ཐར་ཤུལ་ཞབས་དྲུང་བློ་བཟང་མཁས་བཙུན་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་སྤྲུལ་སྐུ་མྱུར་འབྱོན་དད་པའི་གསོལ་འདེབས་ཞེས་བྱ་བ་བཞུགས་སོ༎

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-06-23 11:00:23     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

༄༅།།བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས༎

རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ༎

དངོས་གྲུབ་བདག་པོ་རྩ་བའི་བླ་མ་བཅས༎

དབྱེར་མེད་ཞབས་ཀྱི་པད་མོར་གུས་ཕྱག་འཚལ༎


མདོ་སྔགས་ཟུང་འབྲེལ་བློ་བཟང་རྒྱལ་བའི་བསྟན༎

དུས་ཀྱི་མཐའ་འདིར་འཛིན་པའི་ལྷག་བསམ་ཅན༎

མཁས་གྲུབ་རྒྱ་མཚོའི་རྗེས་སུ་འཇུག་པ་གང་༎

ཞི་བར་གཤེགས་པས་སྙིང་ལ་གདུང་བ་ལྕི༎


འོན་ཀྱང་བསྟན་དང་འགྲོ་བའི་ཁུར་འཛིན་པའི༎

དམ་བཅའ་བརྟན་པོ་ནམ་ཡང་མི་བརྗེད་པར༎

སྤྲུལ་སྐུ་ཉི་མ་གཞོན་ནུ་འཛུམ་པའི་སླད༎

དད་པས་གསོལ་བ་འདེབས་ལ་ཡུད་ཙམ་དགོངས༎


ཚུལ་ཁྲིམས་རྣམ་པར་དག་པའི་ལྗོན་པ་ལ༎

ཐོས་བསམ་སྒོམ་པའི་ལོ་འདབ་གཡུར་དུ་ཟ༎

ལྟ་སྒོམ་སྤྱོད་པའི་འབྲས་བཟང་གཡུར་ཟ་བའི༎

མཆོག་སྤྲུལ་སྨན་གྱི་ལྗོན་བཟང་འཁྲུངས་པར་ཤོག།


ཐོས་བསམ་སྒོམ་པས་རང་རྒྱུད་ཞི་ཞིང་དུལ༎

འཆད་རྩོད་རྩོམ་པས་གདུལ་བྱའི་རྨོངས་པ་སེལ༎

བཤད་སྒྲུབ་འཁོར་ལོ་གསུམ་ལ་རྟག་འཇུག་པའི༎

མཆོག་སྤྲུལ་ཉི་མ་གཞོན་ནུ་འཛུམ་པར་ཤོག།


བསླབ་པ་གསུམ་གྱིས་རང་རྒྱུད་གཙང་ཞིང་དག། 

མཁས་བཙུན་བཟང་བོས་གཅིག་ཏུ་སྒྲུབ་ལ་གཞོལ༎

ཆོས་བརྒྱད་བོར་བའི་བཀའ་གདམས་རྣམ་ཐར་སྐྱོང་༎

བསྟན་འགྲོའི་དཔྱིད་གྱུར་མཆོག་སྤྲུལ་འཁྲུངས་པར་ཤོག།


སྐྱེས་བུ་གསུམ་གྱི་ལམ་གྱིས་རྒྱུད་སྦྱངས་ནས༎

རིམ་པ་གཉིས་ཀྱི་རྟོགས་པ་མངོན་པར་རྒྱས༎

བློ་བཟང་རྒྱལ་བའི་བསྟན་པ་འཛིན་སྐྱོང་བའི༎

མཆོག་སྤྲུལ་དགེ་ལྡན་གསལ་བྱེད་འཁྲུངས་པར་ཤོག།


རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་༎

རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་༎

བདག་གི་ལྷག་བསམ་དག་པའི་བདེན་པ་ཡིས༎

བསམ་པའི་དོན་ཀུན་བདེ་བླག་འགྲུབ་པར་ཤོག།


ཅེས་ཐར་ཤུལ་ཞབས་དྲུང་བློ་བཟང་མཁས་བཙུན་རྒྱ་མཚོ་མཆོག་གི་དགོངས་པ་ཆོས་དབྱིངས་སུ་ཐིམ་པས་སྤྲུལ་སྐུ་མྱུར་འབྱོན་ཞིག་དགོས་ཞེས་དམ་པ་ཁོང་གི་ཉེ་གནས་ཐར་ཤུལ་དགོན་པའི་དགེ་སློང་ངག་་དབང་རྒྱ་མཚོ་མཆོག་དང་ཐར་ཤུལ་གྱི་དགེ་བཤེས་སྐལ་བཟང་རྒྱ་མཚོ་གཉིས་ཀྱིས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་གི་གཟུགས་བརྙན་ཙམ་འཛིན་པ་ཤེས་རབ་བསྟན་དར་གྱིས་རྭ་རྒྱ་བཀྲ་ཤིས་འབྱུང་གནས་སུ་རྩེ་གཅིག་ཏུ་སྨོན་པའོ༎


                                                                      རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།