སློབ་དཔོན་ལེགས་ལྡན་གྱིས་རྡུལ་ཆ་མེད་འདོད་དམ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ །     སྤེལ་དུས།  2016-08-22 23:50:46     རྩོམ་པ་པོ།   ལྷ་རམས་སྐལ་རྒྱམ།    ཀློག་ཐེངས།  

 12100340014374362.jpg

 

            སློབ་དཔོན་ལེགས་ལྡན་རྗེས་འབྲངས་ཀྱི་ལུགས་དེར་མདོ་སྡེ་སྤྱོད་པ་ཞེས་མིང་འདོགས་ཚུལ་ལ། བོད་སྔ་མ་རྣམས་ཀྱིས་ནི་ཐ་སྙད་དུ་ཕྱི་རོལ་གྱི་དོན་ཡོད་པ་མདོ་སྡེ་བ་དང་མཐུན་པར་བཞེད་པས་ན་མདོ་སྡེ་སྤྱོད་པའི་དབུ་མ་བ་ཞེས་གདགས་པར་ལྷག་མཐོང་ཆེན་མོར་བཀོད་ནས་དགག་པ་མ་མཛད་ལ། ལྕང་སྐྱའི་གྲུབ་མཐར་ཐ་སྙད་དུ་མདོ་སྡེ་བ་དང་མཐུན་པའི་དབང་བོ་ཤེས་པའི་དམིགས་རྐྱེན་བཞེད་པས་ན་དེ་ལྟར་བཏགས་པ་ཡིན་ཞེས་གསུངས་པ་ནི། ལྷག་མཐོང་ཆེན་མོར། ཐ་སྙད་དུ་མདོ་སྡེ་བ་དང་མཐུན་པའི་དམིགས་རྐྱེན་བཞེད་པ་ཡིན་ནོ།། ཞེས་གསུངས་པ་ལ་བརྟེན་པར་སྣང་བས་སྔ་མ་དང་གནད་གཅིག་ཏུ་ཡོད་དོ།།
           དབུ་མ་སྙིང་བོ་རྩ་འགྲེལ་གྱི་ཚིག་ནི།དེ་ཉིད་ལས།དེ་ནི་དམིགས་ཉིད་ཡིན་འདོད་དེ།།དེར་སྣང་བློ་ཡི་རྒྱུར་འགྱུར་ཕྱིར།།འདོད་ཆགས་བཞིན་ཏེ་དེ་ཡི་ཕྱིར་།། ཁྱོད་དམ་བཅས་ལ་རྗེས་དཔག་གནོད།། ཅེས་དང་དེའི་རང་འགྲེལ་རྟོག་གེ་འབར་པ་ལས།ཅེས་བྱ་བ་བ་ནི་རྡུལ་ཕྲ་རབ་རིགས་མཐུན་པ་བསགས་པའི་གཟུགས་དེ་ནི་དམིགས་པ་ཉིད་ཡིན་པར་འདོད་དེ། ཅིའི་ཕྱིར་ཞེ་ན། འདི་ལྟར་རྡུལ་ཕྲ་རབ་བསགས་པ་དེ་ནི་བསགས་པའི་གཟུགས་དེར་སྣང་བའི་བློའི་རྒྱུའི་དངོས་པོ་ཉིད་དུ་འགྱུར་བའི་ཕྱིར་ཏེ། གང་དང་གང་དེར་སྣང་བའི་བློའི་རྒྱུར་འགྱུར་བ་དེ་དང་དེ་ནི་བསགས་པ་ལ་དམིགས་པ་ཡིན་ཏེ། ཞེས་སོགས་གོང་འོག་གི་རྩ་འགྲེལ་འདི་དག་ཡིན་ནམ་སྙམ། 
           དེ་ལ་མདོ་སྡེ་བས་ཆ་ཤས་མེད་པའི་རྡུལ་དུ་མ་འདུས་པའི་གཟུགས་རགས་པ་དབང་ཤེས་ཀྱི་དམིགས་རྐྱེན་དུ་འདོད་པས་སློབ་དཔོན་ལེགས་ལྡན་རྗེས་འབྲངས་ཀྱིས་ཀྱང་དེ་ལྟར་འདོད་དམ་ཞེ་ན། འདི་ལ་ལྕང་སྐྱའི་གྲུབ་མཐར། རིགས་པས་ཅི་ཙམ་བརྟགས་ཀྱང་གཏན་ནས་ཆ་འབྱེད་རྒྱུ་མེད་པ་ལ་མི་བྱའོ།། རིགས་ཤེས་ལ་མ་ལྟོས་པའི་དབང་བོའི་ཤེས་པས་དེ་ལས་ཕྲ་བའི་ཆ་མཐོང་རྒྱུ་མེད་པའི་རྡུལ་ཕྲ་རབ་ལ་དགོངས་པར་བྱས་ན་འགྲིག་གམ་སྙམ་སྟེ་ད་དུང་བརྟག་པར་བྱའོ།། ཞེས་ལྷག་མཐོང་ཆེན་མོར་སློབ་དཔོན་ལེགས་ལྡན་གྱིས་རྡུལ་ཆ་མེད་དབང་ཤེས་ཀྱི་དམིགས་རྐྱེན་དུ་འདོད་པར་གསུངས་པ་ལ་དགོངས་པ་དེ་ལྟར་བཀྲལ་ལོ།།
           ཆ་མེད་ཀྱི་དངོས་པོ་ཁས་ལེན་ན་བདེན་དངོས་ཁས་ལེན་དགོས་པར་འདོད་པ་ནི་ཐལ་རང་གཉིས་ལ་ཁྱད་མེད་པར་སྟོང་ཐུན་དང་ཊིཀ་ཆེན་དེ་ཉིད་སྣང་བ་གཉིས་ཀར་གསུངས་པས་དཔྱད་གཞི་ཆེ་བར་ལྷག་མཐོང་དཀའ་འགྲེལ་ལས་གསུངས་ལ། དེར་མ་ཟད་གཅིག་ཏུ་བྲལ་གྱི་རྟགས་སྒྲུབ་ཀྱི་རིགས་པ་ལ་དཔག་ནའང་དབུ་མ་བས་ཆ་མེད་ཀྱི་དངོས་པོ་ཁས་ལེན་ཚུལ་མེད་པ་འདྲ་ཞིག་ཏུ་སྣང་།
            འོན་ཀྱང་སློབ་དཔོན་ལེགས་ལྡན་རྗེས་འབྲང་གིས་གཟུགས་འཛིན་མིག་ཤེས་ལྟ་བུ་དེ་གཟུགས་དམིགས་རྐྱེན་དུ་བྱས་པ་ལས་སྐྱེས་ཚུལ་ཙམ་མདོ་སྡེ་པ་དང་འདྲ་བ་ལ་བྱེད་ན་ནི་གྲུབ་མཐའི་ཐུན་མོང་མ་ཡིན་པའི་ཁྱད་པར་ཅི་ཡང་མི་ཐོན་ལ། དེ་ཙམ་ཞིག་ནི་ཐལ་འགྱུར་བས་ཀྱང་འདོད་དོ།། འཇུག་འགྲེལ་ལས། ཁ་ཅིག་གིས་མདོ་སྡེ་བ་རྣམས་ཀྱི་ལུགས་གང་ཞིག་དོན་དམ་པར་སྨྲས་པ་དེ་ཉིད་དབུ་མ་བ་རྣམས་ཀྱི་ཀུན་རྫོབ་ཏུ་འདོད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་དབུ་མའི་བསྟན་བཅོས་ཀྱི་དེ་ཁོ་ན་ཉིད་མངོན་པར་མི་ཤེས་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ཤེས་སོ།། ཞེས་གསུངས་པའི་དབུ་མ་བ་ནི་གཙོ་བོ་སློབ་དཔོན་ལེགས་ལྡན་རྗེས་འབྲང་ཡིན་ལ། མདོ་སྡེ་བའི་དོན་དམ་དུ་འདོད་པའི་དོན་དེ་ཉིད་སློབ་དཔོན་ལེགས་ལྡན་གྱི་ཀུན་རྫོབ་ཏུ་འདོད་པའི་རྐྱེན་ཀྱིས་དབུ་མའི་བསྟན་བཅོས་ཀྱི་དེ་ཁོ་ན་ཉིད་མ་ཤེས་པ་ཡིན་ནོ་ཞེས་གསུངས་མཁན་ནི་དཔལ་ལྡན་ཟླ་གྲགས་ཡིན་པ་གཞུང་ཉིད་ལས་གསལ་ལ།
             འོ་ན་དབུ་མ་བས་ཀུན་རྫོབ་ཏུ་ཁས་ལེན་མི་རུང་བ་དེ་གང་ཡིན་ཞེ་ན། བཞི་བརྒྱ་བའི་འགྲེལ་བ་ལྷག་མཐོང་ཆེན་མོར་དྲངས་པ་ལས། བྱེ་བྲག་པ་ལྟར་རང་གི་སྡེ་བ་རྣམས་ཀྱིས་རྫས་ཀྱི་རྡུལ་ཕྲ་རབ་ཁས་བླང་བར་མི་རིགས་སོ་ཞེས་རྡུལ་ཆ་མེད་ཁས་མི་བླང་བར་གསུངས་སོ།། ཞེས་དང་དེའི་མཇུག་ཏུ་ལྷག་མཐོང་ཆེན་མོ་ལས། སྡེ་བ་གཉིས་ཀྱིས་དོན་དམ་དུ་འདོད་པ་རྣམས་དབུ་མ་བས་ཀུན་རྫོབ་ཏུ་ཁས་མི་ལེན་པ་ནི་ཆ་མེད་ལ་སོགས་པའི་དངོས་པོ་ལ་བྱ་ཡི། ཞེས་སོགས་ཀྱི་གཞུང་གིས་སློབ་དཔོན་ལེགས་ལྡན་གྱིས་རྡུལ་ཆ་མེད་ཁས་ལེན་པའི་ཚིག་གི་གོ་བ་རེ་ཡང་བསྐྱེད་པས་དཔྱད་པར་བྱ་ལ། ལྷག་མཐོང་དཀའ་འགྲེལ་ལས་ཀྱང་གོང་དུ་བཀོད་པའི་ལྕང་སྐྱའི་གྲུབ་མཐའི་ལུང་དོན་འཇོག་ཚུལ་དང་ཅུང་མི་འདྲ་ཞིག་གསུངས་ཡོད་པས་ཀྱང་བརྟག་དགོས་པར་ཡོད་དོ།། 2016-8-20
 

                                                                                                              རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།

གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།