བླ་མ་རྗེས་སུ་དྲན་པ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2021-03-13 06:33:32     རྩོམ་པ་པོ།   འཇིགས་མེད་བློ་གྲོས།    ཀློག་ཐེངས།  

༄༅།། ཨོཾ་སྭ་སྟི། ཀ་དག་ཆོས་སྐུ་འགྱུར་མེད་མཁའ་དབྱིངས་ཀྱི་ཀློང་དུ།།

ཁ་དོག་འོད་བརྒྱ་འབར་བ་ཉི་གཞོན་གྱི་མདངས་འཛིན།།

ག་ལེར་འགྲོ་བའི་རེ་སྐོང་སྣང་གཏེར་གྱི་བླ་མ།།

ང་ཡི་སྤྱི་གཙུག་བདེ་ཆེན་འཁོར་ལོའི་དབུས་བཞུགས་ཤིག།

ཅ་ཅོའི་བརྗོད་བྲལ་དམ་ཆོས་ཁོ་ན་ཡི་གསུང་གིས།།

ཆ་ལུགས་ངེས་མེད་ཡིད་ཅན་འདོད་དོན་བཞིན་སྐོང་ཞིང་།།

ཇ་གོས་ཟས་ནོར་གཞན་ལ་ཕངས་མེད་དུ་སྦྱིན་པའི།།

ཉ་རྒྱས་ལྟར་དཀར་བླ་མའི་ཡོན་ཏན་དེ་དྲན་བྱུང་།།

ཏ་ཐཱ་ག་ཏའི་བསྟན་པའི་ཡང་སྙིང་གི་སྲོག་ཤིང་།།

ཐ་མལ་མི་ཡི་ཚུལ་འཛིན་གསུམ་ལྡན་གྱི་བླ་མ། །

ད་ལྟ་ཉིད་ཀྱི་སྲིད་གསུམ་དབང་སྒྱུར་གྱི་མཛད་བཟང་།།

ནཱ་རོ་པད་འབྱུང་ལྟ་བུའི་རྣམ་ཐར་དེ་དྲན་བྱུང་།།

པ་སངས་ལྟར་དཀར་གཞན་ཕན་སེམས་བསྐྱེད་ཀྱི་སྒོ་ནས།།

ཕ་མ་སེམས་ཅན་མཐའ་དག་སྡུག་བསྔལ་ལས་བསྒྲལད་ཅིང་།།

བ་མཆོག་འོ་མའི་བཅུད་བཞིན་རབ་དཀར་གྱི་བྱམས་བརྩེས།།

མ་ལུས་འགྲོ་ཀུན་བསྐྱངས་པའི་བཀའ་དྲིན་དེ་དྲན་བྱུང་།།

ཙ་རིའི་མཆེད་ཟླ་གནས་ཆེན་བྲག་དཀར་གྱི་མགུལ་འདིར།།

ཚ་ཟེར་མདངས་བཞིན་དཔག་ཡས་ཕན་བདེ་ཡི་རྩ་ལག།

ཛ་ཧུའི་བུ་མོའི་ཟབ་ཡངས་ཇི་བཞིན་གྱི་རྒྱལ་བསྟན།།

ཝ་ལེར་བཙུགས་པའི་ཐམས་མཁས་ཐུགས་རྗེ་དེ་དྲན་བྱུང་།།

ཞྭ་སེར་བདག་ཉིད་བློ་བཟང་རྒྱལ་བ་ཡི་རང་ལུགས།།

ཟ་མ་གཅིག་གི་ཡུན་ཡང་ཉམས་མེད་དུ་མཛད་པའི།།

འ་ཅག་རྡོ་རྗེ་འཆང་དབང་དཔལ་ལྡན་གྱི་བླ་མའི།།

ཡ་མཚན་མཛད་མཐའ་བྲལ་བའི་རྣམ་ཐར་དེ་དྲན་བྱུང་།།

ར་བ་བྲག་རིས་བསྐོར་བའི་སྤྲེལ་རྫོང་གི་གནས་འདིར།།

ལ་ལེར་ཙམ་མིན་ཐབས་ཤེས་ཟུང་འཇུག་གི་སྒོ་ནས།།

ཤཱ་རིའི་བུ་ལྟར་བདེན་པ་མངོན་སུམ་དུ་གཟིགས་པའི།།

ས་གསུམ་སྒྲོན་མེ་རྡོ་རྗེ་འཆང་དབང་དེ་དྲན་བྱུང་།།

ཧ་ལ་ཧ་ལཱའི་རྨད་བྱུང་གསང་གསུམ་གྱི་ཟློས་གར།།

ཨ་དོན་སྐྱེ་མེད་ཐུགས་མངའ་དྲིན་ཅན་གྱི་བླ་མར།།

བཅོས་མིན་རྩེ་གཅིག་སྙིང་ནས་གསོལ་བ་རང་བཏབས་ན།།

འཕྲལ་ཡུན་འདོད་དགུ་འབྱུང་བའི་དངོས་གྲུབ་མཆོག་སྩོལ་ཅིག།

རབ་བརྒྱན་སྐྱོད་བྱེད་ལོ་ཡི་ས་ག་ཡི་ཟླ་བའི།།

རབ་ཚེས་དཀར་ཕྱོགས་རྫོགས་པ་གསུམ་པ་ཡི་ཉིན་དེར།།

རབ་སྙན་སྡེབ་ལེགས་ཚིག་གི་སྦྱོར་བ་ཡིས་དབེན་ཡང་།།

རབ་ཏུ་དང་བས་བླ་མར་རྗེས་དྲན་ཞིག་བྲིས་སོ།། སརྦ་མངྒ་ལཾ།།

ཁོང་གི་སློབ་མའི་གྲལ་མཐའ་བ་འཇིགས་མེད་བློ་གྲོས་ཀྱིས། 

རྩོམ་པ་པོ་ངོ་སྤྲོད།

༧སྐྱབས་རྗེ་༧ཨ་རོལ་རིན་པོ་ཆེའི་རིགས་ཀྱི་ཅོད་པན་དམ་པ་སྦས་པའི་རྣལ་འབྱོར་བ་འཇིགས་མེད་བློ་གྲོས་ཚང་ནི་བིས་མདོ་ནགས་རྒན་སྡེ་བར་རབ་བྱུང་བཅོ་ལྔ་བའི་མེ་ཕོ་སྟག་སྟེ་ཕྱི་ལོ་1923ལོར་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ་ས་སྐྱའི་འཁོན་དཀོན་མཆོག་རྒྱལ་བོའི་རིགས་ལས་རྒྱུད་པའི་ཡབ་དཀོན་མཆོག་སྐྱབས་དང་ཡུམ་རིན་ཆེན་སྒྲོལ་མའམ་རིན་ཆེན་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།དགུང་ལོ་བཅུ་བཞེས་པ༼ རབ་བྱུང་བཅུ་དྲུག་པའི་ཤིང་མོ་ཕག་སྟེ་ཕྱི་ལོ1935ལོར་བྲག་དཀར་སྤྲེལ་རྫོང་དགོན་དུ་དགེ་བའི་བཤེས་གཉེན་རྗེ་ཨ་ལགས་དགེ་འདུན་ནམ་དགེ་འདུན་གྲགས་པ་ཚང་གི་མདུན་དུ་དགེ་འདུན་གྲངས་ཚང་བའི་དབུས་སུ་རབ་ཏུ་བྱུང་སྟེ་མཚན་ལ་འཇིགས་མེད་བློ་གྲོས་སུ་གསོལ། དེ་ནས་བཟུང་དགོན་པའི་འདོན་རྟ་དབྱངས་གསུམ་ལ་ཞིབ་པར་བསླབས། དགེ་བཤེས་བིས་མདོ་དཀོན་མཆོག་རྒྱལ་མཚན་ལས་ཞི་རྒྱས་དབང་དྲག་གི་ཐིག་དང་མཆོད་རྟེན་སོགས་ཀྱི་ཐིག་རྩ་བསླབས། དགེ་བཤེས་སངས་རྒྱས་རྒྱ་མཚོ་ལས་དབུ་ཅན་དབུ་མེད་ཀྱི་ཡིག་གཟིགས་དང་སུམ་རྟགས་དག་གསུམ་སྙན་ངག་སོགས་རིག་གནས་ཆུང་བ་ཀུན་ལ་བསླབས། དགེ་བཤེས་སྐུ་དཔོན་དགེ་ལེགས་རྒྱ་མཚོའི་སྤྱན་སྔ་ནས་ཚད་མའི་འཇུག་སྒོ་བསྡུས་གྲྭ་ནས་གཞུང་པོ་ཏི་ལྔ་ལ་རིམ་པར་བསླབས། 1981ལོར་དགོན་པའི་ཆོས་སྒོ་ཡང་བསྐྱར་ཕྱེས་པ་ནས་དགོན་པའི་འདོན་རྟ་དབྱངས་གསུམ་དང་ཚོགས་འཚོགས་ལུགས་དགེ་བསྐོས་ཀྱི་སྐྱབས་འཇུག་ཞུ་སྟངས་དང་ཚོགས་གཏམ་གཏང་སྟངས་སོགས་དགོན་པའི་གྲྭ་གསར་ཀུན་ལ་བསླབས། དགོན་པའི་ཕྱིའི་འཛུགས་བསྐྲུན་འདུ་ཁང་ཀ་བརྒྱ་མ་དང་མཆོད་རྟེན་བརྒྱད་པ་རྗེས་དྲན་མཆོད་རྟེན་སོགས་ཁོང་གིས་དབུ་མཛད་དེ་བཞེངས། 1991ལོར་སྐྱབས་རྗེ་ཨ་རོལ་སྐུ་ཕྲེང་བཞི་བའི་ཡོངས་འཛིན་དུ་ཨ་ལགས་ཆུ་ཀྱཱ་རིན་པོ་ཆེ་ནས་མངལ་གསོལ་མཛད། ཨ་རོལ་རིན་པོ་ཆེ་ནས་རྒྱུད་པའི་དགོན་པའི་ཚོགས་འདོན་ཆ་ཚང་དང་ཁོང་གི་བདེ་ལམ་སོགས་ཀྱི་ལུང་དགོན་པའི་གྲྭ་ཚང་ཀུན་ལ་ཡང་ཡང་གནང་། མདོར་ན་དགོང་ལོ་གོ་དྲུག་བཞེས་པའི་དེ་རིང་གི་བར་དུ་གཞན་དོན་འབའ་ཞིག་ལ་གཞོལ་བར་བཞུགས་པ་དེ་ལྟར་ལགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།

བརྒྱུད་འགོད།