རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་མཛད་རྣམ་རགས་ཙམ་གླེང་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-26 22:00:34     རྩོམ་པ་པོ།   དབུས་སྨྲ་བ།    ཀློག་ཐེངས།  

        ༄༅། །ཐུབ་དབང་བསྟན་པའི་སྙིང་བོ་ལུང་རིགས་ཀྱི་ལམ་ནས་གསལ་བར་བྱེད་པའི་ངེས་དོན་གྱི་མཁས་པའི་དབང་བོ་རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་མཛད་རྣམ་རགས་ཙམ་གླེང་བ་ཐར་འདོད་དཔའ་བོའི་སྙིང་ནོར།
微信图片_20180326214536.jpg

ཨོཾ་བདེ་ལེགས་སུ་གྱུར་ཅིག
བརྒྱད་ཁྲི་བཞི་སྟོང་ཆོས་ཚུལ་མ་ལུས་མདོ་སྔགས་ལེགས་བཤད་ཐམས་ཅད་ཀྱི།།
ཚིག་དང་དོན་གྱི་གཏེར་ཁའི་མཛོད་གྱུར་གསེར་རྒྱལ་ལྷུན་པོ་བསྒྲིགས་པ་ཡི།།
བཀྲ་ཤིས་འཁྱིལ་གྱི་ལྷུན་པོ་གཅིག་གི་ཁོང་དུ་སྦས་པའི་གཏེར་བླངས་ནས།།
ཆེར་རློམ་མཁས་པའི་མདུན་སར་བཤམ་གྱི་གཟུ་བོའི་མིག་ཟུང་ཕྱེས་ལ་ལྟོས།།

རྣམ་དཔྱོད་རྭ་ཁ་བརྡར་བའི་འབྲས་རྟགས་ཕྲ་ཞིབ་བློ་ཡི་གཞུ་མོའི་སྟེང་།།
དབུ་ཚད་སེང་གེ་འགྱིང་བསྣོལ་བྱས་པའི་རིགས་ལམ་མདའ་མོའི་སྣེ་བཞག་ནས།།
ཀུན་ལྷན་ཕན་ཚུན་འཐབ་པའི་དཔང་གི་སྲོག་རྩ་གཅོད་པའི་འཕོང་སྐྱེན་མཁན།།
རྩོད་རིགས་སྨྲ་བའི་སྲིད་སྒྲུབ་ཆེན་པོ་གུང་ཐང་བློ་གྲོས་གཙུག་གིས་མཆོད།།

བདེན་པའི་ལམ་ལ་དྲང་བོའི་མིག་གིས་ཧྲིག་ཧྲིག་བགྲད་ནས་གཟིགས་མཁན་གྱི།།
བློ་གསལ་བྱིས་པའི་མིག་དཔེར་འོས་པ་སློབ་གཉེར་མཁན་པོ་ཁྱེད་ལྟ་བུས།།
གུས་རྟག་སྦྱོར་བ་ལྷོད་མེད་གནང་སྟེ་རྒྱ་ཆེ་གཏིང་ཟབ་ལེགས་བཤད་ལ།།
འཆད་རྩོད་རྩོམ་པ་དོན་ཡོད་བགྱིས་པའི་ཚུལ་འདིར་དགའ་དད་སྤྲོ་བས་འཇུག།

གུང་ཐང་བླ་མའི་ཕྱག་མཛོད་ཐོབ་ཀྱང་མཆིལ་མའི་ཐལ་བཞིན་རྒྱབ་ཏུ་གཡུགས།།
གུང་ཐང་བླ་མའི་རིགས་ཀྱིས་ཆེ་ཡང་ཆེ་མཐོའི་ཁེངས་དྲེགས་རྩ་ནས་དོར།།
གུང་ཐང་བླ་མའི་ནོར་གྱི་མཛོད་ལས་རྡོ་ཐོག་བྱ་འཕུར་བཞིན་བྱས་ནས།།
གུང་ཐང་བློ་གྲོས་ཞེས་བྱའི་མཚན་སྙན་གྲགས་པ་དོན་ལྡན་མཛད་དེར་འདུད།།


བཤེས་གཉེན་ལམ་གྱི་སྲོག་ཏུ་བཟུང་ནས་ཐར་ལམ་ཐེག་པའི་སྣེ་མོར་འཇུས།།
བསྡུས་གྲྭ་ནས་བཟུང་སྔགས་ཀྱི་བར་དུ་ལྷོད་མེད་དཀའ་ཐུབ་ཚད་མེད་བཞེས།།
ཉིན་མཚན་སྦྲེལ་ནས་ཙོག་པུར་བཞུགས་ཏེ་ལེགས་བཤད་ཆོས་ཀྱི་དགོངས་དོན་བཙལ།།
ལྟོ་སྐྱ་གོས་ཧྲུལ་དམན་ས་བཟུང་སྟེ་གཞུང་ལུགས་སྨྲ་བའི་ཉི་མར་གྱུར།།

སྨྲ་བའི་ཁྱུ་མཆོག་དགེ་འདུན་དཔལ་བཟང་དད་པས་བསྟེན་ཏེ་དེ་ཡི་དྲུང་།།
མཆིམས་མཛོད་མངོན་པའི་རྒྱན་ཞེས་བྱ་བ་དོགས་ཁྲིད་ཚར་བདུན་ཞུས་པས་མཚོན།།
དང་བོར་རྒྱ་ཆེན་ཐོས་པ་བཙལ་ཚུལ་གུས་རྟག་བརྩོན་འགྲུས་བགྱིས་ཚུལ་སོགས།།
བསམ་གྱིན་བསམ་གྱིན་ཁྱེད་ཀྱི་སྙིང་སྟོབས་བསམ་པའི་ཡུལ་ལས་འདས་ནས་འགྲོ།།

བྱམས་ཆོས་བཞི་དང་པོཏ་ལྔའི་རྩ་བ་འདུལ་མཛོད་ཕར་ཕྱིན་སྡོམ་ཚིག་གསུམ།།
འགྲེལ་ཆུང་དོན་གསལ་གསང་འདུས་རྩ་རྒྱུད་འཇིག་ཊཱིཀ་གསལ་བའི་མེ་ལོང་དང་།།
གྲུབ་མཐའི་རྣམ་བཞག་གདོང་ལྔའི་སྒྲ་དབྱངས་དྲང་ངེས་ལེགས་བཤད་སྙིང་བོ་སོགས།།
གཞུང་ཆེན་བཅུ་བདུན་ཆག་མེད་མཛད་ཅིང་ཐུགས་ནས་སྐྱོར་དེ་ཨེ་མ་མཚར།།

ལྷ་དང་བླ་མ་དབྱེར་མེད་བསྒོམ་ཞིང་དཀའ་སྤྱད་དྲག་པོས་ཚོགས་བསགས་ནས།།
གུས་རྟག་སྦྱོར་བས་དཔྱད་ཞིབ་ཕྲ་མོ་ལེགས་བཤད་རྒྱ་མཚོའི་འཇིང་ལ་ཞུགས།།
དེ་ལྟར་སུམ་སྒྲིལ་གདམས་པ་ཟབ་མོ་སྐུ་ཚེའི་ཚད་དང་སྙོམས་པའི་མཐུས།།
གཟུང་སྤོབས་ཏིང་འཛིན་རྟོགས་པ་བརྙེས་ཞེས་མི་འཇིགས་སེངྒེའི་གདངས་ནས་བསྒྲགས།།

བཤད་དང་སྒྲུབ་པ་ཟུང་དུ་སྦྲེལ་ནས་བསྟན་པའི་གདུགས་དཀར་གྱེན་ལ་བཏེགས།།
འཆད་རྩོད་རྩོམ་པའི་གཟི་འོད་ངོམས་ནས་སྐུ་ཚེ་ལེགས་བཤད་ནང་ལ་བསྟིམས།།
ཟབ་གསལ་མྱུར་བའི་ཤེས་རབ་ཡོད་ཚད་མདོ་སྔགས་གནད་བརྒྱ་གསེད་ཕྱིར་བཀོལ།།
ལེགས་བཤད་ཉི་མའི་དཀྱིལ་འཁོར་ལྟ་བུ་ཕྱི་རབས་གདུལ་བྱའི་ཆེད་དུ་བརྩིགས།།

ཕྱོགས་གླང་གྲགས་པའི་ཐུགས་བཅུད་ཟབ་མོ་མདོ་དང་སྡེ་བདུན་རིགས་པའི་མེ།།
བརྒལ་བརྟག་རྩོད་པའི་རླུང་གིས་སྦར་བ་ཀུན་མཁྱེན་ཚད་མའི་ལེགས་བཤད་རྣམས།།
ལུང་རིགས་སྣུམ་གྱིས་སྣོན་པ་བྱས་ཏེ་རིགས་པའི་མེ་དཔུང་མཆེད་པ་ཡི།།
ཚད་མའི་དཀའ་གནད་མཐའ་དཔྱད་གཉིས་ཀྱིས་ཁྱེད་ཀྱི་འཕྲིན་ལས་སྤེལ་གྱིན་ཡོད།།

ཡུམ་གྱི་སྦས་དོན་མངོན་རྟོགས་རིམ་པ་སྦྱོར་བཞིས་ཉམས་སུ་ལེན་ཚུལ་ཙམ།།
མ་ཡིན་ལུང་རིགས་དགག་སྒྲུབ་ལམ་ནས་གསལ་ལེར་བཀྲལ་བའི་ལེགས་བཤད་ཆེ།།
སྒོ་མང་ཕར་ཕྱིན་ཡིག་ཆའི་ཟུར་རྒྱན་མཐའ་དཔྱོད་རིན་ཆེན་སྒྲོན་མེ་ཞེས།།
ཕྲ་ཞིབ་འབྱེད་མཚམས་གསལ་བའི་གཞུང་འདིས་ཁྱེད་ཀྱི་འཕྲིན་ལས་སྤེལ་གྱིན་ཡོད།།

དབུ་སེམས་རིགས་པའི་དྲང་ངེས་འབྱེད་ཚུལ་ལྕགས་གཞུ་ལྕགས་མདའ་ལྟ་བུའི་གཞུང་།།
ཀུན་མཁྱེན་མཆོག་དང་བསྟན་པའི་སྒྲོན་མེས་རྣམ་དཔྱོད་སོར་མོས་བཀུགས་ཚུལ་དང་།།
ཕྱོགས་སྔའི་འབེན་དང་རང་ལུགས་འབྱེད་མཚམས་ཚིག་གིས་གསལ་བར་ཐོན་པའི་སྒོས།།
རྩལ་གྱིས་བཀྲལ་བའི་རིན་ཆེན་སྒྲོན་མེས་ཁྱེད་ཀྱི་འཕྲིན་ལས་སྤེལ་གྱིན་ཡོད།།

མདོ་དང་རྒྱན་གྱི་དགོངས་དོན་གསལ་བྱེད་ལེགས་བཤད་གསེར་གྱི་ཕྲེང་བ་ཡི།།
རྒྱ་བོད་པཎ་གྲུབ་སོ་སོའི་བཞེད་མཚམས་མ་འདྲེས་སྤུ་རིས་ཕྱེད་པའི་གཞུང་།།
འགྲེལ་མཆན་ཀུན་བཟང་ཞིང་གི་ཉི་མ་ཐར་འདོད་སྙིང་གི་མུན་སེལ་འདི།།
ལེགས་བཤད་སྤྱི་ནོར་དམ་པར་གྱུར་ནས་ཁྱེད་ཀྱི་འཕྲིན་ལས་སྤེལ་གྱིན་ཡོད།།

འཁོར་བའི་གནས་ལས་གྲོལ་བྱེད་མཐར་ཐུག་སྟོང་ཉིད་རྟོགས་པའི་དབུ་མའི་ལམ།།
དགག་སྒྲུབ་རིགས་པས་ཞུར་ཐར་བཅད་པའི་དབུ་མ་ལུང་རིགས་གཏེར་མཛོད་ཀྱི།།
དགོངས་དོན་གསལ་བའི་ཉིན་བྱེད་སྣང་བ་ཟབ་ལམ་ལྟ་བའི་མིག་འབྱེད་འདིས།།
དབུ་མར་མཁས་པའི་གཟུར་ཁྲོད་ན་ཁྱེད་ཀྱི་འཕྲིན་ལས་སྤེལ་གྱིན་ཡོད།།

ཆོས་མངོན་མཛོད་ཀྱི་དགོངས་འགྲེལ་ཆེན་མོ་མངོན་པའི་རྒྱན་མཆོག་མཆིམས་མཛོད་དང་།།
མངོན་པ་མཛོད་ཀྱི་མཐའ་དཔྱོད་ཆེན་མོ་ཐུབ་བསྟན་ནོར་བུའི་གཏེར་མཛོད་ཀྱི།།
དཀའ་གནད་ཟུར་དུ་བཀྲལ་བའི་ལེགས་བཤད་བརྗེད་བྱང་རིན་ཆེན་སྒྲོན་མེ་འདིས།།
མཛོད་ལ་མཁས་པའི་བློ་གསལ་ཁྲོད་ན་ཁྱེད་ཀྱི་འཕྲིན་ལས་སྤེལ་གྱིན་ཡོད།།

བསྟན་པའི་ནང་མཛོད་སྟོན་པའི་གདུང་འཚོབ་འདུལ་བ་འབུམ་སྡེའི་གཞུང་གི་བཅུད།།
འདུལ་བའི་དཀའ་གནས་རྣམ་པར་དཔྱད་པ་འཁྲུལ་སྤོང་བློ་གསལ་མགུལ་རྒྱན་གྱི།།
ཕྲ་རགས་ཞིབ་ཆ་འབྱེད་མཚམས་གསལ་བའི་ཙིནྟ་མ་ཎིའི་ཕྲེང་མཛེས་འདིས།།
ཆོས་འདུལ་ལག་ལེན་བྱེད་པའི་དབུས་སུ་ཁྱེད་ཀྱི་འཕྲིན་ལས་སྤེལ་གྱིན་ཡོད།།

སྨྲ་བའི་ཁྱུ་མཆོག་ཀླུ་སྒྲུབ་ཡབ་སྲས་ཕྱོགས་གླང་གྲགས་པའི་གཏན་ཚིགས་སོགས།།
སྒྲུབ་དང་སུན་འབྱིན་ཚད་མའི་སྟོབས་ཀྱིས་ཐེ་ཚོམ་རྩ་ནས་མ་ཆོད་ཚེ།།
ལུང་དོན་ལེགས་པར་འབྱེད་མི་ནུས་པ་འདམ་གྱི་ཕུར་བུ་བཞིན་འགྱུར་ཞེས།།
གསུངས་ཕྱིར་ཁྱེད་ནི་དེ་ལས་བཟློག་པས་བསྟོད་ན་བསྟོད་རིན་ཁྱེད་ལ་ཡོད།།

བླུན་པོའི་འཁོར་མང་སྡུད་པའི་ཞགས་པ་བླུན་པོའི་ཚོགས་ལ་བཏབ་པ་མེད།།
འགལ་འདུའི་ཚིག་གི་འཁོར་ལོ་སྐོར་བཞིན་མཁས་པའི་སྙན་པ་ཚོལ་བ་མེད།།
ཟེར་སྒྲོས་མ་ཎིའི་གྲངས་ཀ་བགྲངས་ཏེ་སྒྲུང་གིས་ཉི་མ་ཕུད་པ་མེད།།
འཇམ་མགོན་བླ་མ་བློ་བཟང་གྲགས་པའི་རྗེས་འཇུག་ཟེར་ན་ཁྱེད་འདྲ་དགོས།།

གཞན་ལ་ཕྲག་དོག་དུག་གི་མདའ་མོ་ལྐོག་ནས་འཕེན་པའི་གཡོ་སྒྱུ་མེད།།
རང་ལ་ཆེ་བཟོ་བཀུར་བསྟིའི་ཆེད་དུ་ཚུལ་འཆོས་སྤྱོད་པས་བཟང་རྫི་མེད།།
མདོ་སྔགས་ལེགས་བཤད་འཆད་རྩོད་རྩོམ་ལས་བསྣོག་རྒྱུའི་བྱ་བ་ཅི་ཡང་མེད།།
འཇམ་མགོན་བླ་མ་བློ་བཟང་གྲགས་པའི་རྗེས་འཇུག་ཟེར་ན་ཁྱེད་འདྲ་དགོས།།

ཕྱི་རུ་ལུས་ངག་གཙང་མའི་སྤྱོད་པ་ཆོས་འདུལ་བཅས་ལས་འདའ་བ་མེད།།
ནང་དུ་རྒྱ་ཆེན་སྤྱོད་པའི་མཛད་པ་སྲོག་ལ་ཐུག་ཀྱང་འདོར་བ་མེད།།
མདོ་སྔགས་འཆད་རྩོད་རྩོམ་པའི་འཕྲིན་ལས་རྒྱན་དྲུག་དགྱེས་བྱེད་ལས་གཞན་མེད།།
འཇམ་མགོན་བླ་མ་བློ་བཟང་གྲགས་པའི་རྗེས་འཇུག་ཟེར་ན་ཁྱེད་འདྲ་དགོས།།

ཆོས་ཀྱི་དེ་ཉིད་རྟོགས་པར་དཀའ་ཞིང་མ་རྟོགས་འཁོར་ལས་མི་གྲོལ་ཞེས།།
ཐུབ་པའི་དབང་བོའི་མགུར་ལས་གསུངས་པ་ཡིད་ཆེས་དཔང་བོར་འཇོག་ཐུབ་ན།།
ཐར་འདོད་སྐྱེ་བོའི་སྙིང་ལ་ཕན་པའི་རྟེན་འབྱུང་ཕྲ་རགས་དགག་བྱ་སོགས།།
མ་འདྲེས་སྤུ་རིས་འབྱེད་པའི་ཁྱེད་འདྲ་ཐར་བའི་དམིགས་བུ་ཁོ་ན་ཡིན།།

མཐའ་བྲལ་ཆོས་དབྱངས་ཐད་ཀྱི་གཅོད་པའི་བློ་གྲོས་གཤོག་ཟུང་མཁའ་ལ་རྐྱོང་།།
བདེན་གཉིས་ཤེས་བྱའི་གནས་ཀུན་གཟིགས་པའི་གསེར་མིག་ཟུང་ལ་རང་འོད་འཕྲོ།།
ལོག་བཤད་གདུག་སྦྲུལ་ཡན་པོར་མི་གཏོང་རིགས་པའི་སྟོབས་ཀྱིས་གཟན་བྱེད་པའི།།
འཇིགས་མེད་སྙིང་སྟོབས་ཀུན་ནས་རྒྱས་པའི་མཁའ་ལྡིང་ཁྱོད་འདྲ་བསྟན་པའི་རྒྱན།།

གངས་ལྗོངས་རིག་བཅུའི་ཆུ་གཏེར་ཆེན་མོ་མེར་གྱིས་ལྡེམ་པའི་གཏིང་གི་ནོར།།
ཟབ་དོན་འོད་སྟོང་འབར་བའི་སྙིང་བོ་རྣམ་དཔྱོད་རིགས་པས་མ་བཙལ་བར།།
ཁ་བཤད་ཆུ་ཡི་ཝུ་བ་སྟོང་ལ་ནོར་བུའི་རྩིས་མཐོང་འཇོག་མཁན་ཚོ།།
དོན་གྱི་སྙིང་བོ་སྟོན་མཁན་ཁྱེད་འདྲར་མཇལ་བའི་སྐལ་བ་ལྡན་གྱུར་ཅིག།

རྣམ་འབྱེད་ཤེས་རབ་འོད་མདངས་བཀྲ་བའི་གཟུར་གནས་མཁས་རྣམས་དགའ་བའི་གཞི།།
མདོ་སྔགས་ལེགས་བཤད་དཀའ་བའི་གནད་ཀུན་དགག་སྒྲུབ་རྩལ་གྱིས་འགྲེལ་མཛད་པའི།།
ངེས་དོན་དགེ་བའི་བཤེས་གཉེན་ཁྱེད་འདྲས་ཐུབ་དབང་གསུང་གི་སྙིང་བོའི་དོན།།
འཆད་རྩོད་རྩོམ་པའི་དཔལ་གྱིས་བཀྲལ་ཏེ་རྒུད་པའི་རྩ་བ་གཞིལ་གྱུར་ཅིག།

             ༧ ཅེས་ཐུབ་དབང་བསྟན་པའི་སྙིང་བོ་ལུང་རིགས་ཀྱི་ལམ་ནས་གསལ་བར་བྱེད་པའི་ངེས་དོན་གྱི་མཁས་པའི་དབང་བོ་རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་མཛད་རྣམ་རགས་ཙམ་གླེང་བ་ཐར་འདོད་དཔའ་བོའི་སྙིང་ནོར་ཞེས་པ་འདི་ནི་གསེར་རྒྱལ་ལྷུན་པོའི་ཕྲེང་བ་ལས་ལྷུན་པོ་གཅིག་གི་ཁོང་དུ་སྦས་པའི་གཏེར་ཁ་ལས་རང་གི་དད་རྟེན་ཙམ་ཞིག་སྙན་ཚིག་ཏུ་བསྡེབས་པ་ཡིན་ནོ།། ༢༠༡༨/༡/༩ཉིན་དབུས་སྨྲ་བས།

 

                                                                     རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
        གསལ་འདེབས།
                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།