ཀ་ཕྲེང་བསྒྲིགས་པའི་གླུ་ཆུང་།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-03-13 06:30:24     རྩོམ་པ་པོ།   འཇིགས་མེད་བློ་གྲོས།    ཀློག་ཐེངས།  

ཀ་ནས་དག་པ་བདེ་སྟོང་ཡེ་ཤེས་དང་།།

ཁ་སྦྱོར་བདུན་ལྡན་ལོངས་སྤྱོད་རྫོགས་པའི་དཔྱིད།།

ག་ནས་བརྟག་ཀྱང་ཟུང་འཇུག་རྡོ་རྗེ་སྐུ།།

ང་ཡི་གཙུག་རྒྱན་དཔལ་ལྡན་བླ་མར་འདུད།།

ཅ་ཅོས་དབེན་པའི་ཆོས་གཏམ་བདུད་རྩི་སྟེ།།

ཆ་ལུགས་སྤྱོད་ངན་ཁྱིམ་པ་སུན་འབྱིན་ཡིན།།

ཇ་བཟང་ཟས་མཆོག་ལུས་ཕུང་གསོ་བའི་བཅུད།།

ཉ་ཉུང་འདྲེས་པ་སྤྱོད་ཆེ་ཕོ་བར་ངན།།

ཏཱ་རེ་བཟླས་བརྗོད་ལ་སོགས་ཚེ་རིང་ཞིང་།།

ཐ་མ་ཁ་དང་ཆུང་གིས་དམྱལ་བར་འཕེན།།

ད་ལྟ་ཚུལ་ཁྲིམས་སྲུང་བ་མངོན་མཐོའི་རྒྱུ།།

ན་ཚོད་རྒས་ཀྱང་འཆི་བ་མི་དྲན་མཚང་།།

པ་སངས་ལྟར་དཀར་སེམས་ཀྱིས་གཞན་དོན་འགྲུབ།།

ཕ་མར་མི་བྱམས་བུ་དེ་ཕྱུགས་ལས་བླུན།།

བ་ལང་ར་ལུག་སྲོག་ཐར་ཚེ་རིང་རྒྱུ།།

མ་རབས་རྐུན་འཕྲོག་ཐར་བའི་ལམ་གྱི་བཀག།

ཙ་རི་གནས་སོགས་དབེན་བརྟེན་དམ་པའི་སྲོལ།།

ཚ་གྲང་ཁྱད་གསད་བུ་ལོན་དམྱལ་བའི་འགྲོན།།

ཛ་བ་ཆོས་མཐུན་འགྲོགས་པ་སྨན་གྱི་ལྗོན།།

ཝ་ཝེར་སྨྲ་མང་ཉེས་པ་བསྐྱེད་པའི་གཞི།།

ཞྭ་སེར་བསྟན་དང་མཇལ་བ་དགེ་སྒྲུབ་འབྲས།།

ཟ་འདོད་གྲོང་ཆོག་རང་གཞན་གཉིས་ཕོངས་གསུངས།།

འ་ཅག་བླ་མར་ཕྲད་པ་ལེགས་ཚོགས་གཞི།།

ཡ་ངའི་སྡིག་ལྟུང་མི་འཛེམ་ངན་སོང་འགྲོ།།

རྭ་ལྟར་རང་རྒྱུད་དུལ་བ་ཆོས་པའི་མཆོག།

ལ་ལུང་རྒྱལ་ཁམས་ཉུལ་བ་ནོར་སྐྱོང་དཔེ།།

ཤ་ཚའི་ཚིག་ཡིན་ཚིག་རྩུབ་ཡིན་ཡང་ཕན།།

ས་མཐར་འཁྱམས་རྒྱུ་མང་ན་རང་ཉིད་བརླག།

ཧ་ལོའི་དུག་ལྟར་ངན་གྲོགས་རྒྱང་དོར་ཏེ།།

ཨ་དོན་ཟབ་མོའི་ཐབས་ལ་འབད་པར་འཚལ།།

འགྲིགས་འགྲིགས་ཚིག་གི་སྦྱོར་བའི་ཀུན་ནས་དབེན།།

ཟབ་ཟབ་དོན་གྱི་སྙིང་བོ་ཅང་མ་མཆིས།།

རང་རང་འཕྲལ་དུ་སྣང་བ་སྤྲོ་དགའ་ཙམ།།

མྱུར་མྱུར་བྲིས་འདིས་ཀུན་ཀྱང་བདེ་འབྱོར་སྨོན།།

ཞེས་ཀ་ཕྲེང་བསྒྲིགས་པའི་གླུ་ཆུང་འདི་ནི་འཆི་ལ་རན་པའི་གོ་བཞིའི་རྒན་པོ་འཇིགས་མེད་བློ་གྲོས་སུ་འབོད་པས་ཏཱ་རེ་གསེར་གཞོངས་རང་སྤྱིལ་བསམ་གཏན་ཁང་ཆུང་ནས་བྲིས་པའོ།། སྤྱི་ལོ་༢༠༡༩/ཧོར་ཟླ་༦/༡༥ཉིན།

རྩོམ་པ་པོ་ངོ་སྤྲོད།

༧སྐྱབས་རྗེ་༧ཨ་རོལ་རིན་པོ་ཆེའི་རིགས་ཀྱི་ཅོད་པན་དམ་པ་སྦས་པའི་རྣལ་འབྱོར་བ་འཇིགས་མེད་བློ་གྲོས་ཚང་ནི་བིས་མདོ་ནགས་རྒན་སྡེ་བར་རབ་བྱུང་བཅོ་ལྔ་བའི་མེ་ཕོ་སྟག་སྟེ་ཕྱི་ལོ་1923ལོར་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ་ས་སྐྱའི་འཁོན་དཀོན་མཆོག་རྒྱལ་བོའི་རིགས་ལས་རྒྱུད་པའི་ཡབ་དཀོན་མཆོག་སྐྱབས་དང་ཡུམ་རིན་ཆེན་སྒྲོལ་མའམ་རིན་ཆེན་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།དགུང་ལོ་བཅུ་བཞེས་པ༼ རབ་བྱུང་བཅུ་དྲུག་པའི་ཤིང་མོ་ཕག་སྟེ་ཕྱི་ལོ1935ལོར་བྲག་དཀར་སྤྲེལ་རྫོང་དགོན་དུ་དགེ་བའི་བཤེས་གཉེན་རྗེ་ཨ་ལགས་དགེ་འདུན་ནམ་དགེ་འདུན་གྲགས་པ་ཚང་གི་མདུན་དུ་དགེ་འདུན་གྲངས་ཚང་བའི་དབུས་སུ་རབ་ཏུ་བྱུང་སྟེ་མཚན་ལ་འཇིགས་མེད་བློ་གྲོས་སུ་གསོལ། དེ་ནས་བཟུང་དགོན་པའི་འདོན་རྟ་དབྱངས་གསུམ་ལ་ཞིབ་པར་བསླབས། དགེ་བཤེས་བིས་མདོ་དཀོན་མཆོག་རྒྱལ་མཚན་ལས་ཞི་རྒྱས་དབང་དྲག་གི་ཐིག་དང་མཆོད་རྟེན་སོགས་ཀྱི་ཐིག་རྩ་བསླབས། དགེ་བཤེས་སངས་རྒྱས་རྒྱ་མཚོ་ལས་དབུ་ཅན་དབུ་མེད་ཀྱི་ཡིག་གཟིགས་དང་སུམ་རྟགས་དག་གསུམ་སྙན་ངག་སོགས་རིག་གནས་ཆུང་བ་ཀུན་ལ་བསླབས། དགེ་བཤེས་སྐུ་དཔོན་དགེ་ལེགས་རྒྱ་མཚོའི་སྤྱན་སྔ་ནས་ཚད་མའི་འཇུག་སྒོ་བསྡུས་གྲྭ་ནས་གཞུང་པོ་ཏི་ལྔ་ལ་རིམ་པར་བསླབས། 1981ལོར་དགོན་པའི་ཆོས་སྒོ་ཡང་བསྐྱར་ཕྱེས་པ་ནས་དགོན་པའི་འདོན་རྟ་དབྱངས་གསུམ་དང་ཚོགས་འཚོགས་ལུགས་དགེ་བསྐོས་ཀྱི་སྐྱབས་འཇུག་ཞུ་སྟངས་དང་ཚོགས་གཏམ་གཏང་སྟངས་སོགས་དགོན་པའི་གྲྭ་གསར་ཀུན་ལ་བསླབས། དགོན་པའི་ཕྱིའི་འཛུགས་བསྐྲུན་འདུ་ཁང་ཀ་བརྒྱ་མ་དང་མཆོད་རྟེན་བརྒྱད་པ་རྗེས་དྲན་མཆོད་རྟེན་སོགས་ཁོང་གིས་དབུ་མཛད་དེ་བཞེངས། 1991ལོར་སྐྱབས་རྗེ་ཨ་རོལ་སྐུ་ཕྲེང་བཞི་བའི་ཡོངས་འཛིན་དུ་ཨ་ལགས་ཆུ་ཀྱཱ་རིན་པོ་ཆེ་ནས་མངལ་གསོལ་མཛད། ཨ་རོལ་རིན་པོ་ཆེ་ནས་རྒྱུད་པའི་དགོན་པའི་ཚོགས་འདོན་ཆ་ཚང་དང་ཁོང་གི་བདེ་ལམ་སོགས་ཀྱི་ལུང་དགོན་པའི་གྲྭ་ཚང་ཀུན་ལ་ཡང་ཡང་གནང་། མདོར་ན་དགོང་ལོ་གོ་དྲུག་བཞེས་པའི་དེ་རིང་གི་བར་དུ་གཞན་དོན་འབའ་ཞིག་ལ་གཞོལ་བར་བཞུགས་པ་དེ་ལྟར་ལགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།