རང་མཚང་རྗེན་པར་སྟོན་ཅིང་རང་སེམས་ཆོས་ལ་སྐུལ་བའི་མགུར་དབྱངས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-03-08 09:48:29     རྩོམ་པ་པོ།   ་དཀའ་ཆེན་བློ་བཟང་ཕུན་ཚོགས་དབང་    ཀློག་ཐེངས།  


མ་ལས་དུང་པའི་ཡབ་གཅིག་མཁྱེན་རབ་ཀྱི་དབང་ཕྱུག །

མ་རུང་གཤིན་རྗེའི་དཔུང་འཇོམས་བདུད་དགྲ་ཡི་དབང་པོ།།

མ་འདྲིས་འགྲོ་བའི་རྩ་ལག་འཇམ་མགོན་གྱི་བླ་མ།།

མ་ལུས་གཅིག་བསྡུས་རྗེ་བཙུན་སེངྒེའི་དཔལ་མཁྱེན་ནོ།།


སྙིང་རྗེ་མེད་པའི་གཅེས་འཛིན་འགོང་རྫོང་གི་གཤེད་མས། །

སྙིང་ལ་སྣང་ཤས་ལྕགས་ཀྱུ་རྣོན་པོ་ཡི་བཏབ་སྟེ། །

སྙིང་པོས་དབེན་པས་སྲིད་པའི་འབྲོག་དགོན་འདིར་བསྐྱུར་བའི། །

སྙིང་མེད་བུ་ལ་བྱམས་བརྩེའི་སྐྱབས་སྦྱིན་ཞིག་སྩོལ་ཅིག །


ཀ་ཡེ་ཡུན་ཐུང་གློག་གི་གར་མཁན་མར་ཞེན་ནས། །

ཁ་བཤགས་སྐམ་པོའི་དབྱར་རྔ་ལྡིར་བ་ལ་རེམས་ཀྱང་། །

ག་ཤེད་གཅིག་ནས་གཉིས་མེད་སེང་གེ་ཡི་རྗེས་འགྲོར། །

ང་ཡི་མི་ཚེ་ནམ་མཁའ་སྟོང་པ་རུ་སོང་འདུག  །


ཅ་སིང་ཕ་རོལ་འདེགས་ཚེ་གཉེན་བཤེས་དང་ལོངས་སྤྱོད། །

ཆ་ཙམ་འཁྱེར་དབང་མེད་བཞིན་ཤི་སྦར་རུ་འཐམས་བཞིན། །

ཇ་རོ་ལྟ་བུར་རང་སེམས་ལས་རླུང་གིས་འདས་ནས། །

ཉ་མོ་གསོན་བསྲེག་བྱེད་འདྲའི་ཟངས་ཁ་ན་སླེབས་འདུག  །


ཏ་ཐཱའི་གཞུང་ལུགས་རྒྱ་མཚོར་ཐོས་བསམ་གྱིས་བཞུགས་ཀྱང་།།

ཐ་རྒོད་རང་རྒྱུད་ཀོ་སྐམ་ཆུ་རྡོ་བཞིན་ལུས་ནས།།

ད་བར་རང་རྒྱུད་ཆོས་དང་ལྟག་སྤྲོད་དུ་སོང་འདི།།

ན་ཟུག་གཞན་ལས་ཆེ་བའི་སྙིང་ཁོང་གི་ཚེར་མ།།


པ་ཎ་འབུམ་གྱིས་བསླུས་ཀྱང་ཉོ་མེད་ཀྱི་དལ་རྟེན།།

ཕ་རོལ་བསྐལ་པར་ན་རཀ་མེ་དོང་དུ་སྐྱུར་བྱེད།།

བ་བེར་ཉེས་ལྟུང་རྙོགས་མའི་སྣུམ་ནག་གིས་ཚོས་པའི།།

མ་དུལ་སེམས་རྟ་གཡང་ཁར་ཤོར་བ་འདི་ཅི་དྲག།


ཙཀྲ་གསུམ་གྱི་དགོངས་སྙིང་དྲང་ངེས་ཀྱི་དོན་ལ།།

ཚ་ཚ་འུར་འུར་རྩོད་ངག་མེ་ལྕེ་ལྟར་འབར་ཡང།།

ཛ་ལང་དུག་གསུམ་མཚོ་ཁ་ཇེ་མཐོ་དང་ཇེ་རྒྱས།།

ཝ་ལེར་བསམ་ན་ཡིད་མུག་སྐྱེ་བ་ལས་མིན་འདུག།


ཞྭ་ལྟར་གཙུག་ཏུ་བསྟེན་འོས་བཤེས་གཉེན་གྱི་ཞལ་གདམས།    

 ཟ་ཕོར་ཆག་དུམ་བཞིན་དུ་གཡང་སྐྱུར་ལ་བཏང་སྟེ།།

འ་འུར་གྲགས་སྐམ་མཐོན་པོའི་འཇའ་རྗེས་སུ་བསྙེགས་ཀྱང།།

ཡ་མཚན་ཉིང་དགོས་ཀུན་གསལ་མེ་ཏོག་གི་སྤུན་ཟླ།།     


  ར་ལུག་འཚོ་བའི་སེ་འུ་སྨྲ་ཤེས་ཙམ་དུས་ནས། །        

ལ་ཀླུང་ཆོས་གྲྭ་གང་སར་འཆད་ཉན་ལ་རེམས་ཀྱང་། །         

 ཤ་གཟུགས་རང་ཟའི་ཉམས་ལེན་གནད་སྒྲིལ་ཞིག་མེད་ན།།   

ས་ལམ་ཉམས་རྟོགས་འཇོག་པོའི་གཙུག་རྒྱན་གྱི་གཉེན་ཟླ།


ཧ་གོ་དོན་ཐག་ཆོད་པའི་རྣམ་རིག་ཅིག་ཡོད་ན།།

ཨ་ལོང་ལྟ་བུའི་འདུན་མ་སྟབས་བདེ་ཞིག་བསྐོར་ཏེ།།

ཨ་ཏི་ཤ་དང་འཇམ་མགོན་བླ་མ་ཡི་རྗེས་སུ།།

ཧ་ཅང་སྙིང་རུས་བསྐྱེད་ནས་བང་རྩལ་གྱིས་རྒྱུག་རན།།


ས་ལམ་ཉམས་རྟོགས་གཞི་རྩ་བླ་མ་ལ་ཐུག་ཚུལ།།

ཤ་སིམ་རུས་སིམ་གཏིང་ནས་ངེས་མྱོང་ཞིག་སྐྱེས་ན།།

ལཱ་ལི་ཏ་དང་ན་རོ་པན་ཆེན་དང་མི་ལ།།

རྭ་ལོ་ལྟ་བུར་ཟུང་འཇུག་ལག་རྩེ་ན་ཡོད་འདུག །


ཡ་ཡུད་རི་ལྟར་ཆེ་བའི་སྐྱིད་སྡུག་གི་འགག་ཕྲང།།

འ་ཅག་རྣམས་ཀྱི་དལ་རྟེན་ཡིད་བཞིན་གྱི་ནོར་བུ།།

ཟ་གོས་གསོན་རྐྱེན་འདི་ཡང་འཆི་རྐྱེན་དུ་གྱུར་ནས།།

ཞ་ལོང་གཡང་ཁ་འགྲིམ་ལྟར་ནམ་འཆི་ལ་ཆ་མེད། །


ལྦ་དང་ཁྱི་སོགས་གཅིག་ལ་གཅིག་ཟ་ཡི་ཐུབ་ཚོད།།

ཛ་ཛོར་ལས་ཅན་འགའ་ཞིག་བཀྲེས་སྐོམ་གྱིས་མནར་ཞིང་།།

ཚ་གྲང་བཟོད་གླགས་བྲལ་བའི་ངན་སོང་གི་སྡུག་བསྔལ།།

ཙཀྵུས་གཟུགས་ལྟའི་ཚུལ་མིན་རྒྱུད་སྟེང་དུ་སྒོམ་རན།།         


མ་ལུས་འགྲོ་བའི་སྐྱབས་མགོན་དཀོན་མཆོག་གསུམ་གྱི་ཞིང་དུ།།

བ་སྤུ་ཁོང་ནས་གཡོ་བའི་ཁྱོད་ཤེས་ཀྱི་དད་པས།།

ཕ་མ་ལུས་ཅན་དོན་དུ་སྐྱབས་སེམས་དང་ཚོགས་བསགས།།

པ་སངས་རྒྱུ་སྐར་གྲངས་ཀྱིས་བསྒྲུན་མེད་ཅིག་གསོག་རན།།


ན་རྒ་སྐྱེ་འཆིའི་རྒུད་པ་སྤྱི་ཁྱབ་ཀྱི་སྡུག་བསྔལ། ། 

ད་དུང་མི་འདོད་ཕྲལ་རྐྱེན་རང་ཐོག་ཏུ་བབས་འདི། ། 

ཐ་ཆད་སྔོན་བསགས་ལས་ངན་འབྲས་བུ་རེ་ཤེས་ནས། །

 ཏ་ལེར་རྒྱུ་འབྲས་སྤང་བླང་འཇུག་ལྡོག་གཅིག་བྱེད་རན། ། 


ཉ་གང་ཟླ་ལྟར་ཟླུམ་པའི་བདག་སྙིང་གི་བུམ་བཟང་། ། 

ཇ་ཞིམ་བདུད་རྩི་ལྟ་བུའི་བསླབ་གསུམ་གྱིས་བཀང་སྟེ། །

 ཆ་ཙམ་བདེ་བས་དབེན་པའི་སྲིད་མཚོ་ཡི་ཀློང་ནས། ། 

ཅ་ཅོ་ཁ་ཕོ་ཙམ་མིན་མྱུར་ཐར་ཞིག་བྱེད་རན། །


ང་རང་གཅིག་པུ་བདེ་འདོད་གཅེས་འཛིན་གྱི་འགོང་པོས།།

ག་འདྲ་བྱས་ཀྱང་ནམ་ཕུགས་ཕུང་བ་ལས་མེད་ན།།

ཁ་ཞེ་མཚུངས་པའི་གཞན་ཕན་ཁུར་འཁྱེར་གྱི་སེམས་མཆོག།

ཀ་བ་ལྟ་བུར་གཡོ་མེད་དྲང་བརྟན་ཞིག་སྐྱེ་རན།།


ཀ་ཤིའི་མདོག་ཀྱང་ཕམ་བྱེད་སེམས་དཀར་ཙམ་ཡོད་ཀྱང།།

ཨ་མ་རྒན་མོ་ཉམས་ཐག་མེ་དོང་དུ་ལྷུང་ལ།།

ཁ་ཡོད་ལག་ཡོད་ཕན་པའི་ལག་ལེན་ཞིག་མེད་ན།།

ཧ་ལམ་གཞན་དོན་ལྟ་ཅི་རང་དོན་ཡང་ཅི་ཆ།།


ག་རེ་ག་རེ་རང་སེམས་གཡེར་བག་གི་གླང་རྒོད།།

ས་རོང་ངན་རྟོག་རྩུབ་པའི་གཡང་ཁ་ན་རྒྱུག་འདི།།

ང་ཡིས་དྲན་པའི་ཞགས་པས་དམ་པོ་རུ་བཅིངས་ནས།།

ཤ་འཛིན་ལྟ་བུའི་ཤེས་བཞིན་ལྕགས་ཀྱུ་ཡིས་གཅུན་རན།།


ཅ་སིང་ཕུང་འཁྲོལ་རྩ་བ་དངོས་འཛིན་གྱི་གདོན་ཆེན།།

ལྭ་བ་ནག་པོས་བཀབ་འདྲའི་གཏི་མུག་གི་རྫུན་ཕུགས།། 

ཆ་ཤས་རྟེན་འབྱུང་རིགས་མཚོན་ཤན་འབྱེད་ཀྱིས་བརྟོལ་ནས།།

ར་སྤྲོད་སྣང་སྟོང་ཟུང་འཇུག་ངོ་མཚར་འདི་མཐོང་རན།། 


ཇ་ཕོར་གང་ཙམ་ཡུན་ལ་རྒྱང་རིང་གི་འཐོབ་བྱ།། 

 ཡ་མིན་ཟུང་འཇུག་བགྲོད་པའི་མྱུར་ལམ་གྱི་གསང་སྒོ།། 

ཉ་གང་ཟླ་ལྟར་དཀར་བའི་དབང་བཞི་ཡི་ཆུ་རྒྱུན།།  

འ་ཅག་སྒོ་གསུམ་སྒྲིབ་བཞི་དག་བྱེད་དུ་འཐུང་རན།། 


ཏ་ཐཱ་ག་ཏའི་དགོངས་པ་གཅིག་གྱུར་གྱི་བཀའ་རྟགས།།  

ཟ་འོག་རིས་ལྟར་བཀྲ་བའི་དམ་ཚིག་དང་སྡོམ་པ།།  

ཐ་ཤལ་ཉེས་པས་མ་གོས་དག་གཙང་དུ་སྲུང་སྟེ།།  

 ཞྭ་སེར་སྒྲུབ་རྒྱུད་བ་དན་མཐོན་པོ་རུ་འདེགས་རན།།


ད་ནི་སྐྱེ་ཤི་བར་དོ་སྲིད་འཁོར་གྱི་རྒྱུ་ལམ། །

ཝ་ལེར་ལམ་དང་འབྲས་བུའི་སྐུ་གསུམ་དུ་བསྒྱུར་ཏེ། །

ན་མེད་རྒ་མེད་རྡོ་རྗེའི་ལང་ཚོ་དེ་གྲུབ་ནས། །

ཛ་ཡའི་གསང་གསུམ་འཕྲིན་ལས་ཁྱབ་གདལ་དུ་སྤེལ་རན། །


 པ་ར་མི་ཏར་བཤད་པའི་སྟོང་ཉིད་ཀྱི་དགའ་མར། །

ཚ་ཚ་གཏུམ་མོའི་བདེ་དྲོད་བརྩེ་དགའ་དང་འགྲོགས་ཏེ། །

ཕ་མ་སྙོམས་འཇུག་ལྷན་སྐྱེས་བདེ་ཆེན་གྱི་གྲོང་དུ། ། 

མ་བུ་འོད་གསལ་འཕྲད་པའི་དགའ་སྟོན་དེ་གཏོང་རན། །


སྟོང་ལས་ཆེས་སྟོང་འོད་གསལ་མཁའ་དབྱིངས་ཀྱི་ཀློང་ནས།།

བཀྲ་ལས་ཆེས་བཀྲ་སྒྱུ་འཕྲུལ་འཇའ་ཚོན་གྱི་བཀོད་པ།།

ཡང་ནས་ཡང་དུ་འདབ་བརྒྱད་དྷུ་ཏི་རུ་བསྟིམས་པས།།

རྨོངས་ལས་ཆེས་རྨོངས་མ་རིག་སྦུབ་རྒྱ་འདི་གྲོལ་རན།།


དཔག་པར་དཀའ་བའི་གཏིང་ཟབ་སྲིད་མཚོ་ཡི་ནང་དུ།།

བཟོད་པར་དཀའ་བའི་སྣ་ཚོགས་ཟུག་རྡུ་ཡིས་མནར་རྣམས།།

འཇམ་དཔལ་དཔའ་བོའི་རིམ་གཉིས་གྲུ་གཟིངས་ལ་སྐྱོན་ནས།།

ཟུང་འཇུག་རིན་ཆེན་གླིང་དུ་འཁྲིད་པ་རང་ཤོག་ཅིག།།

 ——འདི་ཡང་བོད་རབ་བྱུང་ ༡༧ མེ་སྤྲེལ་ལོ་སྟེ།  སྤྱི་ལོ། ༢༠༡༦བོད་ཟླ་༩ ཚེས། ༩ཉིན་ནས་བོད་ཟླ་༡༡ཚེས། ༨ བར་ལ་འཇིགས་མཛད་དུས་དགྲའི་དབང་པོ་བཅུ་གསུམ་པའི་ལས་བསྙེན་ལ་སྡོད་སྐབས་གདན་ས་བཀྲ་ཤིས་ལྷུན་པོའི་གསང་སྔགས་རྒྱུད་གྲྭའི་སྒྲུབ་ཁང་དུ་དགེ་མིང་དཀའ་ཆེན་ཕུན་དབང་པས་ཐུན་མཚམས་ཤིག་ལ་བྲིས་པ་འདིས་ཀྱང་རང་གཞན་ཀུན་གྱི་བློ་སེམས་ཆོས་ལ་ཁུག་པའི་ཆ་རྐྱེན་དུ་གྱུར་ཅིག།  བཀྲ་ཤིས། ། 

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།