ལུང་རིགས་སྨྲ་བའི་དབང་བོ་དཀའ་ཆེན་བློ་བཟང་ ཉི་མ་མཆོག་ལ་ཕུལ་བའི་རབ་བྱེད་ སྤོས་ཀྱི་རྫིང་བུ་ཞེས་བྱ་བ།།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-04-23 15:11:43     རྩོམ་པ་པོ།   གནམ་ལྷ་བཀྲ་ཤིས།    ཀློག་ཐེངས།  

བློ༷་བཟ༷ང་སྟོབས་བཅུ་ལྷུན་པོའི་ཁུར།།

རྨད་བྱུང་འཕྲི༷ན་ལ༷ས་ལྷུན༷་གྲུབ༷་ཏུ།།

སྤྱོད་པ་ས་སྲུང་གཞོན་ནུའི་སྤུན།།

ཕ་གཅིག་ཆོས༷་ཀྱི༷་རྒྱལ༷་མཚན༷་མཆོད།།

འཛམ་གླིང་འཛིན་མའི་རྒྱན་གཅིག་པུ།།

བཀྲ༷་ཤིས༷་གཡས་འཁྱིལ་ཆོས་ཀྱི་གྲྭར།།

ལུང་རིགས་གསེར་གྱི་ལྷུན༷་པོ༷་འབུམ།།

བསྟར་བའི་ཕྲེར་ཚོགས་ཕྱག་གི་ཡུལ།།

ལྷག་ཏུ་བདེ་ལྡན་ཞིང་གི་མགོན།།

ས་ལ་བབས་པའི་སྐུ་རབས་ཕྲེང་།།

བྱིན་རླབས་འོ་མའི་བཅུད་ཀྱི་དྲིན།།

འཐུང་བའི་སྐུ་དྲིན་ཇི་ལྟར་གཞལ།།

འདྲེན་པ་མཆོག་དེའི་བདེན་གཏམ་གྱི།།

གསེར་གྱི་རི་བོ་འབུམ་གྱི་ལྷུན།།

ཡང་དར་བསྟན་པའི་གསལ་བྱེད་ཀྱི།།

ནོར་ལྷུན་སྤུངས་པ་ཁྱོད་ཀྱི་གསོས།།

བློ༵་བཟང༵་ཐུབ་པའི་རང་བསྟན་ལ།།

དུངས་པའི་མིག་ཞགས་འཕེན་པ་ཅན།།

ལེགས་བཤད་ཉི༵་མ༵འི་དྲོད་ཁོལ་གྱིས།།

ལུས་ཅན་འཛུམ་བརྒྱ་གྲོལ་ལགས་སམ།།

ཁྱད་པར་ཀུན་གཟིགས་ཆོས་ཀྱི་མགོན།།

དྭངས་གསལ་སྟོན་ཟླའིལང་ཚོ་ནི།།

ལུས་ཅན་རྒྱ་མཚོ་ཡིད་ཀྱི་མཁར།།

ཉ་རྒྱས་དཔལ་དུ་མཛེས་ལགས་སམ།།

ལུས་རྟེན་གསེར་གྱི་ལྗོན་བཟང་ལ།།

འབྲས་བཟང་སད་ཀྱིས་མ་བཅོམ་པར།།

ཁྲིམས་གཙང་སྤོས་ངད་ལྡང་དང་ལྷན།།

ལྷ་ཡི་ཞིང་དུ་བཞུགས་ལགས་སམ།།

དགེ་ལེགས་བདུད་རྩིའི་རྒྱུན་བཟང་གི།།

དགེ་བཅུའི་ཀློང་ཆེན་འབེབ་པའི་ཁ།།

དགེ་མེདབདུད་ཀྱིས་མ་གཙེས་པར།།

དགེ་བརྩོན་རྒྱུན་བཟང་འཕེལ་ལགས་སམ།།

མང་ཐོས་གངྒྰའི་ཀླུང་དང་མཚུངས།།

ཚུལ་ཁྲིམས་གཡག་རྔའི་དཔལ་ལ་སྡེབ།།

སྡོམ་བརྩོན་བསེ་རུའི་དཔལ་འཛིན་པ།།

ཉམ་ཆུང་ཚུལ་མཐུན་དམ་པའི་གཤིས།།

ཐོས་པ་རྒྱུད་འགལ་མི་འབྱུང་ཞིང་།།

བཅས་པ་ཁྲིམས་ལས་མི་འདའ་པ།།

ཐ་མལ་ཉིན་མཚན་སྦྲེལ་བའི་མཐུས།།

རིག་འཛིན་ལུ་གུའི་ཕྲེང་ཚོགས་སྐྱོང་།།

འཆད་པ་ལེགས་འདོམས་ལྷ་རྔ་དང་།།

རྩོད་པ་ཕྱོགས་གླང་ཆོས་གྲགས་བཞིན།།

རྩོམ་པ་དབྱངས་ཅན་སྐྱེངས་པའི་ངག།

མཁས་བྱའི་གནས་ཀུན་ཁྱོད་ཀྱིས་བཞེས།།

ཐོས་པ་མི་དངོམས་ཆུ་གཏེར་འཕེལ།།

བསམ་པས་ཚང་ཚིང་སྒྲོ་འདོགས་གཅོད།།

སྒོམ་པས་ཆོས་ཀུན་གསལ་ལེར་གཟིགས།།།

འཛིན་མའི་ཁྱིམ་འདིར་ཁྱོད་འདྲ་དཀོན།།

མཁས་མང་རྒྱུ་སྐར་སྟོང་གི་དབུས།།

ཉ་རྒྱས་ཟླ་བའི་དཔལ་གྱིས་མཛེས།།

སྐལ་ལྡན་ཚལ་རབ་སྐྱོང་བ་ལ།།

དམ་པའི་གམ་ན་ལྷག་ཏུ་མཛེས།།

འདི་ན་གཡར་ལུས་བདེ་ཙམ་ངང་།།

ཝ་སྐྱེས་སེང་རློམ་བརྟུལ་ཞུགས་ཀྱིས།།

རྒྱལ་བའི་རིང་བསྲེལ་བྱོན་པའི་གཏམ།།

བྱུང་བ་མདོ་ཙམ་བརྗོད་ལ་རེངས།།

ལས་ཁྱུར་ཞགས་པས་ཟིན་ཀྱང་རུང་།།

མི་ཁོམ་སྒྱུ་མའི་འཕྲུལ་འདེགས་ཀྱིས།།

དགེ་བརྩོན་ཡོངས་སུ་མངོན་འཕྲོག་པས།།

ཆོས་སྲིད་གཉིས་མེད་ངང་ན་འཁྱམས།།

དེང་སང་འཛིན་མའི་ཁྱིམ་འདི་ན།།

སྙིང་ལ་མུན་པའི་སྨག་རྒྱས་པའི།།

ར་གན་གསེར་དུ་རྫུས་པའི་རིགས།།

གནམ་ལྕགས་ཐོག་གིས་ལ་བར་རློགས།།

ལྷག་ཏུ་ཀུན་གཟིགས་རྒྱལ་བསྟན་ལ།།

དུག་ལྕེ་བསྲིང་བ་མགྲིན་བཅུའི་ཚོགས།།

ལུང་རིགས་གནམ་རུའི་ཟིལ་ཤུགས་ཀྱིས།།

ལྔ་ལམ་རྒྱགས་པའི་སྐྱེས་སུ་རྫོངས།།

དེས་ན་དམ་པའི་ར༷ང་གཤིས་ཞེས།།

ས་ལེ་སྦྲམ་གྱི་རང༷་མདངས་འཛིན།།

བཟང་ངན་བར་མ་རང༷་གཞན་ཀུན།།

ལེགས་ལམ་འཕེལ་ལ་རང༷་ཉིད་གཙོ།།

ཀུན་གཟིགས་ཉི་མའི་དཀྱིལ་འཁོར་གྱི།།

ཕན་བདེ་འཛུམ་ཟེར་སྤྲོས་དང་ལྷན།།

གང་བ་བརྒྱ་ཡི་ཕྲེང་ཚོགས་ཀྱང་།།

ལྷུག་པར་བཞད་ལ་གྲོགས་དན་མཛོད།།

ལྷག་ཏུ་ཐོས་ཆུང་འཁོལ་བོའི་རིགས།།

སྡིག་ཅན་འདུ་ཤེས་གསུམ་པའི་བུར།།

ཕྱི་ནང་བར་བགེགས་འཇོམས་པའི་ཕྱིར།།

ཐུགས་རྗེས་ལྕགས་ཀྱུས་དམ་དུ་ཟུངས།།

གཏམ་མཆིད་སྤོས་ཀྱི་རྫིང་བུ་ཞེས།།

གནམ༷་བསྐོས་གོང་མ་ལྷ༷་གནས་སུ།།

མི་ལུས་ཕྱུགས་ཀྱི་འདུ་ཤེས་ཅན།།

བཀྲ༷་ཤིས༷་དགྱེས་ཏེ་སྤྲོ་བས་བཏེགས།།

ཞེས་ལུང་རིགས་སྨྲ་བའི་དགེ་བའི་བཤེས་གཉེན་ཆེན་པོ། ཡིད་གཞུངས་མཛའ་གཅུགས་ཕྱི་ཐག་རིང་བའི་མཆེད་གྲོགས་དམ་པར་གྱུར་བ། ༧ དཀའ་ཆེན་བློ་བཟང་ཉི་མ་མཆོག་ལ་སྤྲིངས་པའི་ཞུ་འཕྲིན་སྤོས་ཀྱི་རྫིང་བུ་ཞེས་པ་འདི་ཡང་། པེ་ཅིན་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་ཟུར་བ། རྨོངས་རྒན་གྱི་ན་བ་གནམ་ལྷ་བཀྲ་ཤིས་སུ་འབོད་པ་དེས་སྤྱི་ལོ་༢༠༢༤ལོའི་ཟླ༤ཚེས་༢༠ཉིན་པེ་ཅིན་གྱི་རང་སྤྱིལ་ཉི་འོད་འཁྱིལ་བའི་གུར་ཁང་ནས་གུས་པས་གསོལ་བ་བཏབ་པ་དགེའོ།།  

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།