ཡིན་རྟོན་མི་རུང་བའི་ཚེ་སྲོག
ཀྱེ་མ་ཀྱེ་ཧུད།
ངས་མི་ལོ་མང་བོའི་རིང་ལ།
འདི་ལྟར་བསམ་བློ་ཞིག་མ་བཏང་བ་འདྲ།
ད་ནི་རྐྱེན་དབང་གིས་བློ་ཡུལ་དུ་འཁོར་བ་ནི།
འདི་ལྟར་རེད་དེ།
གསལ་ལ་མི་གསལ་བའི་རང་སྣང་གི་འཇིག་རྟེན་ནི
དལ་ཅག་གེར། འཇམ་ཐིངས་ངེར།
རྒྱ་མཚོ་བཞིན་རླབས་རིས་ཉིལ་ལེར།
སྟོང་འདང་དང་རྨི་ལམ་ཁྲོད་ཀྱི་རེ་བ་ནི།
རྒྱང་རིང་རྒྱང་རིང་ན་འོད་ཀོར་ཙམ།
ཚུར་ཚུར་འོངས་པ་ནི།
ཉི་གཞོན་་མཚོ་ལ་ལྷུང་བ་ལྷུང་བ་ལྟ་བུའི་ཟིན་མེད་ཀྱི་ཟེགས་མ་ཙམ། དབྱིབས་རིས་ལས་མཐོང་བ་ནི།
གནས་མལ་གཅིག་ཏུ་སྡོད་མི་བཏུབ་པའི་སྐད་ཅིག་མའི་འགྱུར་བ་ཙམ།
རེ་བའི་འོད་ཀོར་གྱིས་བསྩལ་པ་ནི།
སྐྱི་གཡའ་བའི་འཇིགས་རུང་གི་རླབས་རྩེ་ན།
སིབ་སིབ་ཀྱི་ཝུ་བ་ཙམ།
དེ་དང་མཉམ་དུ་གཡོ་བ་ནི།
ཡིད་རྟོན་མི་རུང་བའི་ཚེ་སྲོག་གིས་འཚོ་བའི་ཕུང་བོ་འདི་རེད།
དོན་དངོས་སུ། འདི་ནི་འཇིགས་སྐྲག་གིས་འཕྱོ་བའི་ལུས་ཀྱི་གྲུ་རྫིངས།
ཡིན་ནའང་ཁོ་ལ་ཞིབ་ཏུ་བལྟས་ན། འཐོར་ལ་ཁད།
ཞིག་ལ་ཁད།
ཡལ་ལ་ཁད་ཀྱི་དངོས་པོ།
གདོས་བཅས་ཀྱི་ཕུང་བོ།
ཚུ་རོལ་ཙམ་མཐོང་བ་དག་ལ།
སྣང་བ་བན་བུན་པ་དང་མཉམ་དུ་
མེ་ཏོག་ལྟར་མཛེས་ནའང་།
གང་ལ་བལྟས་ཀྱང་།
ཞིབ་ཏུ་བརྟག་ན།
ལྗན་ལྗིན་དང་རྣག་ཁྲག་གིས་ཁེངས་པའི་གོང་བུ་ཙམ།
ནམ་རྒྱུན་མི་བཟད་པའི་གདོན་གྱིས་ཉེ་བར་གཙེས་ནའང། །
སྣེ་འདུས་ཀྱི་སྐྱུགས་བྲོ་བའི་་དྲི་མནམ་པ་མི་བཟོད་ནའང་།
དེ་དང་འབྲལ་འདོད་མེདཔ་ཙམ་དུ་མ་ཟད།
ད་རུང་ཕག་པས་འམ་རྫབ་ཀྱི་དཔེ་བཞིན།
ཞེན་ཅིང་འཁྲེན།
མགོ་ནས་མཇུག་བར་མི་གཙང་བའི་འདམ་གྱིས་སྦགས་ནའང་།
དེ་ལ་མི་གཙང་བར་ངོ་མི་ཤེས་པ་འདི་ལ་ཞེ་རེ་ནོངས།
ཞེན་པ་ནི་རྣོ་སྐུད་ལྟར་དབལ་ཚ།
ཞིབ་ཏུ་བསམ་ན། དེ་ལྟར་འཁྲེན་དགོས་པ་ནི
ཞེན་ཆགས་ཀྱི་ཀློང་ན་ཁུ་སིམ་མེརསྡོད་པ་མང་དྲགས་པས།
ལར་ང་ཚོར་ཐོབ་པའི་དངོས་པོ་འདིས།
བྱང་གྲོལ་གྱི་ལམ་བཟང་སྟེར་ནའང་།
ད་ལྟའི་གནས་བབས་ལ་བལྟས་ན།
ཡ་ཆུང་གི་སེམས་པ་དང་གླན་རྒྱུ་ནི།
གློག་གི་བརྙན་རིས་ལ་བལྟ་བ་དང་ཅི་ཁྱད།
དོན་དངོས་སུ་རེ་བའི་ཉི་མ་ནི།
ལུས་ཀྱི་གྲུ་རྫིངས་དང་ཁད་ཉེ་བར་ཡོད་ནའང།
རང་སེམས་གྲུ་རྫིངས་ཀྱི་ཁ་ལོ་ནི་བྱང་ནས་་བྱང་དུ་སྐྱོད།
རྔམ་ཤིན་ཏུ་མཐུག་པའི་རྨག་ནག་གི་ཆར་སྤྲིན་ནི།
གཤིན་རྗེའི་བཙན་རྫོང་ལས་གཞན་དུ་མེད།
ད་ནི་མྱ་ངམ་གྱི་ཐང་ཆེན་ལྟ་བུའི་ཟད་དུ་མེད་པ་ནི།
རྟག་པར་རློམ་པའི་འཁྲུལ་སྣང་གི་འཇིག་རྟེན་ཙམ།
ནམ་ཞིག་གཤིན་རྗེའི་རྡུལ་ཕྲན་གྱིས་མི་རློག་པའི་ངེས་པ་ནི་ཅི་ཆ།
ཚེ་སྲོག་ནི་རླུང་ནང་གི་མར་མེ།
རྟ་རྔའི་ཉག་མ་ཙམ་རེད།
མདོར་ན་ཅི་ཞིག་ལ་ཞེན་པའི་སྐུད་པ་འདི་མ་ཆོད་ཀྱི་བར་དུ།
མིག་ལྷེམ་ལྷེམ་དང་སྒྱིད་པ་གུག་གུག
ལ་ས་ལགས་སོ་ཅི་ཙམ་ཞུས་ཀྱང་།
ནམ་ཞིག་སྒྲེན་མོ་ལག་སྟོང་ལས་མ་འདས་སོ། །
ཞེས་རང་ལ་དྲན་སྐུལ་ཙམ་དུ།
སྔགས་རམས་པ་དགེ་འདུན་ཆོས་གྲགས་ཀྱིས། བྱང་ཉི་མ་བླ་བྲང་དུ་བྲིས་པའོ། །ེེ༢༠༢༢-༢-༡༡ཉིན་ལ།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn