་བ་རེད། བྱིས་པ་ལོ་བརྒྱད་ཅན་གྱིས་ཉིན་རེ་བཞིན་མཆོད་བཤམས་འདི་འདྲའི་རྒྱ་ཆེན་པོ་བྱེད་པ་ནི་བྱིས་པའི་སྤྱོད་པ་ལས་རིང་དུ་འདས་པ་ཞིག་ཡིན། 

ཁོང་གིས་སྐུ་ཚེ་འདིར་བཤེས་གཉེན་བཅུ་ཕྲག་ལྷག་བསྟེན་ཏེ་དབང་ལུང་མན་ངག་གི་གཏེར་མཛོད་དུ་གྱུར་བ་རེད། ཁྱད་པར་དུ་ཁོང་དགུང་ལོ་བཅུ་བདུན་གྱི་སྟེང་བླ་ཁོ་རྡོ་རྗེ་འཆང་བླ་མར་བསྟེན། དགོང་ལོ་ཞེ་གཅིག་ཐོག་བླ་ཁོ་རིན་པོ་ཆེ་སྐུ་མྱ་ངན་ལས་འདས། དེ་ལྟར་ན་མི་ལོ་ཉེར་བཞི་རིང་ལ་བླ་ཁོ་རིན་པོ་ཆེ་ལས་དབང་ལུང་མན་ངག་དང་ཁྲིད་ཀྱི་རིགས་མཐའ་ཡས་པ་གསན། བླ་ཁོ་རིན་པོ་ཆེ་རྗེས་ནས་ཁོང་ལྟ་བུའི་དབང་ལུང་མན་ངག་གི་གཏེར་མཛོད་དུ་གྱུར་ཞིང་མདོ་སྔགས་ཡོངས་སུ་རྫོགས་པའི་ཆོས་ཀྱི་རྒྱལ་བོ་ཤིན་ཏུ་དཀོན་པ་རེད། 

ཁོང་དད་ཟས་དཀོར་ཟས་ལ་ཤིན་ཏུ་འཛེམ་པ་ཞིག་ཡོད། ཁོང་ལ་སྲིད་གཞུང་གི་ཟླ་ཕོག་ཅུང་ཙམ་རེ་ཡོད་པ་དེ་ལས་གཞན་དད་ཟས་གཏན་ནས་བཀོལ་སྤྱོད་མི་བྱེད། རང་རེ་ཡང་རྣམ་ཐར་འདིའི་རྗེས་སུ་བསླབ་སྟེ་དད་ཟས་དཀོར་ཟས་ཆུད་ཟོས་སུ་མི་གཏོང་རྒྱུ་གལ་ཆེ། 

ཁོང་གི་ཡིག་གཟུགས་ཤིན་ཏུ་ཡག་པོ་ཡོད། དགོང་ལོ་དགུ་བཅུ་ནང་བྲིས་པའི་ཡིག་གཟུགས་རྣམས་ད་ལྟ་ལྟས་ན་ཡིག་མཁན་གྲགས་ཆེན་རྣམས་ཀྱིས་ཀྱང་འགྲན་དཀའ་བ་ཡོད།

གསུང་བཤད་གནང་མཁན་བཞི་བ་ཡེ་ཤེས་བཟང་བོས་གསུངས་དོན། 

བོད་ལ་སྙན་ངག་མེ་ལོང་མ་མ་བསྒྱུར་གོང་གི་སྔོན་དུ་ལྡེའུ་སྙན་ངག་ཡོད་ལ། སྙན་ངག་མེ་ལོང་བོད་དུ་འགྱུར་བ་ནས་བཀའ་བརྒྱུད་ཀྱི་མགུར་མ་དང་། དགེ་ལུགས་པའི་བསྟོད་ཚོགས་སོགས་སྙན་ངག་དར་རྒྱས་ཆེན་པོ་བྱུང་བ་རེད། 

བླ་མ་རྡོ་རྗེ་འཆང་དགོང་ལོ་ཉེར་དྲུག་གི་སྐབས་སུ་རྗེ་བློ་བཟང་བསྟན་པ་ལས་སྙན་ངག་དབྱངས་ཅན་དགྱེས་གླུ་དང་ཏཎྟི་དགོངས་རྒྱན་ལ་སྦྱངས་པ་ཕུལ་ཏུ་ཕྱིན་པ་གནང་། ངས་ཁོང་གི་སྙན་རྩོམ་ལ་དོན་ཚན་བཞི་ཡི་སྒོ་ནས་དཔྱད་པ་བཏང་བ་ཡིན། རྩོམ་པའི་རྣམ་དཔྱོད། རྩོམ་པའི་སྙིང་སྟོབས། རྩོམ་གྱི་རིགས་དབྱེ། རྩོམ་གྱི་ཁྱད་ཆོས་བཞི་ཡི་སྒོ་ནས་དཔྱད་ན་རྗེ་ཡབ་སྲས་ཀྱི་རྩོམ་ལས་གཞན་པའི་རྩོམ་གྱིས་ཁོང་གི་སྙན་རྩོམ་ལ་འགྲན་མི་བཟོད་པ་ཡོད། 

ཁོང་གིས་བརྩམས་པའི་བླ་ཁོ་རིན་པོ་ཆེའི་རྣམ་ཐར་ལས་བྱུང་བའི་སྙན་ངག་དང་སྦྲང་ཆར་རྩོམ་བསྒྲིགས་ཁང་ལ་གནང་བའི་སྙན་རྩོམ། རབ་རྒན་ནས་གནང་བའི་སྙན་རྩོམ་སོགས་ལ་བལྟས་ན་རྩོམ་རྩལ་འགྲན་ཟླ་མེད་པ་ཤེས་ཐུབ། ང་ཚོས་རྗེས་སོར་རྗེས་དྲན་ལོ་དེབ་རེ་བསྒྲིགས་ཏེ་བླ་མ་རྡོ་རྗེ་འཆང་གི་རྣམ་ཐར་པོད་གཉིས་ཀར་མ་འདུས་པ་རྣམས་ཕྱོགས་བསྒྲིགས་བྱེད་རྒྱུ་གལ་ཆེ་གསུངས།

གསུང་བཤད་གནང་མཁན་ལྔ་བ་ཨ་ཁུ་ཀུན་དགས་གསུངས་དོན། དགེ་ལྡན་རྣམ་རྒྱལ་གླིང་འདི་ཁོང་རྡོ་རྗེ་འཆང་ཚོགས་ཞུགས་གནང་བའི་དགོན་པ་རེད། དགོན་པ་འདིའི་འདོན་་དབྱངས་རྟ་དང་བཅའ་ཕྱག་ལེན་མཐའ་དག་ཁོང་གིས་སླར་གསོ་གནང་བ་རེད། ཁོང་དགུང་ལོ་བརྒྱད་ཅུ་དང་དགུ་ཅུ་ནང་དགོན་པ་འདིར་ཡང་ཡང་ཕེབས་པ་རེད། ནམ་ཕེབས་རེས་ཀྱིས་དགོན་པ་འདིའི་ཚོགས་ལ་ཕེབས་སྟེ་གྲྭ་མང་དང་མཉམ་དུ་འདོན་པ་གསུངས་གི་ཡོད། ང་ཚོས་རྣམ་ཐར་འདིའི་རྗེས་སུ་སློབ་པ་ཤིན་ཏུ་གལ་ཆེ། ང་ཚོ་ད་ལྟ་ལོ་བཞི་ཅུ་ལྔ་བཅུར་བུད་ན་ཚོགས་ལ་མི་ཕེབས་མཁན་མང་བོ་ཡོད། དེ་འདྲ་མ་གནང་ན་ལེགས། 

ཡང་སྐབས་ཤིག་དགོན་པ་འདི་ནས་རྒད་པོ་བདག་མེད་ཞིག་ལ་འཕོ་བ་བཏབ། འཕོ་བ་ཐེངས་དུ་མར་གནང་སྟེ་ཞབས་ཞུ་བ་ལ་གསུངས་དོན་རྒན་པོ་འདི་ཞེ་ཆགས་སའི་དངོས་བོ་ཞིག་ཡོད་པས་འཕོ་བ་ལ་བར་ཆད་ཆེ། ཁྱོད་སོང་ལ་ཁོའི་ཁང་བ་ལས་དངོས་བོ་དེ་འཚོལ་ཤོག་གསུངས། བཙལ་བས་གནའ་རྫས་ཤིག་ཡོད་པ་རྙེད་པས་ཁང་བའི་ཕྱི་ལ་བཞག དེས་ནས་ཁོང་གི་འཕོ་བ་བཏབ་པ་ན་རྫས་དེ་དུམ་བུ་མང་བོར་སོང་། ཡང་འཕོ་བ་བཏབ་པས་ཁང་བ་ལྷབ་ལྷུབ་དུ་འདར་ཞིང་གྲལ་བར་ནས་རྡུལ་ཆད་པ་བྱུང་། 

བླ་མ་རྡོ་རྗེ་འཆང་ལ་འདི་ལྟ་བུ་གྲུབ་རྟགས་མང་བོ་ཡོད་པ་རང་རེ་མཐོང་ཐོས་སུ་གྱུར་བ་མི་ཉུང་ངོ།

༡༩༩༨ལོའི་དབྱར་ཁའི་ཉིན་ཞིག་ལ་ང་རང་བླ་མ་རྡོ་རྗེ་འཆང་གི་སྐུ་མདུན་དུ་སོང་བ་ཡིན། ཁོང་གིས་ངག་དབང་། ཁྱོད་དེ་རིང་ཕྱི་དྲོ་ང་ཡོད་སར་ཤོག་གསུངས་བྱུང་། ང་ཕྱི་དྲོ་ཁོང་གི་སྐུ་མདུན་དུ་སོང་བ་ཡིན། ཀུན་མཁྱེན་བརྒྱ་རྩའི་ཕྱག་ཁྲིད་ཕྲ་ཞིང་ཞིབ་པ་ཅིག་གནང་སྟེ་སང་ཉིན་ནས་ཆག་མེད་བྱེད་དགོས་གསུངས། ང་ལ་ཏིང་ཤག་སོགས་བརྒྱ་རྩའི་ཡོ་བྱད་མེད་ཞུ་བས་ཏིང་ཤག་མེད་ན་སང་ཉིན་རྡོ་གཉིས་རྡུང་སྟེ་བརྒྱ་རྩ་བཏོན། བརྒྱ་རྩའི་ཡོ་བྱད་མྱུར་མོ་འབྱོར་ཡོང་གསུངས། ཉིན་གསུམ་པ་ལ་ལོ་བའི་རྒད་པོ་སྒོམ་པ་རྒྱལ་ནས་རྗེ་གསེར་ཁང་བའི་ཏིང་ཤག་སོགས་བརྒྱ་རྩའི་ཡོ་བྱད་ཆ་ཚང་བ་ང་ལ་ཕུལ་བྱུང་། ངས་ཁྱེད་ལ་འདི་ང་ལ་ཕུལ་འདོད་ཀྱི་བསམ་པ་ཅི་ལྟར་སྐྱེས་བྱུང་བ་ཡིན་ཅེས་དྲིས་པ་ལ། ཁོ་ན་རེ་ངས་ཉིན་མང་བོ་འདང་བརྒྱབ། རྗེ་གསེར་ཁང་བའི་བརྒྱ་རྩའི་ཡོ་བྱད་འདི་མི་རབས་དུ་མར་ཁྱིམ་ནས་མནན་པ་ལ་དགོས་པ་མི་འདུག  ཨ་ཁུ་ངག་དབང་ཁྱེད་ལ་ཕུལ་ན་དགོས་པ་ཆེ་སྙམ་ནས་ཕུལ་བ་ཡིན་ཟེར། དེས་ནས་བཟུང་ངས་ཀྱང་གཏོར་མ་བརྒྱ་རྩ་ཆག་མ་མྱོང་། འདི་ཡང་བླ་མ་རྡོ་རྗེ་འཆང་གི་བྱིན་རླབས་ངོ་མཚར་བ་ཞིག་མ་ཡིན་ནམ། 

གསུང་བཤད་གནང་མཁན་དྲུག་པ་ཨ་ཁུ་རྒྱ་གྲོལ་གྱིས་གསུངས་དོན། 

བླ་མ་རྗེས་དྲན་གྱི་དོན་སྙིང་དང་། ཕར་ཕྱིན་དྲུག་གི་སྒོ་ནས་བླ་མའི་ཡོན་ཏན་དྲན་ཚུལ། བླ་མ་རྗེས་དྲན་བྱེད་ཚུལ་གསུམ་གྱི་སྒོ་ནས་གསུངས། 

ཨ་ཁུ་དཔལ་ལྡན་ཚང་གིས་འདི་ལྟར་གསུངས་མྱོང་། ལཱ་མོའི་ཡོངས་འཛིན་འཛམ་བུ་གླིང་ན་གཅིག་མ་གཏོགས་གཉིས་མེད་གསུངས་པ་ལྟར་འགྲན་ཟླ་མེད་པའི་ཆོས་ཀྱི་རྒྱལ་བོ་ཆེན་པོ་ཡིན། 

བོད་ལ་བླ་མ་རྗེས་དྲན་བྱེད་ཚུལ་གྱི་སྲོལ་འདི་ཇོ་བོ་རྗེ་ནས་བྱུང་བ་ཡིན། ཇོ་བོས་བླ་མ་གསེར་གླིང་བ་དྲན་སྟེ་རྗེས་དྲན་དུས་མཆོད་ཆག་མེད་བྱས། དུས་དེ་ནས་བཀའ་གདམས་པའི་བཤེས་གཉེན་རིམ་བྱོན་གྱིས་བླ་མ་འདས་མཆོད་ཆག་མེད་བྱེད་སྲོལ་བྱུང་བ་ཡིན།

རྗེས་སོར་བླ་མ་འདས་མཆོད་བྱེད་སྐབས་སྲོལ་རྒྱུན་ལྟར་མཆོད་པ་རྒྱ་ཆེན་པོ་བཤམས་པ་དང་། དེང་རབས་ནང་བཞིན་བླ་མའི་རྣམ་ཐར་ལ་བགྲོ་གླེང་གི་ཚོགས་འདུ་འཚོགས་སྟེ་གནའ་དེང་ཟུང་འབྲེལ་གྱི་སྒོ་ནས་བླ་མའི་འདས་མཆོད་སྒྲུབ་རྒྱུ་གལ་ཆེ། 

རང་རེ་བླ་མའི་ཡོན་ཏན་མཐའ་ཡས་པ་ཡོད་ཀྱང་ངས་འདི་ནས་བཙོན་ཁང་ནས་བཞུགས་དུས་ཀྱི་རྣམ་ཐར་འགའ་གཙོ་བོ་འགའ་བཤད་རྒྱུ་ཡིན། 

ཁོང་གིས་བཙོན་ཁང་ནས་ཞལ་འདོན་གྱི་རིགས་ཆག་མ་མྱོང་བར་མ་ཟད་ཡི་དམ་གྱི་ལྷ་དུ་མའི་བཟླས་བསྙེན་བཏང་བ་རེད། བཙོན་གྲོགས་དག་གིས་བཤད་པ་ལྟར་ན་ཁོང་གིས་རྒྱུན་དུ་བཙོན་ཁང་ནས་བསྒོམ་བརྒྱབ་སྟེ་ཏིང་ངེ་འཛིན་ལ་བཞུགས་འདུག་ཟེར། 

ཁོང་ངལ་རྩོལ་བསྒྱུར་བཀོད་ཀྱི་བཙོན་མའི་སྐབས་ལྟོགས་སྐོམ་གྱི་ཤི་ལ་ཉེ་བའི་བཙོན་མ་རྣམས་ལ་ཉིན་རེ་བཞིན་ཁོང་གི་ཟས་སྐལ་སྦྱིན་ཏེ་སྲོག་གི་འཇིགས་པ་ལས་བསྐྱབས་པ་དང་། བཙོན་མ་ནད་པ་མང་བོར་ནད་གཡོགས་ཞབས་ཞུ་སྒྲུབ་སྟེ་ནད་ཀྱི་འཇིགས་པ་ལས་ཐར་བར་བྱས། བཙོན་མ་སྨྱོན་པ་ཞིག་བཙོན་ཁང་གི་སྐྱག་རྗིང་ཆེན་པོའི་ནང་དུ་མཆོངས། ཁོང་གིས་སྐྱག་རྫིང་ལས་བཏོན་ཏེ་ཁྲུས་བྱས་ཏེ་རྒྱུན་དུ་སེམས་ཁམས་སློབ་གསོ་བྱས་པས་སྨྱོ་ནད་དྭངས་པར་གྱུར།

བོན་པོའི་ཨ་ལགས་བོན་རྒྱ་ཡང་ཁོང་དང་མཉམ་དུ་བཙོན་ལ་བཅུགས་པ་རེད། ཆོས་སྒོ་ཕྱེ་བའི་རྗེས་སུ་ཨ་ལགས་བོན་རྒྱས་རྒྱུན་ཏུ་ཁོའི་སློབ་མ་རྣམས་ལ་གསུངས་དོན་ཨ་ལགས་ཡོངས་འཛིན་ལྟ་བུའི་སེམས་དཔའ་ཆེན་པོ་འཇིན་རྟེན་ན་དཀོན། ལོ་ཀེ་ནས་ཁོང་གི་ཟས་སྐལ་གྱི་ཆ་གཅིག་ཉིན་རེ་བཞིན་དུ་བཙོན་མ་ལྟོགས་སྐོམ་གྱི་འཆི་བ་རྣམས་ལ་སྦྱིན་པ་དང་། ཆ་གཅིག་གིས་དྲུག་ཅུ་བ་བསྔོས། བཙོན་ཁང་ནས་ཀྱང་དྲུག་ཅུ་བ་ཆག་མ་མྱོང་བའི་ཚོད་རེད། 

ཁོང་གིས་བཙོན་ནས་ཀྱང་དྲུག་ཅུ་བ་དང་ཞལ་འདོན་གཞན་ཆག་མེད་མཛད་པའི་རྣམ་ཐར་འདི་ལ་ང་ཚོས་ངེས་པར་སློབ་དགོས། ང་ཚོས་ད་ལྟ་རྒྱུ་མེད་རྐྱེན་མེད་དང་རྒྱུ་རྐྱེན་ཆུང་ངུས་ཀྱང་ཁ་དོན་ཆག་འགྲོ་བའི་སྣང་ཚུལ་འདི་བསྒྱུར་རྒྱུ་གལ་ཆེ། 

ཡུལ་ཤུལ་གྱི་བླ་མ་ཞིག་གི་ཡང་ང་བཙོན་ཁང་ནས་ལོ་མང་བོར་བསྡད་པ་ལ་འགྱོད་པ་མེད། དེའི་རྒྱུ་མཚན་བཙོན་ཁང་ནས་ཨ་ལགས་ཡོངས་འཛིན་རིན་པོ་ཆེ་ལ་མཇལ་རྒྱུ་བྱུང་བ་ཡིན་གསུངས།

བླ་མ་རྡོ་རྗེ་འཆང་ཁོང་གི་ཞལ་ནས། ངའི་ཚུལ་ཁྲིམས་གཙང་མར་སྲུང་རྒྱུ་བྱུང་བ་དང་བཟོད་པ་སྟོབས་ཆེན་སྒོམ་རྒྱུ་བྱུང་བ་འདི་གུང་ཁྲན་ཏང་གི་བཀའ་དྲིན་ཡིན་གསུངས་མྱོང་། གང་ལ་གནོད་པ་བྱས་ཀྱང་བདེ་འབྱུང་བ།།བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་འཆི་གསུངས་ཡོད་པ་ནི་ངེད་ངག་གི་བླ་མ་རྡོ་རྗེ་འཆང་ལྟ་བུ་རེད།

བླ་མ་རྡོ་རྗེ་འཆང་གི་གསུང་ཆ་ཤས་རེ་རེ་ཀྱང་སེམས་ཅན་མཐའ་ཡས་པ་ལ་ཕན་ཐོགས་ཡོད་པས་སྒྲ་ཐག་དང་བརྙན་ན་ཡོད་པའི་གསུང་བཤད་དག་ཟིན་བྲིས་སུ་བཏབ་ཏེ་དར་སྤེལ་བྱེད་རྒྱུ་གལ་ཆེ་གསུངས།

གསུང་བཤད་གནང་མཁན་བདུན་པ་ཨ་ཁུ་བཤད་སྒྲུབ་ཀྱིས་གསུངས་དོན། ང་ཚོས་བླ་མ་རྡོ་རྗེ་འཆང་རྗེས་དྲན་བྱེད་རྒྱུ་གཙོ་བོ་དེ་བླ་མ་རྡོ་རྗེ་འཆང་གི་དབང་ལུང་མན་ངག་གི་རྒྱུན་མི་ཉམས་པར་སྤེལ་རྒྱུ་དེ་གལ་ཆེན་ཡིན། དབང་ལུང་མན་ངག་གི་ཕྱག་ལེན་ཤེས་མཁན་རྣམས་ཀྱིས་ཕྱག་ལེན་རྣམས་ཡིག་གེར་འགོད་རྒྱུ་གལ་ཆེ། བླ་མའི་རྣམ་ཐར་རྗེས་སུ་དྲན་དེ་སློབ་པ་ལ་བླ་མའི་རྣམ་ཐར་ལ་ཞིབ་གཟིགས་དང་བླ་མའི་གསུང་རྩོམ་ལ་བགྲོ་གླེང་བྱེད་རྒྱུ་གལ་ཆེ། 

ང་རང་མཁྱེན་རྒྱ་ཆུང་བས་ཁོང་རྣམ་པའི་གསུང་བཤད་ལ་སྤྱིར་བསྡོམས་ཡག་པོ་བརྒྱགས་མ་ཐུབ་པ་དང་མ་བཤད་ལོག་བཤད་ཡོད་པ་རྣམས་འདིར་བཞུགས་ཀྱི་དགེ་འདུན་ཡོངས་ལ་བཟོད་གསོལ་ཕུལ་བ་ཡིན། བཀྲ་ཤིས་བདེ་ལེགས། 

                                                     རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

དྲ་བའི་སྦྲེལ་ཐགhttp://www.tb1025.cn    


བརྒྱུད་འགོད།