དབུ་ཞྭ་སེར་བོ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-12-05 22:34:39     རྩོམ་པ་པོ།   ལྷོ་མཐའི་སྤྲིན་པ།    ཀློག་ཐེངས།  


དེ་རིང་སྐྱེས་ཆེན་ཞིང་ལ་ཕེབས་པའི་དུས་མཆོད་རབ་ཏུ་འགངས་ཆེན་ཞིག །
དེ་རིང་ཡབ་གཅིག་རྒྱལ་བ་གཉིས་པའི་གཟུགས་སྐུ་དབྱིངས་སུ་འཐིམ་པའི་ཉིན། །
གནས་མཆོག་དགའ་ལྡན་དག་པའི་ཞིང་དུ་སེམས་དཔའ་ཆེན་མོ་ཕེབས་ཉིན་ཏེ། །
དེ་རིང་ཤུལ་ལུས་སློབ་ཚོགས་ཀུན་གྱིས་རྗེས་དྲན་བྱེད་པའི་ཉིན་མོ་རེད། །

ཐོས་པའི་གཞུང་ལུགས་གཏིང་མཐའ་བྲལ་བའི་རྒྱ་མཚོ་བཞིན་དུ་དཔག་ཚོད་དཀའ། །
ཐོས་དོན་ཐམས་ཅད་ཐུགས་དམ་མཐིལ་དུ་རི་དབང་ཇི་བཞིན་བརྟན་ཅིང་བརླིང་། །
ཐོས་བསམ་སྒོམ་པའི་ཡང་རྩེར་སོན་པའི་ཕ་རྒོད་བླ་མ་བློ་བཟང་གྲགས། །
ཡང་ཡང་དྲན་ཏེ་དད་པའི་ཆུ་འཛིན་བསིལ་རླུང་རྒོད་པོས་འགུལ་སྐྱོམ་བྱས། །

གདུལ་བྱའི་ཁམས་དང་བསམ་པར་བསྟུན་ཏེ་ཆོས་ཀྱི་ཆར་བ་བགྲངས་མེད་འཕྱོ། །
སྲས་ཀྱི་མཐུ་བོ་རྣམ་པ་གཉིས་སོགས་སྐྱེས་ཆེན་ལྗང་སྨྱུག་དུ་མར་བསྐྱངས། །
བཀའ་དྲིན་སྐུ་དྲིན་གཞལ་མཐའ་དཀའ་ཡང་ཆ་ཤས་ཙམ་རེ་མཇལ་བའི་མོད། །
བདུད་རྩིའི་ཐིགས་པ་ལན་ཅིག་མིད་པའི་ཚོར་སྐྱེན་བདག་ལ་ཐར་ཆགས་མཆིས། །

སྙིག་རྗེའི་བདག་པོ་སྤྱན་རས་གཟིགས་དང་ཤེས་རབ་ལྷ་སྐལ་འཇམ་པའི་དབྱངས། །
བདུད་ཀྱི་དཔུང་ཚོགས་མ་ལུས་འཇོམས་པའི་གསང་བའི་བདག་པོ་ལ་སོགས་ཀྱི། །
ངོ་བོར་དབྱེར་མེད་དགེ་སློང་རྣམ་ཅན་ཕ་གཅིག་རྗེ་བཙུན་ཙོང་ཁ་བས། །
གཞུང་ཆེན་ཀུན་ཀྱང་གདམས་པར་འཆར་ཚུལ་རྟོཊ་བརྗོད་ནང་ན་ཤིན་ཏུ་གསལ། །

དབུ་ཞྭ་སེར་བོ་སེར་བོ་གསེར་ཡིན་བསྲེག་བཅད་བརྡར་བའི་བཙོ་སྦྱངས་ཡིན། །
དབུ་ཞྭ་སེར་བོ་གསེར་གྱི་མདོག་ཡིན་དམར་སེར་དགེ་ལུགས་མཚོན་རྟགས་ཡིན། །
དབུ་ཞྭ་སེར་བོའི་སྲོལ་འབྱེད་ཁྱེད་ཡིན་དགའ་ལྡན་ཁྲི་བ་ཐོག་མ་ཡིན། །
ཁྱེད་ཀྱི་མཛད་བཟང་ཆུ་འཛིན་དཀར་པོས་གངས་ཀྱི་ལྗོངས་འདི་དཀྲིས་ནས་ཡོད། །

ཐུབ་བསྟན་ལུགས་བཟང་མཆོག་ཏུ་བཀུར་ཏེ་གཞོན་དུས་ཕ་མར་སོ་སོར་གྱེས། །
དབུས་ལམ་བཅད་པའི་ལོ་ཟླའི་ཁྲོད་ན་ཨ་མའི་དབུ་སྐྲ་དཀར་པོར་གྱུར། །
ཐུན་མོང་སྣང་ངོར་དཀའ་སྤྱད་མཛད་དེ་རྡོ་ཡི་མཎྜལ་ཕྱག་གིས་ཕྱེས། །
གང་ལ་ཕེབས་ཏེ་གང་ནས་བཞུགས་ཀྱང་ཉི་ཟླ་བཞིན་དུ་ལྷམ་མེར་གསལ། །

ཐ་མའི་ཞལ་ཆེམས་དངོས་སུ་འཕྲད་ཀྱང་ང་ལ་འདི་ལས་ལྷག་མེད་གསུངས། །
གཞུང་ཆེན་ཀུན་ལ་དག་ཐེར་མཛད་པའི་པོད་ཏི་བཅོ་བརྒྱད་ལྷང་ངེར་བཞུགས། །
ལོ་འཁོར་ཧྲིལ་བོ་ལྔ་བརྒྱ་གོ་དགུ་འདས་ཀྱང་ཞབས་རྗེས་སོ་ན་གནས། །
སྲིད་པའི་ལམ་གྱི་ཕར་མཐར་སོན་ཏེ་ཉིད་ཀྱི་རྟོགས་པ་ཀློང་དུ་རྡོལ། །

ལྟ་སྒོམ་སྤྱོད་གསུམ་གང་ནས་མཇལ་ཡང་ལྷད་འདྲེས་མེད་པས་ཨེ་མ་རྨད། །
དབང་རྟུལ་བློ་ཡིས་ཁྱེད་ཀྱི་ཡོན་ཏན་རྡུལ་ཕྲན་ཙམ་ཡང་གཞལ་དཀའ། །
བདག་དང་གཞན་དག་འཁོར་བར་འཁྱམ་པའི་ཉམ་ཐག་སེམས་ཅན་ཡོད་དོ་ཅོག །
འདི་ནས་བྱང་ཆུབ་མ་འཐོབ་བར་དུ་ཁྱེད་ཀྱི་ལམ་སྣ་ཟིན་པར་ཤོག །

རྗེ་བཙུན་བླ་མ་ཤར་ཙོང་ཁ་བ་ཆེན་མོ་བློ་བཟང་གྲངས་པ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམ་ནས་ལོ་འཁོར་ལྔ་བརྒྱ་གོ་དགུ་ལོན་པའི་རྗེས་དྲན་དུ་ལྷོ་མཐའི་སྤྲིན་པས་བྲིས་པ་དགེ་གྱུར་ཅིག་གུ།

  རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།