རྗེ་བཙུན་གྲགས་པ་རྒྱ་མཚོའི་མཛད་རྣམ་གྱི་ཆ་ཙམ་བརྗོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-26 22:10:24     རྩོམ་པ་པོ།   དབུས་སྨྲ་བ།     ཀློག་ཐེངས།  


              ༄༅། །མཁྱེན་གཏེར་འཇམ་དབྱངས་དཀར་བོས་རྗེས་སུ་བཟུང་བའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་གྲགས་པ་རྒྱ་མཚོའི་མཛད་རྣམ་ཆ་ཙམ་བརྗོད་པ་གཟུར་གནས་མཁས་པ་དགྱེས་པའི་མཆོད་པ།

微信图片_20180326214459.jpg

 

མཚན་དཔེ་དཀྱིལ་འཁོར་འཛུམ་གྱིས་ཤར་བས་ཉི་མའི་འོད་ཀྱང་མོག་པོར་བསྒྱུར།།
ལུས་མེད་ཁྲག་ཁྲིག་བྱེ་བའི་ཆོ་འཕྲུལ་བྱམས་བརྩེའི་ཕྱག་རྒྱས་དམ་ལ་བཞག།
ཕྲ་རྒྱས་དཔུང་གི་གཤེད་དུ་བསྐོར་བའི་བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་མཛོད།།
སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་སྤྱི་གཙུག་འཁོར་ལོའི་རྒྱན་དུ་འབོད།།

མདོ་སྔགས་སྙིང་བོ་གངྒཱའི་ཆུ་བོ་རྣམ་དཔྱོད་རལ་བར་སིམ་པའི་བཅུད།།
རིགས་སྨྲ་སྐལ་ལྡན་ཤིང་རྟའི་ཆེད་དུ་ལུང་རིགས་སྤར་མོས་བཙུར་བའི་རྒྱུན།།
འགལ་འཁྲུལ་ར་རའི་དྲི་མ་དག་ཕྱིར་བློ་གྲོས་རྩལ་གྱིས་འབེབས་མཛད་པའི།།
སྔོན་མེད་ལུང་རིགས་རྩལ་གྱིས་སྙེམས་པའི་ལྷ་ཆེན་གྲགས་པ་རྒྱ་མཚོར་འདུད།།

མང་མང་རྒྱལ་བ་ཀུན་གྱི་ཐུགས་བཅུད་ཟབ་ཟབ་རྟེན་འབྱུང་སྟོང་བའི་དབྱིངས།།
དམ་དམ་ཀུན་རྫོབ་སྒྱུ་མའི་སྦུབས་ནས་གསལ་གསལ་ཚིག་གིས་ངོ་སྤྲད་ཚེ།།
ངེས་ངེས་ཟབ་མོ་སྟོང་བའི་རང་བཞིན་ལམ་ལམ་འཆར་རོ་སྙམ་བྱེད་པའི།།
མཁས་མཁས་དཀའ་གནད་འཆད་མཁས་ཁྱེད་ལ་དུང་དུང་སྙིང་ནས་ལན་བརྒྱར་འདུད།།

ལུང་རིགས་གཤོག་རྩལ་བརྐྱངས་པའི་གར་གྱིས་མདོ་སྔགས་ལྷ་ལམ་ཐད་ཀྱིས་གཅོད།།
ལོག་འཛིན་བྲང་འགྲོའི་རུ་ཚོགས་མ་ལུས་འཇིགས་མེད་རིགས་པས་གཟན་དུ་བྱེད།།
རྣམ་དཔྱོད་རིགས་པའི་ཁོ་ལག་རྫོགས་པའི་གཤོག་ལྡན་ཡོངས་ཀྱི་ལམ་སྟོན་པའི།།
རྒྱ་ཆེན་བསྟན་པ་ནམ་མཁའི་རྒྱན་གཅིག་སྔོན་མེད་ཁྱུང་ཆེན་ཁྱོད་ཕྱག་འཚལ།།

དྲང་སྲོང་བཀའ་ཡིས་བཏབ་པ་མིན་པར་བསླབ་གསུམ་རི་བོང་མཚན་མས་མཛེས།།
བླུན་པོས་འུད་ཀྱིས་བཀྱགས་པ་མིན་པར་མཁྱེན་རབ་རྩལ་གྱིས་མཁའ་ལ་འཕགས།།
རྒན་པོས་གནའ་གཏམ་བསྒྲིགས་པ་མིན་པར་དགག་དང་སྒྲུབ་པའི་བསིལ་ཟེར་འཕྲོ།།
ཡོན་ཏན་དཀྱིལ་འཁོར་ཀུན་ནས་རྫོགས་པའི་ཟླ་བ་དཀར་བོ་ཁྱོད་ཕྱག་འཚལ།།

གསེར་མདོག་ཅོད་པན་འཆང་བའི་རང་ལུགས་གངས་དཀར་ལྷུན་པོའི་རི་སུལ་ནས།།
ལེགས་འོང་བཞད་པའི་རྡོ་རྗེའི་ལེགས་བཤད་ཆུ་ཀླུང་འབུམ་ཕྲག་འཁྱིལ་བའི་ནང་།།
འཆད་རྩོད་རྩོམ་པའི་གདེངས་ཀ་འབར་བའི་ཟླ་མེད་ཀླུ་དབང་དཀར་བོ་ཁྱོད།།
ཐུབ་བསྟན་མཛེས་པའི་དཔལ་དུ་ཕེབས་པ་ལྟ་སྒོམ་དག་པའི་རྒྱན་དུ་ཆེ།།

ལུང་རིགས་གཡུ་རལ་གསིག་པའི་སེང་ཆེན་མདོ་སྔགས་གངས་ཀྱི་རི་ལ་འགྱིང་།།
རྩོད་མཁས་རྒྱ་སྟག་དར་མའི་ངར་སྐད་རིགས་འཕྲུལ་ནགས་མའི་ཀློང་ནས་སྒྲོག།
ལེགས་བཤད་ལྷ་ལམ་འཕྲུལ་གྱིས་གཅོད་པའི་ཁྱབ་མཐའི་ཁྱུང་ཆེན་རྩལ་གྱིས་འཕུར།།
བཤད་སྒྲུབ་གཡུ་འབྲུག་སྔོན་མོའི་གྲགས་སྙན་གུས་རྟག་བརྩོན་པའི་དབྱིངས་ན་ལྡིར།།

རྒོལ་བའི་ཀླད་རྒྱ་ཅིག་ཅར་འགེམས་མཛད་རྩོད་པའི་ཐོག་ཞགས་ལྡིར་གྱིས་འཕེན།།
རིགས་སྨྲ་དགྱེས་པའི་ལེགས་སྐྱེས་དམ་པ་པོད་ལྔའི་དཀའ་གནད་འཆད་མེད་བྱོ།།
ལུང་རིགས་གློག་གི་འོད་ཀྱིས་སྒེག་པའི་ལེགས་བཤད་འབྲུག་གི་སྒྲ་དང་བཅས།།
རིགས་པའི་མངལ་འཛིན་འདུས་པའི་ཚོགས་ཀུན་མཉེས་པའི་དབྱངས་སྙན་བར་མེད་ལྡིར།།

དགག་སྒྲུབ་རིགས་པའི་མཚོན་ཆ་རྣོན་པོས་བདེན་འཛིན་དམ་པོའི་དཔུང་ཚོགས་གཏོར།།
ཕྲ་རགས་དགག་བྱའི་དབྱེ་མཚམས་མ་ལུས་མུ་བཞིའི་འཕྲུལ་གྱིས་གསལ་ལེར་ཕྱེ།།
མདོ་རྒྱུད་ལེགས་བཤད་རྒྱ་མཚོའི་ཀླུང་ནས་ནོར་བུའི་སྙིང་བོ་བླངས་ནས་འདོམས།།
པོད་ལྔའི་གནད་ལ་སྒྲོ་འདོགས་གཅོད་པའི་རྣམ་དཔྱོད་འོད་ཀྱི་རྩེ་དགའ་འཁྱུག།

མཁས་རྣམས་རིགས་པས་དྲི་གཏུགས་མཛད་པའི་ལེགས་བཤད་རྒྱལ་མཚན་སྟོབས་ཀྱིས་བསྒྲེངས།།
ཟབ་དོན་འགྲོལ་བའི་མཁྱེན་རབ་རལ་གྲིས་འཆིང་བ་བརྒྱ་ཕྲག་དུམ་བུར་གཏུབས།།
རིག་པའི་མེ་ཏོག་བཅུད་ཀྱིས་གསོས་པའི་མཁས་རློམ་གླང་བོའི་ཀླད་རྒྱ་འགེམས།།
གཞུང་ཆེན་སེང་དཀར་འོ་མས་སྙེམས་པའི་རིགས་སྟོབས་རྫོགས་པའི་གདོང་ལྔ་འབར།།

དབུ་ཕར་ཚད་མ་ཕྱོགས་རིས་ཙམ་མིན་པོད་ལྔ་སྔགས་བཅས་ཕ་མཐར་ཕྱིན།།
མདོ་སྔགས་རེ་རེའི་ཚིག་འགྲེལ་ཙམ་མིན་དོན་གྱི་འགག་མདོ་རྩལ་གྱིས་བཀྲལ།།
གྲུབ་མཐའ་སོ་སོའི་ཕྲ་རགས་དགག་བྱ་དཔྱད་པ་ཕྲ་མོས་གསལ་ལེར་འབྱེད།།
འཇམ་མགོན་བླ་མའི་ཡང་དག་ལྟ་བར་དཔྱད་པའི་བློ་སྟོབས་ཀུན་ནས་རྫོགས་།།

ཡིག་རྨོངས་སེལ་བའི་ལས་ཙམ་མ་ཡིན་བསྟན་པ་དགག་སྒྲུབ་རིགས་པས་སྤེལ།།
གནག་རྫིས་བཞག་པའི་ཁྲི་ཙམ་མ་ཡིན་མཁས་པ་མཁས་པའི་ཁྲོད་ལས་བུད།།
ཚིག་སྐམ་རྒྱན་གྱིས་སྤྲས་ཙམ་མ་ཡིན་མདོ་སྔགས་གཞུང་གི་གནད་གསེད་པའི།།
རྒྱ་གར་པཎ་གྲུབ་མཁས་པའི་ལུགས་བཞིན་དགག་སྒྲུབ་རིགས་པའི་དཔལ་གྱིས་བརྗིད།།

ཁ་བདེ་ལྕེ་རྣོན་གྲོང་ཆོས་མཁན་ལྟར་ཚུལ་འཆོས་སྤྱོད་པ་མ་མཛད་པས།།
བླུན་པོ་མནག་རྫི་སྟོང་གི་ཁྲོད་ན་གྲགས་པའི་མཚན་སྙན་མེད་ན་ཡང་།།
དགག་སྒྲུབ་ཚུལ་གསུམ་རིགས་པའི་སྟོབས་ཀྱིས་བཤད་སྒྲུབ་བསྟན་པ་འཛིན་པའི་ཚོགས།།
གཟུར་གནས་མཁས་པ་འབུམ་གྱི་དབུས་ན་ཁྱེད་ཀྱི་སྙན་པ་དགུང་ལས་མཐོ།།

བསྟན་པའི་དེ་ཉིད་རིགས་པས་མ་བཙལ་བྲག་ཅའི་མིང་སྟོང་སྤུར་བ་དང་།།
ལེགས་བཤད་རིན་ཆེན་གསེར་གྱི་རྒྱལ་མཚན་ལུང་རིགས་སྟོབས་ཀྱིས་མ་བསྒྲེངས་པར།།
བསྟན་འཛིན་སེང་གེའི་ཁྲི་ལ་འགྱིང་བའི་གྲོང་ཆོས་མཁན་པོ་རྫིག་པོ་ཚོས།།
ནམ་ཡང་འགྲན་མེད་རིགས་པའི་སེང་ཆེན་ཁྱེད་ཀྱི་ངར་སྐད་ཡལ་མེད་ཡིན།།

བཤེས་གཉེན་ཁོང་ལ་བསྟོད་པའི་གཏམ་འདི་སྒྲོ་བཏགས་ཚིག་གི་ཤོམ་ཡིན་མིན།།
མདོ་སྔགས་ལེགས་བཤད་བཤད་ཁྲིད་བགྱིས་པའི་དུས་ཚོད་སྟོང་གི་ཡུན་ཚད་ཅན།།
འོད་སྡེར་དག་ལ་ལེགས་པར་གསོན་དང་ཚིག་ཙམ་མ་ཡིན་དཀའ་བའི་གནད།།
ཕྲ་ཞིབ་རིགས་བརྒྱའི་འཕྲུལ་གྱིས་བསེད་པའི་གསུང་གི་ང་རོས་བདེན་དཔང་བྱེད།།

ལུང་རྟོགས་ནོར་བུའི་གཏེར་མཛོད་གང་གི་ཡོན་ཏན་ཆ་ཙམ་བརྗོད་པའི་མཐུས།།
ངེས་དོན་བསྟན་པའི་རྩ་ལག་མཆོག་དང་ཚེ་རབས་ཀུན་ཏུ་འབྲལ་མེད་ཤོག།
ཚུལ་འཆོས་སྤྱོད་པའི་དྲི་མི་མངའ་བའི་རྣམ་དག་ཁྲིམས་དང་ལྡན་གྱུར་ཅིག།
ཕྱོགས་རེས་ཐོས་པས་ཚིམ་པ་མེད་པར་ལྔ་རིག་གནས་ལ་དབང་འབྱོར་ཤོག།

འཆད་པ་ཉིན་བྱེད་སྟོག་ཕྲག་སྤྲོས་པས་རེ་བའི་པདྨོ་འབུམ་འབྱེད་ཤོག།
རྩོད་པ་ལུང་རིགས་གདོང་ལྔ་འབར་བས་ཕས་རྒོལ་གླང་བོའི་ཀླད་འགེམས་ཤོག།
རྩོམ་པ་ལེགས་བཤད་བདུད་རྩིའི་བཅུད་ཀྱིས་མཁས་ཀུན་དགའ་བའི་དཔལ་ཐོབ་ཤོག།
རབ་འབྱམས་གསུང་གི་སྒོ་མོ་ཕྱེས་ནས་སྐྱེ་རྒུའི་འདྲེན་པ་མཆོག་ཐོབ་ཤོག།

ཕྲག་དོག་གནོད་འཚེའི་ཚིག་གི་མདའ་མོ་བྱམས་པའི་སྟོབས་ཀྱིས་དང་བླངས་ནས།།
ཞི་འཇམ་ལྷོད་ཀྱི་རང་ཚུགས་བརྟན་པོས་སར་གནས་རྣམ་ཐར་ཟིན་པར་ཤོག།
ལམ་སྟོན་བཤེས་གཉེན་དམ་པ་མཐའ་དག་བཀའ་བཞིན་སྒྲུབ་པས་མཉེས་བྱས་ནས།།
ས་ལམ་རྟོགས་པ་རིམ་པར་བགྲོད་དེ་ཞི་བ་མཆོག་གི་དཔལ་ཐོབ་ཤོག།

          ༧ ཅེས་མཁྱེན་གཏེར་འཇམ་དབྱངས་དཀར་བོས་རྗེས་སུ་བཟུང་བའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་གྲགས་པ་རྒྱ་མཚོའི་མཛད་རྣམ་ཆ་ཙམ་བརྗོད་པ་གཟུར་གནས་མཁས་པ་དགྱེས་པའི་མཆོད་པ་ཞེས་པ་འདི་ནི་མགོན་པོ་གང་གི་ཞབས་རྡུལ་སྤྱི་བོས་རེག་ཅིང་གསུང་གི་བདུད་རྩི་མྱངས་པའི་སྐལ་བ་ཅན་དབུས་སྨྲ་བས་རང་སྤྱིལ་ལུང་རིགས་ཚོལ་བའི་ལྡིང་ཁང་ནས་བྲིས་པ་དགེ་ལེགས་འཕེལ། སརྦ་མངྒ་ལཾ།

                                                                                    རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
         གསལ་འདེབས།
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།