སྐུ་འབུམ་གྱི་མེ་ཏོག་མཆོད་པ་ལ་བསྔགས་པ་པདྨ་དཀར་པོའི་འཁྲི་ཤིང་ཞེས་བྱ་བ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-04-24 09:57:46     རྩོམ་པ་པོ།   གནམ་ལྷ་བཀྲ་ཤིས།    ཀློག་ཐེངས།  

༄༅༎བློ༵་བཟ༵ང༷་རྒྱལ་བའི་རང་བསྟན༷་ཞེས།།

བཤད༷་སྒྲུ༷བ༷་འཕྲི༵ན་ལ༵ས་མཛོད་འཛི༷ན་པ།།

ལུས་ཅན་རྒྱ༷་མ༷ཚོ་འདྲེན་པའི་མགོན།།

ལྷུ༵ན་གྲུ༵བ་ཆོ༵ས་ཀྱི༵་རྒྱ༵ལ་མཚ༵ན་མཆོད།།


སྟོན་མཆོག་ཉི་མ་བརྒྱ་ཡི་བྱི༷ན།།

བྱི༷ན་རླབས་གཅིག་ཏུ་འཁྱིལ་བའི་དཔ༷ལ།།

དཔ༷ལ་ལྡན་ས་གསུམ་གྲགས་པའི་མགོ༷ན།།

མགོ༷ན་ཁྱོད་ཚེ་རབས་གཏན་གྱི་སྐྱབས།།


དྭངས་བསིལ་ཡན་ལག་བརྒྱད་ལྡན་ཆབ།།

ལྷུན་གྲུབ་ནམ་མཁའི་ནགས་ཀློང་ཆེ།།

དམ་པའི་ཕྱག་རྒྱུན་མ་ཉམས་པ།།

བྱིན་རླབས་འོ་མའི་མཚོ་ཆེན་འཕྱུར།།


མར་བཟོས་མེ་ཏོག་མཆོད་པ་ཡང་།།

བློ་བཟང་ཐུབ་པའི་རིང་ལུགས་ཞེས།།

དགེ་ལེགས་ནམ་མཁའ་མཛོད་ཀྱི་སྤུན།།

ཟག་མེད་བདུད་རྩིའི་གཏེར་དུ་གྲུབ།།


བཤད་སྒྲུབ་ནོར་བུའི་འཁྲི་ཤིང་གི།

ལི་ཁྲིའི་ཆུ་གཏེར་གཡོ་བའི་རླབས།།

ཕན་བདེ་རྒྱལ་མཚན་འཛིན་པའི་རྗེ།།

གྲགས་སྙན་འོག་མིན་ཞིང་ན་ལྡིར།།


དཔྱིད་ཀྱི་འཛིན་མར་སྣུམ་གྱིས་མཛེས།།

དབྱར་གྱི་མཁའ་ལ་འཇའ་ཚོན་བཀྲ།།

སྟོན་གྱི་དལ་འགྲོས་མཆོད་ཡོན་བཤམས།།

དགུན་གྱི་ཤིང་ལའང་མེ་ཏོག་བཞད།།


ཨེ་མ་ཁྱོད་སྐུ༵་ལྗོན་པའི་གཟུགས།།

དགེ་མཚན་འབུ༵མ་གྱིས་འཛུམ་པའི་ཞལ།།

ཆུ་བུར་མིག་གཟི་འཕྲོག་པའི་དཔལ།།

སྲིད་ཞིའི་རྒྱན་དུ་བྱོན་པ་ལེགས།།


ལྷག་ཏུ་ཙན་དན་སྨན་གྱི་ལྗོན།།

ཡལ་འདབ་གསེར་གྱི་གཏམ་རྒྱུད་ཅན།།

སྣང་མཐའི་སྒྱུ་འཕྲུལ་ཐུགས་རྗེའི་སྤྱན།།

ལྗོངས་འདིར་བསམ་བཞིན་གཟིགས་པ་བདེན།།


བློ༵་བཟ༵ང་བློ༷་ཡིས་ལེགས་བྲིས་ལྗོན།།

ཨ༷་མར་ཨ༷་མཚར་གསུང་འབྱོན་པ།།

གྲག༷ས་སྙན་གྲག༵ས་པ༵་འབར་བའི་རྟེན།།

ཞ༷ལ་ཐང་ཞ༷ལ་ཁྱིམ་མཇལ་བས་སྤྲོ།།


སྟོན་པའི་ཞལ་ནས་གསུངས་པའི་བཀའ།།

འཇམ་དཔལ་མཚན་མང་བརྗོད་པའི་ཆོས།།

གཟིགས་དཔེ་གསེར་གྱི་་གླེགས་བམ་གྱི།

བྱིན་རླབས་དྲོད་རླངས་འཕྱུར་བར་མཇལ།།


དེའི་ཕྱིར་ཁྱོད་ཞལ་མཐོང་དང་ཐོས།།

དྲན་དང་རེག་པའི་ཆ་ཡིས་ཀྱང་།།

སྲིད་པ་ཧྲུལ་བོར་བྱེད་འགྱུར་ཞེས།།

དད་འདུས་མུ་ཏིག་ཕྲེང་རྒྱུད་འཛིན།།


མེ་ཏོག་མན་ཌལ་སྤུངས་པའི་སྡེ།།

རྣམ་དཀར་ཕུན་ཚོགས་སྟོང་གི་ཟླ།།

རྒྱུ་སྐར་ཕྲེང་ཐག་ཆད་པ་བཞིན།།

མཐོང་ན་དད་པའི་སྤུ་ལོང་གཡོ།།


སྣང་གསལ་ཉི་ཟླའི་དཔལ་འབར་ཞིང་།།

ཕྱག་གི་འཁྲི་ཤིང་གཡོ་བའི་གར།།

གཟུངས་སྔགས་དབྱངས་སུ་གྱེར་བའི་ཚུལ།།

ཕན་ཚུན་འགྲན་པའི་ཟོལ་གྱིས་ལྡེམ།།


སྤོས་ཀྱིས་བརྟས་པའི་གླང་བོའི་ཁ།།

སྙིམ་པད་ཁམ་བུའི་དོག་པ་ཅན།།

མཁའ་ལྡིང་གཤེགས་པའི་སྟངས་སྟབས་སུ།།

བཞུད་པའང་རྡོ་ལ་རི་མོར་གསལ།།


ཀུན་རྟོག་ངག་རིག་སྤྲིན་ཕུང་ལས།།

དད་གསུམ་སྙན་ཚིག་ཟིམ་ཆར་གྱིས།།

ཉེས་བཤགས་གཤིན་ས་སྣུམ་པོའི་གཞིར།།

ཁྱོད་ཞབས་པདྨོའི་ཞལ་མཐོང་ཤོག། 

ཅེས་གདན་ས་ཆེན་པོ་རྗེ་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་ལ་མཇལ་སྐབས་སྔར་མེད་མི་ཚོགས་འཕེལ་བའི་ཚུལ་ལ་དམིགས་ཏེ།འཇམ་མགོན་བླ་མའི་གདན་སའི་རྟེན་གསུམ་དང་སྦྱར་བའི་སྙན་ཚིག་པདྨ་དཀར་བོའི་འཁྲི་ཤིང་འདི།བོད་རབ་གནས་ཆུ་སྟག་སྟེ།  ཕྱི་ལོ༢༠༢༢ལོའི་ཟླ༡ཚེས༢༥ཉིན་རྨོངས་རྒན་གྱི་ན་བ་གནམ་ལྷ་བཀྲ་ཤིས་ཀྱིས་གུས་པས་སྨོན་པ་དགེའོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།