སྤྲུལ་སྐུའི་སྐོར་ལ་བླ་མའི་གསུང་འདི་རྣོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-04-04 21:13:43     རྩོམ་པ་པོ།   སྨར་སངས།    ཀློག་ཐེངས།  

         

0947429804.jpg

                                   

“སྤྲུལ་སྐུ་དགོས་ནི་རེད། ལུགས་གཉིས་གང་ལའང་ས་ཆོད་ཆེ། གཙོ་བོ་གཉོར་སྐྱོང་རེད། ལད་དུ་མ་འཇུག འདི་ཡང་དང་ཡང་དུ་བཤད་པ་ཡིན།”

གོང་གི་གསུང་དུམ་འདི་ནི་མཁན་པོ་རིན་པོ་ཆེ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧ཡོངས་འཛིན་འཇིགས་མེད་དཔལ་ལྡན་ཚང་གིས་ད་ནངས་སྔ་དྲོའི་ཆོས་ཁྲིད་ཀྱི་ཟུར་འཕྲོས་གསུང་བཤད་ཅིག་རེད། ན་ནིང་དང་གཞེས་ནིང་ལོར་རིམ་བཞིན་སྐུ་འབུམ་དགོན་དང་ཀླུ་ཚང་དགོན་སོགས་སུའང་སྤྲུལ་སྐུ་དག་ལ་བཀའ་བཀྱོན་དང་ཡོངས་འཛིན་འཁོར་གཡོག་ལྟོས་བཅས་ལ་ལན་གཅིག་མིན་པར་གསུང་འདི་བཞིན་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཐེངས་མང་བོར་གསུངས།

 གསུང་གི་གནད་ནི་ཕྱོགས་གཉིས་ན་འདུག་སྟེ། གཅིག་སྤྲུལ་སྐུ་དགོས་མིན་དང་། གཉིས་སྤྲུལ་སྐུ་བསྐྱེད་བསྲིངས་ཀྱི་ཕྱོགས་རེད། དང་བོའི་ཐད་ལ་ལ་ཆོས་ལ་གཏན་མི་མོས་པས་དགག་པ་བྱེད་པ་དང་། མང་བོ་ཞིག་གིས་སྤྲུལ་སྐུའི་གཞུང་ལུགས་དང་སྤྲུལ་སྐུའི་དགེ་མཚན་མང་བོ་སྤྲུལ་སྐུ་བཏགས་པ་བའམ་མིང་ཙམ་པ་དག་གི་སྐྱོན་གྱིས་བསྒྲིབས་ནས་ཧྲིལ་གྱིས་བཀག་པ་རེད།

དེ་གཉིས་གང་ཡིན་ཀྱང་ནང་ཆོས་ངོས་ནས་ལྟ་ཚུལ་ཡང་དག་པ་མ་རེད། ཁྱད་པར་དུ་ཕྱི་མའི་ལུགས་ལྟར་ན་བསམ་པར་བྱ་བ་ཡོད་མོད་རིགས་ལམ་ནི་སྤྲུལ་སྐུ་མ་ཟད། གྲྭ་བ་དང་སློབ་མ། མཁས་པ་དང་ཞིབ་འཇུག་པ་སོགས་གང་ཡང་བོད་ལ་མི་དགོས་པའི་ལྟ་ཚུལ་ཐབས་རྡུགས་ཤིག་རེད།

ནང་བའི་གཞུང་དུ་བཤད་པའི་སྤྲུལ་སྐུ་དངོས་དང་སར་གནས་ཀྱི་སེམས་དཔའ་དག་གི་སྤྲུལ་སྐུ་བཏགས་པ་བ་དང་། སོ་སོའི་སྐྱེ་བོ་ཡིན་ནའང་ཐུགས་རྒྱུད་ཀྱི་ཡོན་ཏན་དང་སྔོན་གྱི་སྨོན་ལམ་བསམ་གྱིས་མི་ཁྱབ་པའི་སྐྱེས་བུ་དམ་པ་དག་གི་སྐུ་སྐྱེས་དག་ནི་སྔོན་གྱི་སྐྱེས་རབས་དང་། ཕྱིས་ཀྱི་སྤྲུལ་སྐུའི་ལམ་ལུགས། སྐྱེ་བ་སྔ་ཕྱི་སྒྲུབ་ཚུལ་གང་ལས་ཀྱང་རུང་བར་མ་ཟད་དེའི་དགེ་མཚན་ཀྱང་དཔེ་དང་བཅས་ན་བརྗོད་ཀྱིས་མི་ལང་བ་ཞིག་ཡོད་པས་སྤྲུལ་སྐུ་དགོས་ནི་རེད་གསུངས་པ་རེད།

འདི་ལྟར་བསམ་ན་དགག་པ་བྱེད་དགོས་པའི་རྒྱུ་མཚན་ནི་སྤྲུལ་སྐུ་སྐུ་ཡོན་མེད་པ་དང་འདོད་ཡོན་འབའ་ཞིག་གཉེར་མཁན་དག་གི་ཚུལ་ལས་བྱུང་བ་ཡིན་ལ། དེ་ནི་སྤྲུལ་སྐུའི་ལམ་ལུགས་དགོས་མིན་གྱི་གནད་དོན་མིན་པར་སྤྲུལ་སྐུའི་ལམ་ལུགས་ཚད་ལྡན་ཡིན་མིན་གྱི་གནད་དོན་རེད། བོད་དུ་ད་སྔ་ཡན་ཆོད་ལ་རང་གིས་གོ་མྱོང་མཐོང་མྱོང་ལའང་ཐབས་བརྒྱ་ཇུས་སྟོང་གིས་རང་ཉིད་ཀྱིས་རང་ཉིད་སྤྲུལ་སྐུར་བསྒྱུར་བ་དང་། ཆུང་དུས་ནས་སློབ་སྦྱོང་མེད་པར་ནར་སོན་པ་མང་བོ་ཞིག་ཡོད་པ་འདི་དག་གནད་དོན་རེད།

སྤྲུལ་སྐུ་ལ་སློབ་སྦྱོང་དགོས་མིན་ཟེར་ན། དེ་ནི་མཐའ་གཅིག་ཏུ་དགོས་ཟེར་དགོས། རྒྱུ་མཚན་ཁོ་ཐ་མལ་བའི་རྣམ་པར་བྱོན་ན་ཐ་མལ་བའི་ལུགས་གྱིས་བརྩོན་པ་དང་ཐོས་པ་གཞན་ལས་མང་བོ་བསགས་ནས་ཐ་མལ་བ་རྣམས་ལ་མིག་དཔེ་ཡག་པོ་ཞིག་སྟོན་རྒྱུ་དེ་ཉིད་སྤྲུལ་སྐུ་སྤྲུལ་བའི་དགོས་དོན་གཙོ་བོ་ཡིན་པའི་ཕྱིར་རོ།། གཞན་ཡང་ས་པཎ་དང་ཀློང་ཆེན་དྲི་མེད་འོད་ཟེར། རྗེ་བདག་ཉིད་ཆེན་པོ་དང་རྒྱལ་བ་ཡིད་བཞིན་ནོར་བུ་སོགས་འདི་དག་ལས་གཞན་དུ་བོད་ལ་སྤྲུལ་སྐུ་ཚད་ལྡན་ཡོད་རྒྱུ་མ་རེད་བསམ་ཞིང་འདི་དག་ལ་སློབ་གཉེར་དགོས་ན་གཞན་ལ་སྨོས་ཅི།

སྤྲུལ་སྐུ་ཚད་ལྡན་གཉོར་བ་ལ་ཆ་རྐྱེན་གཙོ་གསུམ་བརྒྱུད་དགོས། 

གཅིག   ཐོག་མའི་ངོས་འཛིན་ཚད་ལྡན་དམ་པ་གོང་མ་དག་གི་ལུགས་བཞིན་ངོས་གཙང་བ་ཞིག་དགོས།

གཉིས།   རྩ་བའི་ཡོངས་འཛིན་ཚད་ལྡན་ཆོས་ཀྱི་གོ་རྟོགས་མཐོ་བ། སློབ་གསོའི་ཐབས་ལ་མཁས་པ། སྤྱོད་པ་ཆོས་བཞིན་བགྱི་བ་ཞིག་དགོས།

གསུམ།   གམ་གྱི་འཁོར་གཡོག་ཚད་ལྡན་སློབ་གཉེར་ལ་བརྩོན་པ་ཆེ་བ། ཀུན་སྤྱོད་ལ་བྱམས་བཀུར་ཆེ་བ། དགེ་རྒན་ལ་རྩིས་པོ་ཆེར་བྱེད་པ་དགོས།

གལ་ཏེ་སྤྲུལ་སྐུའི་ལམ་ལུགས་ཚད་ལྡན་ཞིག་བྱུང་ན་ཚུར་མཐོང་གི་སྣང་ཚུལ་ཁོ་ན་ལས་ཀྱང་དགེ་མཚན་ཆེན་པོ་གཉིས་མཐོང་། གཅིག་སྤྲུལ་སྐུ་དག་ལ་ཆེད་དམིགས་ཀྱི་སློབ་གསོའི་ཁོར་ཡུག་ཕུན་སུམ་ཚོགས་པ་ཡོད་པས་ཆེད་དམིགས་མི་སྣ་བསྐྱེད་བསྲིངས་ཀྱི་དགེ་མཚན་དང་།

གཉིས་དེ་ལྟའི་སྐྱེས་བུ་ལ་སྔར་སྦྱངས་པའི་ཡོན་ཏན་གྱི་འབྲས་བུ་དང་སྤྲུལ་སྐུའི་དད་མོས་ཀྱི་སྟོབས་གཉིས་ཚོགས་ཀྱིས་ཆོས་ཀྱི་བགྱི་བ་གང་ལའང་ས་ཆོད་གཞན་ལས་ཆེ་བ་གཉིས་འདུག

མཐར་ཐུག་རང་ལ་མཁོ་བའི་དངོས་པོ་གང་ལའང་ཆག་སྐྱོན་བྱུང་ན་བཅོས་པ་སྐབས་སུ་བབས་ཀྱི་ཧྲིལ་གྱིས་འདོར་བ་ནི་མཁས་པའི་ལུགས་མིན་པས་སྤྲུལ་སྐུའི་ལམ་ལུགས་ཀྱི་ཉེས་པ་བརྒྱ་ཆའི་བདུན་ཅུ་སྤྲུལ་སྐུ་ངོས་འཛིན་དང་གཉོར་སྐྱོང་གི་ཐད་ན་ཡོད་པ་ཡོངས་ཀྱིས་ངོས་ཟིན་རྒྱུ་དང་། སྤྲུལ་སྐུ་ཆུང་ཆུང་དག་ལ་ཆུང་དུས་ནས་དམིགས་བསལ་མང་བོ་ཞིག་མི་སྟེར་རྒྱུ་ཐ་ན་དད་ལྡན་མང་ཚོགས་ཀྱིས་ཀྱང་ངོས་ཟིན་དགོས་ཏེ། དཔེར་ན་ས་ཆ་ལ་ལར་མང་ཚོགས་ཀྱིས་གྲྭ་བ་ལ་ཡོན་ཏན་ཡོད་མེད་ལ་ཁ་ཡ་མི་བྱེད་པར། གདན་ཐོག་ནས་བཞུགས་ཏེ་སྡེར་ནང་ནས་བཞེས་ཐུབ་པ་ཙམ་ཞིག་གཙོ་བོར་བྱེད་པས་གྲྭ་བ་ཆུང་ཆུང་དག་ལའང་དེའི་ཤན་ཞུགས་པ་དང་། ཡང་ས་ཆ་ལ་ལ་གྲྭ་བའི་ཡོན་ཏན་ལ་དད་དོད་ཆེ་སར་གྲྭ་ཆུང་དག་ལའང་སྤྱི་ཚོགས་ཀྱི་ལྟ་སྟངས་ཁོ་ནས་ཤན་གྱིས་ཀྱང་སློབ་གཉེར་ལ་སྐུལ་མ་བྱེད་ཐུབ་པ་ནི་ཁོར་ཡུག་གིས་མི་བསྐྲུན་ཚུལ་ཡིན་པས། འཁོར་འབངས་དད་པ་ཅན་གྱིས་སྤྲུལ་སྐུ་ཟོག་པོར་མི་གཏོང་བ་དང་།  དག་སྣང་ཡོད་ཁུལ་གྱིས་སྤྲུལ་སྐུའི་ཆུང་དུས་ཀྱི་སློབ་གཉེར་ལ་བར་ཆད་མི་བཟོ་རྒྱུ་ཤིན་ཏུ་གལ་ཆེ་བས་ཆེན་པོ་རྣམས་ཀྱི་ལེགས་བཤད་དག་གི་ཧ་གོ་རྒྱུ་ནི་ཆོས་ལ་མོས་པ་རྣམས་ཀྱི་རྙེད་པ་མཆོག་གོ།།

                                  ༢༠༡༦.༢.༢༨

གསལ་འདེབས། 

     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                 དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།