དགེ་འདུན་འདུ་བའི་སྨོན་ལམ་དྲང་སྲོང་བདེན་ཚིག་གྲུབ་པའི་ཞལ་གཡང་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-01-09 20:16:03     རྩོམ་པ་པོ།   ཤེར་ཕྱིན་གྱི་མིང་བ།    ཀློག་ཐེངས།  

༄༅། །རབ་འབྱམས་རྒྱལ་བ་ཀུན་གྱི་བྱམས་བརྩེའི་འཕྲུལ། །རྒྱལ་ཚབ་མི་ཕམ་མགོན་དང་དབྱེར་མེད་པའི། ། ཀུན་བཟང་སྤྱོད་པ་རྒྱ་མཚོའི་གཏེར་ཆེན་པོ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག།སྐལ་བཟང་ཐར་པར་བགྲོད་པའི་འཇུག་ངོགས་མཆོག།བརྩེ་བས་བསྐྱོད་པའི་ཐབས་མཁས་   མཛད་པ་ཡིས། །གསལ་མཛད་བཤེས་གཉེན་རྣམས་ཀྱི་ཞབས་བརྟན་ཤོག།ཚུལ་ཁྲིམས་རྣམ་པར་དག་པའི་ཞིང་ས་རུ། ། ཐོས་བསམ་སྒོམ་པའི་མཆོད་ཚོགས་རྒྱ་མཚོ་འཁྱིལ། །ལུང་དང་རིགས་པ་དབྱངས་སྙན་སྒྲོག་པ་ཡི། །བློ་གསལ་ངང་མོའི་ཚོགས་ཀྱིས་གང་བར་ཤོག།བླ་མ་ཡི་དམ་དབྱེར་མེད་དཀོན་མཆོག་གསུམ། །དཔའ་བོ་མཁའ་འགྲོ་བསྟན་སྲུང་  ཚོགས་རྣམས་ཀྱིས། །ལྷུན་གྲུབ་འཕྲིན་ལས་སྤྲིན་ཆེན་འཁྲིགས་པ་ལས། །བཤད་དང་སྒྲུབ་པས་སྡེ་འདི་རྒྱས་པར་ཤོག །ཁྱད་པར་བློ་གསལ་དོན་གཉེར་ཚུལ་མཐུན་རྣམས། །ནད་རིམས་གདོན་བགེགས་རྐྱེན་གྱིས་མི་བརྫི་བར། །ཐོས་བསམ་བྱ་བ་བདེ་བླག་མཐར་ཕྱིན་ཏེ། །དོན་གཉིས་འབྲས་བུ་བཞིན་དུ་འགྲུབ་པར་ཤོག།ཤིང་རྟ་ཆེན་པོ་དབྱིག་གཉེན་ཡོན་ ཤཱཀ་གི །གཞུང་ལུགས་སློབ་པའི་རིམ་པ་བཤད་སྒྲུབ་གླིང་། །སྡེ་འདི་དབྱར་གྱི་མཚོ་ལྟར་རབ་འཕེལ་ནས། །མཁས་པའི་བྱ་བ་རྣམ་གསུམ་མཐར་ཕྱིན་ཤོག །དེ་ཡི་མཐུ་ལས་ཚེ་རབས་ཀུན་ཏུ་བདག།ཐེག་མཆོག་འཁོར་ལོ་བཞི་དང་མི་འབྲལ་ཞིང་། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་དང་། །རིམ་གཉིས་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག།ཕན་མཛད་དེ་ཡི་བསྟན་པའང་སྲིད་པའི་མཐར། །ངན་རྟོག་རླུང་གིས་རྣམ་པར་མི་གཡོ་ཞིང་། །བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ། །ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག།སྐྱེས་བུ་གསུམ་གྱི་ལམ་གྱི་སྲུང་མའི་གཙོ། །མྱུར་མཛད་མགོན་དང་རྣམ་སྲས་ལས་གཤིན་སོགས། །བསྟན་སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ཀྱིས། །བསླབ་གསུམ་ལྡན་པའི་དགེ་འདུན་རྒྱས་པར་ཤོག།སྡེ་འདིར་བྱིན་རླབས་དཔལ་འབྱོར་མི་ཉམས་ཤིང་། །བསམ་སྦྱོར་ངན་པས་གདུག་རྩུབ་ཞི་བ་དང་། །བསླབ་གསུམ་རྣམ་དག་བསྟན་པའི་ཁུར་འཛིན་པའི། །དགེ་འདུན་ཚོགས་ཀྱིས་གང་བའི་བཀྲ་ཤིས་ཤོག།བློ་བཟང་འདུན་ས་ཆོས་ཀྱི་ཕོ་བྲང་ཆེར། །བསླབ་གསུམ་རྣམ་དག་རྩེ་གཅིག་སྒྲུབ་ལ་བརྩོན། །རྣལ་འབྱོར་རབ་བྱུང་ཚོགས་ཀྱིས་ཡོངས་   གང་བའི། །ཐུབ་བསྟན་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །  བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས། །བསྟན་པ་ཡུན་   རིང་གནས་པའི་བཀྲ་ཤིས་ཤོག།བླ་མ་ལྷར་བཅས་རྣམས་ཀྱི་ཐུགས་རྗེ་དང་། །ཡི་དམ་བསྟན་སྲུང་རྒྱ་མཚོའི་མཐུ་སྟོབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་ཡིས། །ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་གྱུར་ཅིག།བསླབ་པ་གསུམ་ལྡན་ངུར་སྨྲིག་འཛིན་པ་ཡི། །འདུས་པའི་ཚོགས་ཀྱིས་གནས་འདིར་ཡོངས་གང་ཞིང་། །རྟག་ཏུ་བཤད་སྒྲུབ་བྱ་བས་སྲིད་  མཐའི་བར། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །དགེ་འདུན་འདུ་བའི་སྨོན་ལམ་འདི་ཉིད་དགའ་ལྡན་བཀྲ་   ཤིས་བཤད་སྒྲུབ་རབ་བརྟན་གླིང་གི་ཞལ་འདོན་དུ་ཤེར་ཕྱིན་གྱི་མིང་དང་ལྡན་པས་དྲང་སྲོང་བདེན་ཚིག་གྲུབ་པ་དག་གི་ཞལ་གཡང་སྨོན་ལམ་ཕྱོགས་གཅིག་ཏུ་བསྒྲིགས་པ་དགེ་གྱུར་ཅིག །


རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn




བརྒྱུད་འགོད།