ལམ་ཞུགས་ཁྲི་ཕྲག་བརྒྱད་ཀྱི་གདན་ས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མདོ་སྔགས་རིག་གནས་དང་བཅས་པའི་བླ་སྲོག་འཛིན་མཁན་གསེར་རྒྱལ་ལྷུན་པོའི་ཕྲེང་བ་ཚར་དུ་དངར་བའི་ངང་ཚུལ་བརྗོད་པ་འཇིགས་བྲལ་གདོང་ལྔ་འབར་བའི་ང་རོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-02-08 22:24:22     རྩོམ་པ་པོ།   དབུས་སྨྲ་བ།    ཀློག་ཐེངས།  

IMG_3303.JPG

 

 

༼༡༽

འཇམ་དབྱངས་བཞད་པ་ཡིས་དགེ་འདུན་འདུས་འཁོར་སྒྲུབ་དུས།།ལམ་ཞུགས་ཁྲི་ཕྲག་བརྒྱད་འདུ་བའི་མཚན་མ་བྱུང་བའི།།ལམ་ཞུགས་ཁྲི་བརྒྱད་ཀྱི་གསང་གསུམ་ཡོན་ཏན་ཀུན་གྱིས།།བདག་གི་སྨྲ་བརྗོད་འདི་དོན་དང་ལྡན་པར་མཛོད་ཅིག།

༼༢༽

ལམ་ཞུགས་ཁྲི་བརྒྱད་ཀྱི་གདན་སའི་ཆེ་བ་བརྗོད་ན།།འཆད་རྩོད་རྩོམ་གསུམ་གྱིས་མཛད་འཕྲིན་འདི་ལས་མེད་པས།།མཁས་གྲུབ་རིམ་བྱོན་གྱིས་རིག་བཅུའི་རྒྱ་མཚོ་སྤེལ་བའི།།ཟླ་མེད་མཛད་རྗེས་འདིར་རྒྱལ་ཀུན་དགྱེས་པར་མཛོད་ཅིག།

༼༣༽

ཤཱཀྱ་ཐུབ་པ་ཡིས་དངོས་སུ་ལུང་བསྟན་གནང་སའི།།དྲི་མེད་གྲགས་པ་ནས་རྒྱ་བོད་པཎ་གྲུབ་མང་བོས།།ཐུགས་བསྐྱེད་ཟབ་མོ་ཡི་ཆུ་ཀླུང་གཅིག་ཏུ་འདྲེས་ས།།བཀྲ་ཤིས་འཁྱིལ་བ་ཡི་དགེ་མཚན་བསམ་གྱིས་མི་ཁྱབ།།

༼༤༽

འཆད་པ་གཡུ་འབྲུག་གི་གདངས་ཀྱིས་བར་སྣང་བཀང་སྟེ།།རྩོད་པ་གློག་ཞགས་ཀྱི་འོད་སྣང་མཁའ་ལ་འཁྱུག་ནས།།རྩོམ་པ་ལེགས་བཤད་ཀྱི་མེ་ཏོག་ཆར་དུ་སྙིལ་བའི།།འཇམ་དབྱངས་བཞད་པ་ཞེས་ལྷ་དབང་མཆོག་དེར་འདུད་དོ།།

༼༥༽

ཟབ་གསང་ཡོན་ཏན་གྱི་དཔལ་ཀུན་མཐོང་བའི་མོད་ལ།།འཇམ་དབྱངས་དམར་སེར་གྱིས་དགྱེས་པའི་འཛུམ་བཞད་བསྟན་པའི།།འཇམ་དབྱངས་བཞད་པ་ཡི་ཐུགས་སྲས་བླ་ན་མེད་པ།།ངག་དབང་བཀྲ་ཤིས་ཞེས་མཁྱེན་གཏེར་དེ་ལ་འདུད་དོ།།

༼༦༽

ཐུགས་འཛིན་བློ་གྲོས་ཀྱི་ཀློང་དེ་ཡངས་ཤིང་ཆེ་ལ།།མཁས་དང་གྲུབ་པ་ཡི་ནུས་པར་འགྲན་ཟླ་བྲལ་བ།།བཀྲ་ཤིས་འཁྱིལ་བ་ཡིས་དྲིན་ལན་གཞལ་ཐབས་མེད་པའི།།སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་མཆོད་དོ།།

༼༧༽

ཙོག་བུའི་རྣལ་འབྱོར་དེའི་ཚུལ་ལས་འདའ་བ་མེད་པས།།མདོ་སྔགས་གཉིས་ཆ་ལ་མཁྱེན་རྒྱ་གཟིགས་རྒྱ་ཆེ་ཞིང་།།ཚུལ་ཁྲིམས་དྲི་ངད་ཀྱིས་ཀུན་གྱི་དང་བ་འདྲེན་པའི།།འགྱང་རོ་འདུལ་འཛིན་ཏེ་ངག་དབང་བསྟན་འཛིན་མཆོད་དོ།།

༼༨༽

ལྷ་རམས་དམ་བཅའི་སྐབས་རྟོག་གེའི་རྩེར་སོན་མང་བོའི།།ང་རྒྱལ་བཅགས་པས་ན་དགེ་བཤེས་གཏེར་མར་གྲགས་ཤིང་།།གཞུང་གི་དཀའ་གནད་ཀྱི་དོགས་གཅོད་རྩལ་དུ་འདོན་མཁས།།རྩོད་པའི་ཁྱུ་མཆོག་སྟེ་བློ་བཟང་གནས་བརྟན་མཆོད་དོ།།

༼༩༽

རྩལ་ཆེ་བློ་རྣོ་དང་རྩུབ་སྤྱོད་གཤིས་ཀ་ལྡན་པས།།གླིང་ཕྲུག་མི་རྒོད་ཅེས་གྲགས་ཀྱང་འཕྲལ་རྐྱེན་ཙམ་གྱིས།།ཞི་དུལ་བརྩོན་པའི་སྒོས་པོད་ལྔར་མཁས་གྲགས་འབར་བའི།།གླིང་རིགས་དགེ་བཤེས་ཏེ་དོན་གྲུབ་རྒྱ་མཚོར་འདུད་དོ།།

༼༡༠༽

མདོ་སྔགས་ཡོངས་རྫོགས་ལ་མཁས་པའི་སྙན་པ་ཆེ་བས།།ངག་དབང་བཀྲ་ཤིས་པའི་ཁྲི་ཚབ་ཉན་པའི་དགེ་བཤེས།།སྙན་རྒྱུད་མངའ་བདག་ཞེས་མཚན་གྱིས་ཅོད་པན་འཆང་བའི།།གསེར་ཁ་བསོད་ནམས་ཞེས་དགེ་བཤེས་དེ་ལ་འདུད་དོ།།

༼༡༡༽

བཀའ་པོད་གཞུང་ཀུན་གྱི་ཚིག་དོན་དཔྱད་པས་རྙེད་ཅིང་།།མདོ་སྔགས་ལུགས་མང་གི་ཁྲིད་ལུང་མང་བོ་བསྩལ་ཏེ།།འབོ་རྭའི་སྔོན་ཐང་ལ་འཆད་ཉན་ལམ་དུ་འཇོག་མཁན།།འཇིགས་བྱེད་རྣལ་འབྱོར་བ་ཐར་མི་ཆེ་དེ་མཆོད་དོ།།

༼༡༢༽

མདོ་སྔགས་གཉིས་ཆ་ལ་སློབ་མཐར་ཕྱིན་ཙམ་མིན་པར།།མགོན་ཆོས་འཇིགས་གསུམ་གྱི་མན་ངག་ནང་བྱན་ཆུད་ཅིང་།།ལྷག་དོན་བསྙེན་སྒྲུབ་ལ་རྟགས་མཚན་ཐོན་པའི་དགེ་བཤེས།།གཙོས་དགོན་སྐྱོང་མཁན་གྱི་རྐང་ཚ་མཁྱེན་རབ་མཆོད་དོ།།

༼༡༣༽

པོད་ལྔའི་རྩ་བ་དེ་རྒྱུན་དུ་ཞལ་འདོན་མཛད་ཅིང་།།པོད་ལྔའི་ཚིག་འགྲེལ་དེ་བློ་ནས་ཤར་ཤུར་ཐོན་པ།།སྐུ་ཚེ་ཧྲིལ་བོ་ལ་བླ་མའི་ཅི་གསུང་ཐམས་ཅད།།ཟིན་བྲིས་འདེབས་མཁན་གྱི་རྔ་བ་ཆོས་སྐྱོང་མཆོད་དོ།།

༼༡༤༽

གསུང་རབ་དགོངས་དོན་ལ་ཐུགས་འདང་རྟག་པར་གནང་ནས།།སྤྱོད་ལམ་གང་ཡིན་དེའི་ངང་ནས་ཉིན་མཚན་འདའ་ཞིང་།།ཆུ་ཡི་གཉེར་མ་དང་པི་ཝང་སྒྲ་ལ་བརྟགས་ནས།།སྟོང་ཉིད་རྟོགས་མཁན་གྱི་རྔ་བ་གོ་ཐོབ་མཆོད་དོ།།

༼༡༥༽

སྟོང་དང་རྟེན་འབྱུང་ལ་བག་ཆགས་བཞག་ཙམ་མིན་པར།།ཏིང་འཛིན་གནས་ཆ་དེ་བརྟན་པས་དབུ་མའི་ལྟ་བ།།སྟོང་སངས་རྙེད་པ་ཡི་གྲོགས་སུ་ཐ་སྙད་ཕྲ་མོར།།ངེས་པ་གཏིང་རྙེད་པ་འབེ་བན་བསྟན་འཛིན་མཆོད་དོ།།

༼༡༦༽

རིག་གནས་ཐམས་ཅད་ལ་མཁྱེན་པའི་སྣང་བ་རྒྱས་ཤིང་།།རྩོད་ངག་རིགས་ལམ་དེ་སྨྲ་ལ་འགྲན་ཟླ་མེད་པ།།ལྟ་བའི་གནད་ཕུགས་པའི་ལེགས་བཤད་གསུང་རྩོམ་ཅན་གྱི།།བསྟན་འཛིན་རྒྱ་ཡུ་མར་དང་བས་ལན་མང་འདུད་དོ།།

༼༡༧༽

གཞུང་ཆེན་པོད་ལྔ་ཡི་དཀའ་བའི་གནད་ལ་ཐུག་དུས།།མཁྱེན་པའི་གཟི་འོད་དེ་སེམས་ཀྱི་ཁོང་ནས་འཕྲོ་ཞིང་།།རྩོད་པའི་མེ་དཔུང་གིས་ལོག་འཛིན་རྩ་ནས་འཇོམས་པའི།།ཁ་རྒྱའི་དར་རྒྱས་ཞེས་དགེ་བཤེས་དེ་ལ་འདུད་དོ།།

༼༡༨༽

སྒོ་མང་དམ་ཆོས་ཀྱིས་ཡིག་ཆ་བསྒྱུར་གྲབས་བྱས་དུས།།འབེ་རྒྱ་ཁ་གསུམ་འདི་དབུས་སུ་རྩོད་ཕྱིར་ཕེབས་ཏེ།།རིགས་པའི་མཆེ་སྡེར་གྱིས་ཡིག་ཆའི་གངས་རི་སྲུང་བའི།།རིགས་སྨྲའི་སེང་གེ་གསུམ་གཙུག་ཏུ་བཀོད་ནས་མཆོད་དོ།།

༼༡༩༽

ཀུན་མཁྱེན་ཆེན་པོ་ཡི་སྐུ་འཁོར་ལྔ་སྡེ་རྣམས་དང་། ཁྲི་རྒན་ངག་དབང་བའི་ཆོས་མཛད་ཆོས་རྗེ་རྣམས་བཞི།།རྔ་བ་རབ་བརྟན་དང་རྔ་བ་མཁར་དཀར་མཁར་དམར།།འདི་ཀུན་བཀའ་དྲིན་གྱི་ཆ་ནས་ལན་བརྒྱར་མཆོད་དོ།།

༼༢༠༽

ལུང་རིགས་སྨྲ་བ་ལ་སྤོབས་པ་མཆོག་ཏུ་མཐོ་ཞིང་།།དབུ་མའི་ལྟ་བ་ལ་དཔྱད་པའི་རྣམ་དཔྱོད་ཅན་གྱི།།ངག་དབང་བཀྲ་ཤིས་ཀྱིས་དབུ་མའི་ལྟ་ཁྲིད་གནང་ས།།དབུ་མའི་རྒྱུན་འཛིན་གྱི་དགེ་བཤེས་བཅུ་བཞིར་འདུད་དོ།།

༼༢༡༽

བཅུ་ཕྲག་རིག་གནས་དང་འཆད་རྩོད་རྩོམ་པའི་ལས་ལ།།རྣམ་དཔྱོད་ཐོགས་མེད་དུ་འཇུག་པས་པཎྜི་ཊ་ཞེས།།འཇིགས་མེད་དབང་བོ་ཡིས་བསྔགས་པ་དོན་ལ་གནས་པའི།།ཀུ་ཤྲི་མཁས་དབང་སྟེ་ངག་དབང་སྐལ་བཟང་མཆོད་དོ།།

༼༢༢༽

གཞུང་ཆེན་པོད་ལྔ་དང་གསང་ཆེན་སྡེ་བཞི་ཀུན་ལ།།སྒོ་མང་གྲྭ་ཚང་ནས་མཁས་པའི་རྒྱལ་ཐབ་བཟུང་སྟེ།།དགའ་ལྡན་དངུལ་གདུང་དེ་གསེར་གདུང་ཆེན་མོར་བསྒྱུར་མཁན།།ཁྲི་ཆེན་གུང་ཐང་བ་བསྟན་པའི་རྒྱལ་མཚན་མཆོད་དོ།།

༼༢༣༽

སྡེ་ཁྲི་རིན་པོ་ཆེས་རྒྱ་ནག་སྤྲུལ་སྐུར་བཅད་ནས།།འཇམ་དབྱངས་བཞད་པ་ཡི་གསུང་གི་བདུད་རྩི་མྱངས་པས།།གོ་རིག་ཟུང་འབྲེལ་གྱི་རིགས་སྨྲའི་ཕུལ་རྩེར་སོན་པ།།དུས་འཁོར་རྒྱ་ནག་པ་བསྟན་པའི་ཉི་མར་འདུད་དོ།།

༼༢༤༽

བཀྲ་ཤིས་འཁྱིལ་བ་ནས་རྡོ་རྗེ་འཛིན་པར་གྱུར་ཅིང་།།རིགས་སྨྲ་ཟླ་མེད་དུ་གྲགས་སྐབས་དབུས་སུ་ཕེབས་ནས།།སྒོ་མང་མཁན་པོ་རུ་རྒྱལ་བའི་དབང་བོས་བསྐོས་པའི།།སངས་རྒྱས་རྡོ་རྗེ་ཞེས་མཁན་ཆེན་དེ་ལ་འདུད་དོ།།

༼༢༥༽

མདོ་སྔགས་རིག་གནས་དང་བཅས་ལ་མཁས་པར་གྱུར་ནས།།ལྷག་པར་ལུང་རིགས་ཀྱི་དཔལ་ལ་འགྲན་ཟླས་དབེན་ཀྱང་།།མི་ལོ་བཞི་བཅུ་ལ་ཉིན་སྣེར་མཚན་མཐུད་བྱས་ནས།།སྒོམ་སྒྲུབ་མཛད་མཁན་གྱི་དཀོན་མཆོག་རྒྱ་མཚོ་མཆོད་དོ།།

༼༢༦༽

ལུང་རིགས་སྨྲ་བ་ལ་འགྲན་པའི་ཟླ་ཡིས་དབེན་ཅིང་།།གསེར་ཕྲེང་རྣམ་བཤད་སོགས་བཀའ་པོད་ལྔ་ཡི་ཡིག་ཆ།།བཟུང་ནས་ཉིན་རེ་བཞིན་ཡིག་ཀློག་ཆ་ཚང་མ་ཆག།།རྩོད་པའི་རྟིང་སྐུལ་བ་ཁ་གསལ་མཁས་མཆོག་མཆོད་དོ།།

༼༢༧༽

བཀའ་པོད་ཡོངས་རྫོགས་ལ་ཐོས་བསམ་སྒོམ་པས་སྦྱངས་ནས།།རིག་པའི་གནས་ཀུན་ལ་མཁས་པའི་ཕོ་འཕང་བརྙེས་ཀྱང་།།ཚེ་འདི་བློས་བཏང་ནས་སྐུ་མཚམས་ཁོ་ནར་མཛད་པ།།མཛོད་དགེ་མཚམས་པ་བ་བློ་བཟང་དཀོན་མཆོག་མཆོད་དོ།།

༼༢༨༽

འཇམ་དབྱངས་བཞད་པ་ཡི་སྔོན་མེད་ལེགས་བཤད་ཆེ་ལྔ།།དབུ་ཕར་ཡིག་ཆ་ཀུན་ཐུགས་འཛིན་སྐྱོར་སྦྱངས་མཛད་དེ།།སྙན་ངག་རང་ཤུགས་ཀྱིས་མཁྱེན་ཅིང་རིགས་སྨྲའི་དབང་བོ།།དགེ་བཤེས་བཀའ་བཅུ་བ་འཇིགས་མེད་རབ་རྒྱས་མཆོད་དོ།།

༼༢༩༽

ལྕང་སྐྱ་མཁས་དབང་གིས་མདོ་སྔགས་དྲི་བ་མཛད་ཅིང་།།གྲུབ་མཐའ་ཆེན་མོའི་སྟེང་བགྲོ་གླེང་རྩལ་འདོན་གནང་མཁན།།ཡིད་དགའ་ཆོས་འཛིན་ནས་ཚེ་དང་སྒྲུབ་པ་སྙོམས་པས།།སྟོང་ཉིད་རྟོགས་པ་ཡི་ཨ་བར་བཟོད་པ་མཆོད་དོ།།

༼༣༠༽

ཐུགས་སྲས་ངག་དབང་བ་བླ་མའི་གཙོ་བོར་བསྟེན་ནས།།དགེ་ལྡན་ལུགས་བཟང་ལ་ཚད་མས་གདེང་ཞིག་ཐོབ་སྟེ།།ཁྲ་དགོན་བསམ་གཏན་གླིང་གསར་དུ་ཕྱག་འདེབས་མཛད་པའི།།ལྟ་བའི་གདེང་ཐོབ་པ་གདོང་ཁུ་ཕུན་ཚོགས་འདུད་དོ།།

༼༣༡༽

ཐུགས་འཛིན་སྐྱོར་སྦྱངས་ཀྱིས་རྟག་ཏུ་མཚན་ཕུད་གནང་སྟེ།།དབུ་མ་ཡོངས་རྫོགས་དང་དྲང་ངེས་མཛོད་ཊཱིཀ་ཆེན་མོ།།རིམ་ལྔའི་སྙིང་བོ་དང་ལམ་རིམ་ཐུགས་ནས་བཞུར་བའི།།གནས་བརྟན་བ་ཀུ་ལ་ཚུལ་ཁྲིམས་སེངྒེ་མཆོད་དོ།།

༼༣༢༽

བླ་མ་གཞུང་ལས་པའི་ཐོག་མ་ངག་དབང་མཁས་མཆོག།།གཏུམ་མོའི་རྣལ་འབྱོར་བ་ཙ་ཡུས་ངག་དབང་ཆོས་འཕེལ།།མཁས་གྲུབ་གཉིས་ལྡན་གྱི་བློ་བཟང་བསྟན་པ་དར་རྒྱས།།མཛད་རྣམ་ཁྱད་པར་ཅན་འདི་གསུམ་གུས་པས་འདུད་དོ།།

༼༣༣༽

ཐུགས་འཛིན་རྒྱུན་སྐྱོར་གྱི་བརྩོན་འགྲུས་ལྷོད་པ་མེད་པས།།རྔ་བ་གོ་ཐོབ་ཀྱིས་ཐུགས་ཡིད་གང་མང་འཕྲོག་ཅིང་།།བསྡུས་གྲྭའི་མཐའ་དཔྱོད་དེ་ཟིན་བྲིས་འདེབས་མཁན་གཙོ་བོ།།བློ་བཟང་རྒྱལ་བ་འམ་འབའ་རེ་བཀྲ་རྒྱམ་མཆོད་དོ།།

༼༣༤༽

མི་ཟད་བཀྲ་ཤིས་ཀྱི་ཆུ་ཀླུང་འབུམ་དུ་བསྐྱིལ་ཞིང་།།དགེ་ལྡན་བསྟན་པ་ཡི་སྲོག་གི་ཀ་བ་བཙུགས་ཏེ།།བཀྲ་ཤིས་འཁྱིལ་བ་ནས་རིག་བཅུའི་འོད་སྣང་སྤྲོ་མཛད།།འཇིགས་མེད་དབང་བོ་ལ་གུས་པས་ལན་བརྒྱར་འདུད་དོ།།

༼༣༥༽

ལྟོ་སྐྱ་གོས་ཧྲལ་གྱིས་དཀའ་ཚེགས་ཁྱད་དུ་བསད་དེ།།ཉིན་མཚན་ཐོས་བསམ་གྱིས་ཕུད་ཀྱང་སྤྲོ་ཤུགས་ཆེ་བ།།ལུས་ངག་ཡིད་གསུམ་གྱི་མཛད་སྤྱོད་འདུལ་བར་བསྟུན་པའི།།རྡོ་རམས་ཐོག་མ་སྟེ་བློ་བཟང་སྙན་གྲགས་མཆོད་དོ།།

༼༣༦༽

ཟབ་གསལ་མྱུར་གསུམ་གྱི་རྣམ་དཔྱོད་འགྲན་ཟླ་མེད་ཅིང་།།སྒྲ་དག་གསལ་གསུམ་གྱིས་ཕས་རྒོལ་ཟིལ་གྱིས་གནོན་པ།།འཇིགས་མེད་སྙིང་སྟོབས་སོགས་རྟོག་གེའི་རང་ཆས་རྫོགས་པའི།།རྩོད་པའི་ཁྱུ་མཆོག་སྟེ་ངག་དབང་འཕྲིན་ལས་མཆོད་དོ།།

༼༣༧༽

ཚེ་རབས་དུ་མ་ལ་ངེད་ཚོ་འབྲེལ་བ་ཡིན་པས།།ང་ལ་གྲོགས་ཀྱིས་ཞེས་འཇིགས་མེད་དབང་བོ་གསུངས་ནས།།བཀྲ་ཤིས་འཁྱིལ་བ་ཡི་འཆད་ཉན་མེ་ལྟར་སྤར་མཁན།།བསོད་ནམས་དབང་རྒྱལ་ཞེས་མཁས་ཆེན་དེ་ལ་འདུད་དོ།།

༼༣༨༽

བླ་མ་སངས་རྒྱས་སུ་སྒོམ་པའི་མོས་གུས་ཆེ་བས།།གཞུང་ཆེན་པོད་ལྔ་ལ་གོ་བ་གཏིང་ཚུགས་རྙེད་ཅིང་།།རྨི་ལམ་ཚུན་ཆད་དུ་བསྟན་དོན་འབའ་ཞིག་དགོངས་པའི།།མཛོད་དགེ་ཨ་ཁུ་ཚང་མཁས་གྲུབ་བསྟན་འཛིན་མཆོད་དོ།།

༼༣༩༽

མདོ་དབུས་གཉིས་ཀ་ནས་མདོ་དང་སྔགས་ལ་སྦྱངས་ནས།།བྱང་གི་དགོན་ཆེན་ཚོར་གྲྭ་སྐོར་དམ་བཅའ་ཕེབས་ཤིང་།།སྡེ་ཁྲི་གཉིས་པ་སྟེ་ལུང་རིགས་རྒྱ་མཚོའི་ཡོངས་འཛིན།།ཨ་བར་དཀའ་བཅུ་ཞེས་མཁས་པ་དེ་ལ་འདུད་དོ།།

༼༤༠༽

མཁས་མཆོག་ཁ་གསལ་དང་ཨ་མཆོག་འཇིགས་མེད་རྒྱ་མཚོ།།སྟོད་སོག་དགེ་བཤེས་ཏེ་དཀོན་མཆོག་ཚངས་དབྱངས་ཀྱིས་མཚོན།།ཉིན་རེར་སྐུ་མདུན་ནས་པོད་ལྔའི་དམ་བཅའ་བཙུགས་ཏེ།།འཆད་ཉན་དག་ཐེར་བ་དགེ་བཤེས་བརྒྱད་ཀ་མཆོད་དོ།།

༼༤༡༽

དབྱངས་ཅན་ལྷ་མོ་དང་ཡུམ་ཆེན་མ་ཅིག་གཉིས་ཀྱིས།།རྗེས་བཟུང་བྱིན་བརླབས་པས་སྣང་བ་འགྱུར་ནས་སོང་སྟེ།།གཉན་ཁྲོད་གདམས་ངག་གིས་རྟོགས་པ་མཐོན་པོར་སླེབས་པའི།།བསོད་ནམས་གྲགས་པ་ཞེས་གྲུབ་ཆེན་དེ་ལ་འདུད་དོ།།

༼༤༢༽

སྐྱེས་ཐོབ་ཤེས་རབ་དེ་རྣོན་པོ་འབུགས་དང་མཚུངས་པས།།མདོ་རྒྱུད་རིག་གནས་ཀུན་མགོ་ནས་མཐའ་ལ་གཏུགས་ཏེ།།དགོན་ཁག་སོ་སོ་ནས་རྩོད་པའི་འཕྲུལ་འཁོར་བསྐོར་བའི།།གུང་ཐང་ཡོངས་འཛིན་ནམ་སྐྱོར་དཔོན་རྣོ་འབུགས་འདུད་དོ།།

༼༤༣༽

རྡོ་རམས་དམ་བཅའ་དེ་བཞག་རྗེས་སྨན་རྩིས་ས་དཔྱད།།རྒྱུད་སྡེ་སོ་སོ་ཡི་འདོན་རྟ་ཆོ་ག་ཕྱག་ལེན།།ཆར་འབེབས་ཆར་འགོག་དང་ས་འདུལ་སྦྱོང་བར་མཁས་པའི།།རོང་བོའི་ཁྲི་བ་སྟེ་རབ་བརྟན་རྒྱ་མཚོ་མཆོད་དོ།།

༼༤༤༽

ས་བརྒྱད་ཐོབ་པ་ཡི་སྟག་ལུང་བསྟན་པའི་ཉི་མ།།བསྟན་པའི་རྒྱན་གྱུར་བ་རེབ་ཙ་དགེ་འདུན་རྒྱ་མཚོ།།རིག་གནས་ཀུན་མཁས་པའི་ཐུར་མ་འཇམ་དབྱངས་དོན་གྲུབ།།ཁྱད་འཕགས་སྤྲུལ་སྐུ་གསུམ་གུས་པས་སྒོ་ནས་འདུད་དོ།།

༼༤༥༽

མདོ་དབུས་གཉིས་ཀ་ནས་ཐུགས་གཉེར་བླ་མེད་གནང་བས།།དོན་ལྡན་དགེ་བཤེས་ཀྱི་གོ་འཕང་བརྙེས་པའི་རྟགས་སུ།།ལམ་ཁྲིད་རྒྱས་པ་ཞིག་མཁས་པའི་རྟགས་སུ་མཛད་པའི།།དཔའ་རིས་སྤྲུལ་སྐུ་སྟེ་དཀོན་མཆོག་བདེ་ཆེན་མཆོད་དོ།།

༼༤༦༽

པོད་ལྔར་མདོ་དབུས་ནས་སྦྱངས་མཐར་ཕྱིན་ཙམ་མིན་པར།།དབུས་སུ་དཔེ་ཁྲིད་སོགས་མང་བོ་རྒྱུན་དུ་གནང་སྟེ།།རྡོ་རྗེ་འཇིགས་བྱེད་དང་པོད་ཏི་ལྔ་བོས་ཆོག་ཅེས།།སྨྲ་མཁན་བཞག་སྡོམ་པ་དགེ་འདུན་དཔལ་བཟང་མཆོད་དོ།།

༼༤༧༽

བསྐྱེད་རིམ་མཐར་ཕྱིན་ཅིང་རྫོགས་རིམ་སྣེ་མོ་ཟིན་ཞེས།།ཀློང་རྡོལ་བླ་མ་ཡིས་གསུངས་ཤིང་བཀྲ་ཤིས་འཁྱིལ་བའི།།ཆོས་སྲིད་ལུགས་གཉིས་ཀྱི་ཁ་ལོ་བྱས་པའི་དྲིན་ཅན།།ཧོར་གཙང་གསེར་ཁྲི་སྟེ་རིག་པའི་སེང་གེ་མཆོད་དོ།།

༼༤༨༽

བཀྲ་ཤིས་འཁྱིལ་བ་ནས་མཁས་པར་གྱུར་བའི་རྗེས་ལ།།དབུས་སུ་ལྷ་རམས་ཀྱི་དགེ་བཤེས་ཐོན་པ་ཙམ་མིན།།ལེགས་བཤད་སྙིང་བོ་ཡི་ཡང་འགྲེལ་ཀུན་གཞིའི་འགྲེལ་སོགས།།གསུང་རྩོམ་གནང་མཁན་གྱི་སྟོང་འཁོར་དྲུག་པ་མཆོད་དོ།།

༼༤༩༽

འཇམ་མགོན་ཙོང་ཁ་བའི་ལྟ་བའི་གནད་འགག་ཕྲ་མོ།།ཀུན་མཁྱེན་བླ་མ་ཡི་མཁྱེན་པའི་སྤྱན་གྱིས་བཀྲལ་བ།།འཇིགས་མེད་དགག་སྒྲུབ་ཀྱི་རིག་པའི་རྩལ་གྱིས་སྟོན་མཛད།།འཇམ་དབྱངས་བླ་མ་སྟེ་བསྟན་པའི་སྒྲོན་མེར་འདུད་དོ།།

༼༥༠༽

བཀའ་པོད་གཞུང་ལྔ་ལ་མཁས་པའི་མིང་ཙམ་མིན་པར།།ཐབས་ཤེས་སྣ་ཚོགས་ཀྱིས་སློབ་མ་སྐྱོང་ལ་མཁས་ཤིང་།།དོན་གྱི་འདུལ་འཛིན་པ་དགེ་བཤེས་ཚུལ་ཁྲིམས་སེངྒེ།།དབལ་མང་པཎྜི་ཊའི་ཡོངས་འཛིན་དེ་ལ་འདུད་དོ།།

༼༥༡༽

དབལ་མང་པཎ་ཌི་ཊའི་ཡོངས་འཛིན་གྲལ་ལ་ཐེ་བའི།།རྡོ་རམས་ལུང་ལེབ་དང་རྡོ་རམས་ངག་དབང་དོན་གྲུབ།།རྡོ་རམས་རྡོ་རྒོད་ཅེས་གྲགས་པའི་མཁས་པ་རྣམ་གསུམ།།སྒོ་གསུམ་གུས་པ་ཡིས་སྒོ་ནས་ཡང་ཡང་མཆོད་དོ།།

༼༥༢༽

ཞི་དུལ་བག་ཡོད་ཀྱི་ཚད་ཐིག་འཛིན་སར་གྱུར་ཅིང་།།རྒྱན་དང་སྡུད་པ་གཉིས་ཐུགས་ནས་སྦྱར་ཏེ་འཆད་མཁས།།འགྲན་གྲལ་རྩོད་མེད་དུ་མཁས་པའི་གཙུག་ལ་འཇོག་པའི།།དགེ་བཤེས་སྨན་ལུང་བ་བློ་བཟང་རྒྱལ་མཚན་མཆོད་དོ།།

༼༥༣༽

དབུ་ཕར་འདུལ་མཛོད་ཀྱི་མཐའ་དཔྱོད་ཡོངས་རྫོགས་བཟུང་ཞིང་།།ཆོས་གྲྭར་ཕེབས་ཞོར་དུ་དགོངས་པ་རབ་གསལ་བཟུང་སྟེ།།ལམ་རིམ་ཆེན་མོ་ལ་རྟག་པར་ཐོས་བསམ་གནང་ནས།།མི་ཚེ་བློས་བཏང་བ་དཀོན་མཆོག་ཚངས་དབྱངས་མཆོད་དོ།།

༼༥༤༽

བཀའ་བསྟན་གཞུང་དོན་ལ་ཐོས་བསམ་རྣལ་མས་ཞུགས་ཤིང་།།ཟབ་གསང་མན་ངག་ལ་ལག་ལེན་མཆོག་ཏུ་བསྟར་ནས།།གསང་སྔགས་མྱུར་ལམ་གྱི་རྟོགས་པ་མཐོན་པོར་གཤེགས་པའི།།དབལ་མང་བཎ་ཌི་ཊ་དཀོན་མཆོག་རྒྱལ་མཚན་མཆོད་དོ།།

༼༥༥༽

མདོ་སྔགས་རིག་གནས་ཀུན་ཚང་བའི་གནས་ཞིག་བཙལ་ནས།།བཀྲ་ཤིས་འཁྱིལ་བ་ལ་ཕེབས་པའི་ལྷ་སའི་དགེ་བཤེས།།བསྟན་དར་ལྷ་རམས་པར་རིག་པའི་གནས་ལྔ་སྩོལ་མཁན།།སྐྱོར་དཔོན་ལྷ་ཞིས་ཞེས་གནས་ལྔ་བ་དེར་འདུད་དོ།།

༼༥༦༽

མིང་དོན་ངེས་ཚིག་གི་འདོད་པ་འཇོ་བའི་གཏེར་ཆེན།།མདོ་སྔགས་རིག་གནས་ལ་སྤོབས་པ་མཐོ་བའི་བློ་ཅན།།ཤེས་བྱ་རབ་གསལ་ཞེས་དག་ཡིག་གྲགས་ཆེན་རྩོམ་མཁན།།དཔའ་རིས་དམ་ཆོས་ཞེས་ངག་རིག་སྨྲ་དེར་འདུད་དོ།།

༼༥༧༽

ཉམས་རྟོགས་ཁྱད་པར་ཅན་ཁོ་ཚེ་དཀོན་མཆོག་བདེ་ཆེན།།ལྟ་བའི་ཉམས་སྣང་ཅན་སྙན་གྲགས་བློ་བཟང་ཉི་མ།།ལུང་རིགས་ཁྲོམ་ཐོག་པ་ཚོ་འདུ་དགེ་འདུན་རྒྱལ་མཚན།།སྐྱེས་བུ་ཁྱད་འཕགས་གསུམ་དད་པའི་སྒོ་ནས་འདུད་དོ།།

༼༥༨༽

འབུམ་ཕྲག་གཞུང་ལུགས་ལ་འཆད་རྩོད་རྩོམ་པས་ཞུགས་ཚེ།།མདོ་དབུས་གཉིས་ཆ་ནས་མཁས་གྲགས་སྙན་པ་འབར་ཞིང་།།མི་ཏྲ་ཛཱོ་ཀི་དང་སངས་རྒྱས་རྡོ་རྗེའི་སྤྲུལ་སྐུ།།རྒྱལ་མཁན་གྲགས་པ་ཞེས་གྲགས་ཅན་དེ་ལ་འདུད་དོ།།

༼༥༩༽

བསྟན་པའི་སྒྲོན་མེ་ཡིས་རྒྱས་འབྲིང་བསྡུས་པའི་དོན་བཞིན།།འགྲེལ་ཆུང་དོན་གསལ་གྱིས་བཤད་པ་འབྱམས་ཀླུས་གནང་དུས།།ཚིག་དོན་ཡོངས་རྫོགས་པ་མཁྱེན་པའི་སྤྱན་ཟུང་མངའ་བའི།།ཟིན་བྲིས་འདེབས་པ་བོ་མཛོད་དགེ་བློ་བཟང་མཆོད་དོ།།

༼༦༠༽

འཇིགས་མེད་དབང་བོ་ཡིས་ཁྲི་ཆེན་ཟམ་ཟ་གསེར་ཁྲིའི།།ཡང་སྲིད་འཁྲུལ་མེད་དུ་བཅད་ཅིང་མཁས་པར་གྱུར་ཏེ།།དབུས་ནས་ལུགས་གཉིས་ཀྱི་མཛད་པ་ལེགས་པར་བསྐྱངས་པའི།།ཁྲི་ཆེན་ཟམ་ཟ་བ་འཇིགས་མེད་ནམ་མཁའ་མཆོད་དོ།།

༼༦༡༽

རྐང་ཚའི་ལྷ་རམས་པ་དགེ་བཤེས་བྱ་བྲལ་བློ་བཟང་།།ཁེ་ཐལ་བླ་མ་སྟེ་རྐང་ཚའི་བསོད་ནམས་གྲགས་པ།།ཨ་རིག་བླ་སར་རམ་རྡོ་རམས་བསྟན་པ་རྒྱ་མཚོ། །དམ་པ་འདི་གསུམ་ཡང་གུས་པས་མཉམ་དུ་འདུད་དོ།།

༼༦༢༽

ཀུན་མཁྱེན་བླ་མ་དང་མཛོད་དགེ་ཨ་ཁུ་ཚང་ནས།།མདོ་སྔགས་རིག་གནས་དང་བཅས་ལ་མཁས་པར་སྦྱངས་ཤིང་།།སྐུ་ཚེ་གང་བོ་ལ་སྐུ་ཆིངས་གྲོལ་མ་མྱོང་བའི།།ཐེ་བོ་དཔལ་སེང་གི་སྐུ་རབས་གསུམ་པར་འདུད་དོ།།

༼༦༣༽

སྨོན་ལམ་གྲྭ་སྐོར་སྐབས་དགེ་བཤེས་གང་གྲགས་བཞེངས་ནས།།ལུང་རིགས་བྲག་ཐོག་ནས་ཆུ་བོ་འབྱོ་འབྱོ་བྱས་ཀྱང་།།རྒོལ་བར་མ་ནུས་ཤིང་ལྷ་རམས་དང་བོ་ཐོབ་མཁན།།སྐབས་མགོན་སྐུ་ཚ་སྟེ་དཀོན་མཆོག་སེངྒེར་འདུད་དོ།

༼༦༤༽

མཁས་པའི་ལོ་རྒྱུས་ཅན་དཔའ་རིས་དམ་ཆོས་ཡར་འཕེལ།།དགོན་མང་ཁྲིས་བསྐྱངས་པ་ནུ་གུ་བསྟན་པའི་ཉི་མ།།རྒྱུད་ཀྱི་འཆད་ཉན་པ་བདེ་ཐང་བསྟན་འཛིན་རྒྱ་མཚོ།།དམ་པ་འདི་གསུམ་ཡང་མཉམ་དུ་གུས་པས་འདུད་དོ།།

༼༦༥༽

བསྟན་པའི་སྒྲོན་མེ་ཡི་གསུང་བཞིན་དབྱངས་ཅན་ལྷ་མོ།།བདུན་ཕྲག་གཅིག་རིང་ལ་བསྒྲུབས་ཏེ་མཐོང་སྣང་ཤར་དུས།།རྟ་མགྲིན་གཟུངས་སྔགས་དང་སྦྲགས་ནས་བསྙེན་པ་བཟློས་པས།།རྟོགས་པ་ཀློང་རྡོལ་བ་ཨ་ཁུ་འབའ་ལང་མཆོད་དོ།།

༼༦༦༽

འབྲས་སྤུངས་སྒོ་མང་ནས་ཐོས་བསམ་སློབ་མཐར་ཕྱིན་ནས།།བཀྲ་ཤིས་འཁྱིལ་བ་ནས་འཆད་ཉན་དམར་བོ་སྤེལ་མཁན།།ཀུན་མཁྱེན་གསུམ་པ་ཡི་ཡོངས་འཛིན་དམ་པའི་མཚན་འཆང་།།བློ་བཟང་བསྟན་འཛིན་ཞེས་ལྷ་རམས་དེ་ལ་འདུད་དོ།།

༼༦༧༽

མདོ་དབུས་གཉིས་ཀ་ནས་གཞུང་ཆེན་པོད་ལྔར་སྦྱངས་ཤིང་།།ཁྱད་པར་རྣམ་རིག་པའི་གཞུང་ལ་བྱང་ཆ་ཆེ་བ།།སེམས་བསྐྱེད་བཅོས་མིན་ལ་མྱོང་བ་ཐོན་པའི་སེམས་དཔའ།།སུ་ཉིད་ནོར་བུ་ཞེས་རྒྱལ་སྲས་དེ་ལ་འདུད་དོ།།

༼༦༨༽

འབའ་ལང་ཞབས་དྲུང་དང་དགེ་བཤེས་སུ་ཉིད་ནོར་བུ།།ཐོར་གོད་ཆོས་ལྡན་སོགས་མཉམ་དུ་དགོན་ཁག་སོ་སོར།།པོད་ལྔའི་དམ་བཅའ་ལ་ཕེབས་སྐབས་མཁས་གྲགས་འབར་བའི།།སྐྱབས་མགོན་མཚན་ཞབས་པ་ཁོ་ཚེ་བསོད་ནམས་མཆོད་དོ།།

༼༦༩༽

ཐལ་ཕྲེང་ཟུར་བཀོལ་གྱི་གཞུང་ཆེན་ཡོངས་རྫོགས་བཟུང་ཞིང་།།སྒྲ་སྙན་སྨན་རྩིས་དང་སྡེབ་སྦྱོར་ས་རིས་ཐམས་ཅད།།མཁས་བྱའི་གནས་ཀུན་ལ་སྦྱངས་ཤིང་ལས་ཁུར་ཐམས་ཅད།།ལེགས་གྲུབ་ཀླུ་ཤོད་པ་ཕུན་ཚོགས་སེང་གེ་མཆོད་དོ།།

༼༧༠༽

དགེ་བཤེས་གྱོ་ར་བ་བསོད་ནམས་རིན་ཆེན་མཆོག་དང་།།བསང་ཁོག་ཞང་ལྷ་བ་ཞང་ལ་དཀོན་མཆོག་བསྟན་དར།།དགེ་བཤེས་རྩེ་གྲས་པ་ཀ་རིང་ངག་དབང་བཀྲ་ཤིས།།སྐྱེས་བུ་འདི་གསུམ་ཡང་གུས་པའི་སེམས་ཀྱིས་མཆོད་དོ།།

༼༧༡༽

བཀྲ་ཤིས་འཁྱིལ་བ་ཡི་ཆོས་ཁྲི་མཛད་པའི་སྐབས་སུ།།འཆད་ཉན་བཤད་སྒྲུབ་ཀྱི་ངོ་བོ་གོང་དུ་སྤེལ་ཞིང་།།གསུང་འབུམ་པོད་ཏི་དྲུག་གདུལ་བྱའི་དོན་དུ་གསུངས་པའི།།སྡེ་ཁྲི་རིན་པོ་ཆེ་ཐུབ་བསྟན་ཉི་མ་མཆོད་དོ།།

༼༧༢༽

ལས་འབྲས་དྲང་ཐིག་གི་ཡོན་ཏན་ལྷུན་གྱིས་གྲུབ་ཅིང་།།བཤད་དང་སྒྲུབ་པ་ཡི་ཉམས་བཞེས་བླ་ན་མེད་པ།།བསྟན་འགྲོའི་ཕན་བདེ་ཡི་ཤིང་རྟ་འདྲེན་པའི་བྱེད་པོ།།ཀུན་མཁྱེན་གསུམ་པ་སྟེ་འཇིགས་མེད་རྒྱ་མཚོར་འདུད་དོ།།

༼༧༣༽

འཆད་པའི་འོད་སྣང་གིས་ཡིད་ཀྱི་མུན་པ་བསལ་ཅིང་།།རྩོད་པའི་རྣོ་ངར་གྱི་ལོག་འཛིན་རྩ་ནས་གཅོད་པ།།རྩོམ་པའི་གཟི་འོད་ཀྱིས་དབྱངས་ཅན་སྙེམས་པ་འཕྲོག་མཛད།།རིགས་གྲྭ་སྐྱེས་སྤྲུལ་དེ་རིགས་པའི་རལ་གྲི་མཆོད་དོ།།

༼༧༤༽

དགོན་མང་ཁྲི་སྐྱོང་བ་གདོང་ཀྱ་དཀོན་མཆོག་དབང་ཕྱུག།རྒྱ་མཁར་གྲུབ་དབང་བ་དཀོན་མཆོག་བསྟན་པའི་རྒྱལ་མཚན།།འབོ་རྭའི་རྡོ་རམས་པ་དགེ་བཤེས་དཀོན་མཆོག་དོན་གྲུབ།།

མཁས་པ་འདི་གསུམ་ཡང་གུས་པའི་སྒོ་ནས་འདུད་དོ།།

༼༧༥༽

ཐ་སྙད་རིག་གནས་དང་མདོ་སྔགས་གཞུང་ཆེན་རྣམས་ལ།།འཆད་རྩོད་རྩོམ་གསུམ་གྱིས་མཁས་རྩལ་རྫོགས་པའི་མི་ཚད།།ཞི་དུལ་སྤྱོད་པ་ཡིས་ཀུན་གྱི་དང་བ་འདྲེན་པའི།།མཁས་བཙུན་གཉིས་ལྡན་གྱི་བློ་བཟང་རྒྱལ་མཚན་མཆོད་དོ།།

༼༧༦༽

ཀུན་མཁྱེན་གསུམ་པ་དང་བསྟན་པའི་སྒྲོན་མེ་གཉིས་ཀྱིས།།ཧོར་གཙང་གསེར་ཁྲི་ཡི་སྤྲུལ་སྐུར་ཐུགས་ཐག་བཅད་ཅིང་།།འདི་ནས་མཁས་ཙམ་མིན་ལྷ་རམས་དང་བོ་བླངས་པའི།།ཁྲི་ཆེན་ཧོར་གཙང་བ་བསྟན་པའི་ཉི་མ་མཆོད་དོ།།

༼༧༧༽

པོད་ལྔར་སྦྱངས་འབྲས་ཀྱི་མཚན་བཏགས་བླ་ན་མེད་པ།།སྨོན་རམས་རྡོ་རམས་ཀྱི་དམ་བཅའ་ཚང་མ་བཞག་ཅིང་།།སྒྲ་སྙན་སྨན་རྩིས་དང་ལྷག་དོན་སྙན་ངག་མཁས་པ།།གླིང་སྤྲུལ་དཀོན་མཆོག་དེ་དགྱེས་པའི་བློ་གྲོས་མཆོད་དོ།།

༼༧༨༽

བསྟན་པའི་སྒྲོན་མེ་དང་སྐྱབས་མགོན་གསུམ་པར་བསྟེན་ནས།།མདོ་སྔགས་གཞུང་མང་ལ་གསན་བསམ་རྒྱ་ཆེར་མཛད་ཅིང་།།དཀའ་བཅུའི་གྲྭ་སྐོར་དང་གསུང་རྩོམ་དུ་མ་ཅན་གྱི།།བླ་མ་གཞུང་ལས་པ་ལྡོང་སྟོན་ཆོས་དར་མཆོད་དོ།།

༼༧༩༽

མདོ་སྔགས་གཉིས་མཁས་ཀྱི་སེ་ཆང་དཀོན་མཆོག་བསོད་ནམས།།ཕྱོགས་མེད་གྲྭ་སྐོར་བ་པེ་ལུག་འཇིགས་མེད་རྒྱ་མཚོ།།བསྟན་པར་ཕྱག་རྗེས་ཅན་སུ་ཉིད་དགེ་འདུན་དར་རྒྱས།།མཁས་པ་འདི་གསུམ་ཡང་གུས་པས་སྒོ་ནས་འདུད་དོ།།

༼༨༠༽

ལུང་རྟོགས་ཡོན་ཏན་གྱི་མཛོད་དུ་གྱུར་ཙམ་མིན་པར།།ལན་ཝར་དབུ་ཅན་དང་དབུ་མེད་ཚང་མ་བསླབས་ནས།།ཁྲི་ཆེན་གུང་ཐང་བས་མདོ་རྒྱན་སྦྱར་བའི་གསུང་བཤད།།ཟིན་བྲིས་འདེབས་མཁན་གྱི་དཀོན་མཆོག་དབང་ཕྱུག་མཆོད་དོ།།

༼༨༡༽

ཐོས་བསམ་སྒོམ་གསུམ་གྱིས་མཁས་པའི་གདན་ཁྲི་བླངས་ཤིང་།།གཞན་ཕན་འཕྲིན་ལས་ཀྱིས་གྲགས་པའི་སྙན་པ་རྒྱས་པ།།དགོན་སྡེ་གསར་འཛུགས་སོགས་བསྟན་དོན་རྒྱ་ཆེར་སྤེལ་མཛད།།ཅོ་ནེ་དགེ་བཤེས་ཏེ་དཀོན་མཆོག་དམ་ཆོས་མཆོད་དོ།།

༼༨༢༽

བཀའ་པོད་གཞུང་ལྔ་ལ་བརྩོན་པས་མཁས་པར་གྱུར་ནས།།དགོན་སྡེ་དུ་མ་ཡི་ཆོས་ཁྲི་བསྟུད་མར་བཞུགས་ཤིང་།།འཇིག་རྟེན་མི་རྟག་ཅེས་ཞེན་པ་ལོག་ནས་ཆས་པའི།།འཇམ་དབྱངས་ཕུན་ཚོགས་ཞེས་རི་ཁྲོད་པ་དེར་འདུད་དོ།།

༼༨༣༽

ཐལ་སྐད་རྣམ་འགྱུར་དང་རྩོད་པའི་སྤོབས་པ་མཐོ་ལ།།ལུང་རིགས་ངར་སྐད་སོགས་གཞན་ལས་ཁྱད་དུ་འཕགས་པ།།མཁས་པའི་རྩལ་རྫོགས་ཏེ་འགྲོ་དོན་རྒྱ་ཆེར་མཛད་པའི།།མི་ཉག་སྤྲུལ་སྐུ་སྟེ་བསྟན་པའི་ཉི་མ་མཆོད་དོ།

༼༨༤༽

ཐོས་བསམ་མཐར་ཕྱིན་ཞེས་མིང་རྐྱང་གཅིག་བུ་མིན་པར།།དགོན་པ་བདུན་ལྷག་གི་འཆད་ཉན་བཤད་སྒྲུབ་བཟུང་ཞིང་།།ལྷག་པར་བཀའ་འགྱུར་འདི་དག་ཚར་བཅུ་བདུན་གནང་བའི།།ངེས་དོན་བཀའ་འགྱུར་བ་དཀོན་མཆོག་དཔལ་འཛིན་མཆོད་དོ།། 

༼༨༥༽

མདོ་སྔགས་ཡོངས་རྫོགས་ལ་སྦྱངས་ཏེ་མཁས་པར་གྱུར་ཅིང་།།འདུལ་བའི་སྤྱོད་ལམ་གྱིས་རྡོ་རྗེ་འཛིན་པར་བསྐོས་པ།།ཀུན་མཁྱེན་བཀའ་བཞིན་དུ་ཐུའུ་བཀྭན་ཡོངས་འཛིན་མཛད་པའི།།མཛོད་དགེ་དོན་སེང་ངམ་དཔལ་ལྡན་གྲགས་པ་མཆོད་དོ།།

༼༨༦༽

འདོད་ཆུང་ཆོག་ཤེས་ངང་དཀའ་སྤྱད་དྲག་པོ་བཞེས་ནས།།མདོ་སྔགས་རིག་གནས་ཀུན་མཁས་པས་པཎྜི་ཊ་ཞེས།།ཆོ་ལོ་གཞུང་སྤྱི་ནས་གནང་བ་དོན་དང་མཐུན་པའི།།དབལ་མང་ཆུང་བ་སྟེ་དཀོན་མཆོག་ཆོས་འཕེལ་མཆོད་དོ།།

༼༨༧༽

གྲྭ་རྐྱང་དཀྱུས་མ་བྱས་ཚོགས་ཆོས་འཆད་མེད་གནང་སྟེ།།དཀའ་སྤྱད་ལྷོད་མེད་ཀྱིས་ཐུགས་གཉེར་ལེགས་པར་བསྐྱངས་པ།།བྱང་སེམས་བཅོས་མིན་གྱིས་གཞན་དོན་སྤྱན་ཆབ་བསིལ་བའི།།ཀྲང་ཀྱ་ཞབས་དྲུང་སྟེ་འཇམ་དབྱངས་སྐལ་ལྡན་མཆོད་དོ།།

༼༨༨༽

ཅི་གསུང་ཡི་གེ་ལ་ཕབས་པའི་འཁྱུག་རྩལ་རྫོགས་ཤིང་།།དགེ་ལྡན་སྙན་བརྒྱུད་ཀྱི་གཏེར་མཛོད་གཅིག་བུར་གྱུར་བ།།དབང་ལུང་མན་ངག་གི་བརྒྱུད་པ་ཡོད་ཚད་གཏུགས་ས།།བླ་བྲང་ཨ་ཁུ་ཚང་ཤེས་རབ་རྒྱ་མཚོ་མཆོད་དོ།།

༼༨༩༽

སྐུ་སྨད་སྟག་ཤམས་ཀྱི་རི་མོ་མཛེས་པར་གསལ་ཞིང་།།ཞབས་མཐིལ་འཁོར་ལོ་དང་དུང་སོགས་གསལ་བར་དོད་པ།།མདོ་སྔགས་ལེགས་བཤད་ཀྱི་མྱོང་ཁྲིད་འཆད་མེད་གནང་བའི།།བསྟན་པའི་མཁན་ཆེན་དེ་ངག་དབང་དགེ་ལེགས་མཆོད་དོ།།

༼༩༠༽

དགོན་མང་ཁྲིས་བསྐྱངས་པ་གདོང་ཀྱ་དཀོན་མཆོག་དབང་ཕྱུག།རྒྱ་མཁར་གྲུབ་དབང་བ་དཀོན་མཆོག་བསྟན་པའི་རྒྱལ་མཚན།།འབོ་རྭའི་རྡོ་རམས་པ་དགེ་བཤེས་དཀོན་མཆོག་དོན་གྲུབ།།

མཁས་པ་འདི་གསུམ་ཡང་གུས་པའི་སྒོ་ནས་མཆོད་དོ།།

༼༩༡༽

སྐྱེས་སྦྱངས་ཤེས་རབ་གཉིས་གསལ་ཞིང་རྣོ་བའི་སྟེང་ལ།།ཚོགས་ཆོས་ཆག་མེད་ཀྱིས་སྦྱངས་པ་མཐའ་ལ་གཏུགས་ཅིང་།།འཆད་པའི་སྨྲ་བརྗོད་ནི་བདེ་ལ་ཁས་ལེན་ཞིབ་པའི།།གཙོས་བན་དགེ་བཤེས་ཏེ་དཀོན་མཆོག་བསྟན་དར་མཆོད་དོ།།

༼༩༢༽

རྒྱ་སྤོས་གཅིག་ཡུན་ལ་མདའ་ཚད་སུམ་ཅུ་ཟིན་ཅིང་།།ཐོས་བསམ་དཀའ་སྤྱད་ཀྱིས་པོད་ལྔར་དཔྱིས་ཕྱིན་སྦྱངས་ནས།།ཟབ་དོན་སྙན་བརྒྱུད་ཀྱི་གདམས་པ་ཡོངས་སུ་མནོས་པས།།གདམས་པའི་མཛོད་གྱུར་བ་དཀོན་མཆོག་རྒྱ་མཚོར་འདུད་དོ།།

༼༩༣༽

ཐོས་བསམ་ཤེས་རབ་ཀྱིས་རྡོ་རམས་དམ་བཅའ་བཞག་ཅིང་།།བསམ་སྒོམ་ཟུང་འབྲེལ་གྱིས་སྔགས་ཀྱི་དམ་བཅའ་ཐོན་པ།།མངོན་ཤེས་ཕྲ་མོ་ལ་མངའ་བརྙེས་སོགས་ཀྱིས་བསྔགས་ཡུལ།།དགེ་བཤེས་དབལ་མང་བ་བསྟན་དར་གུས་པས་མཆོད་དོ།།

༼༩༤༽

གཞུང་ཆེན་པོད་ལྔ་ཡི་མཐའ་དཔྱོད་ཟུར་བཀོལ་ཕལ་ཆེར།།ཁྲི་ཆེན་གུང་ཐང་བར་བློ་རྒྱུགས་རྫོགས་པར་ཕུལ་ནས།།བཀའ་པོད་ཡོངས་རྫོགས་ལ་ཐུགས་གཉེར་སློབ་མཐར་ཕྱིན་པའི།།ཆོས་ཁྲི་ཞེ་གསུམ་པ་དགེ་འདུན་དར་རྒྱས་མཆོད་དོ།།

༼༩༥༽

སྐྱབས་མགོན་མཚན་ཞབས་པ་ཁོ་ཚེ་འཇིགས་མེད་དར་རྒྱས།།སྒང་ཁ་མཁས་དབང་སྟེ་འཇམ་དབྱངས་བསྟན་པའི་ཉི་མ།།ཁྲི་རབས་ཞེ་བཞི་བ་སྤྲུལ་སྐུ་བློ་བཟང་དཀོན་མཆོག།མཁས་དབང་འདི་གསུམ་ཡང་དང་བའི་སེམས་ཀྱིས་མཆོད་དོ།།

༼༩༦༽

ཐིག་ཕྲེང་གཅིག་གཉིས་ལས་ཐོག་མར་མི་ཟིན་མོད་ཀྱི།།དཀའ་སྤྱད་སྡུག་རུས་ཀྱིས་གསེར་ཕྲེང་སྟོད་ཆ་བཟུང་ཚེ།།སྔོན་མེད་བྱིན་རླབས་ཀྱིས་ཤེས་རབ་མེ་ལྟར་འབར་ནས།།མཁས་པའི་རྩེར་སོན་པ་དགེ་འདུན་དཔལ་བཟང་མཆོད་དོ།།

༼༩༧༽

ཏོག་ར་ཁམ་ཚན་གྱི་དགེ་རྒན་ལོ་མང་མཛད་ནས།།བཀྲ་ཤིས་འཁྱིལ་བ་རུ་ཆོས་ཀྱི་ཁྲི་ལ་བཞུགས་པ།།རོང་ངར་དགོན་བཏབ་ནས་རང་གཞན་དོན་ཆེན་སྒྲུབ་པའི།།ཐང་དཀར་ལྷ་རམས་པ་བློ་བཟང་ཆོས་འཛིན་མཆོད་དོ།།

༼༩༩༽

དགེ་བཤེས་ཚེ་མཚམས་པ་ཨ་སྐྱི་དཀོན་མཆོག་སེང་གེ།།གཟིགས་སྣང་ཡ་མཚན་ཅན་སྐྱོར་དཔོན་དཀོན་མཆོག་ཉི་མ།།གཞུང་མང་བློར་འཛིན་པ་སྒོ་མང་ཆོས་འབྱོར་རྒྱ་མཚོ།།མཛད་པ་ཁྱད་མཚར་ཅན་འདི་གསུམ་སྙིང་ནས་མཆོད་དོ།།

༼༡༠༠༽

མདོ་སྔགས་ཆོས་སྤེལ་བ་ར་རྒྱ་བསོད་ནམས་རྒྱ་མཚོ།།དགོན་མང་ཁྲི་མཛད་པ་ཆོས་རྫོང་བསྟན་པའི་དཔལ་འཛིན།།ཤིས་ཚང་རྡོ་རམས་པ་ལོ་ཚོ་འཇིགས་མེད་རྒྱ་མཚོ།།དམ་པ་འདི་གསུམ་ཡང་གུས་པའི་སྒོ་ནས་མཆོད་དོ།།

༼༡༠༡༽

མདོ་སྔགས་གཞུང་ལུགས་ཀུན་རྟོགས་པ་གཅིག་བུ་མིན་པར།།གདམས་པའི་ཡང་སྙིང་ཀུན་གོ་བདེའི་ངག་གི་ལམ་ནས།།གདུལ་བྱའི་ཁམས་བཞིན་དུ་བསླབ་བྱའི་ཕྲེང་བ་སྤེལ་མཁས།།འདྲ་སྐུ་གསུང་བྱོན་ཅན་ཞང་ལྷའི་ཐབས་མཁས་མཆོད་དོ།།

༼༡༠༢༽

དབལ་མང་པཎྜི་ཊ་བསམ་སྦྱོར་གཉིས་ཀྱིས་བསྟེན་ནས།།མདོ་སྔགས་རིག་གནས་ཀུན་སྦྱངས་པ་ཕུལ་རྩེར་སོན་པ།།བྲག་དགོན་སྤྲུལ་སྐུ་སྟེ་དཀོན་མཆོག་བསྟན་པ་རབ་རྒྱས།།མདོ་སྨད་ཆོས་འབྱུང་གི་བྱེད་པོ་དེ་ལ་འདུད་དོ།།

༼༡༠༣༽

དུས་འཁོར་གྲྭ་ཚང་ནས་བཀའ་རམས་ཐུག་བར་ཕེབས་རྗེས།།ཁ་དོག་དཀར་དམར་ནས་ཞུགས་ཏེ་པོད་ལྔར་སྦྱངས་ཤིང་།།དགོན་སྡེ་དྲུག་བདུན་གྱི་ཁྲི་རབས་བཟུང་བའི་མཁས་པ།།བླ་ཁོའི་བླ་སར་ཏེ་འཇམ་དབྱངས་རྒྱ་མཚོ་མཆོད་དོ།།

༼༡༠༤༽

ཀུན་མཁྱེན་གསུམ་པ་ཡིས་པྲ་ཉེའི་སྤྲུལ་སྐུར་བཅད་ཅིང་།།མདོ་དབུས་གཉིས་ཀ་ནས་མཁས་པས་མཁན་པོ་བླངས་པ།།གསུང་རྩོམ་སྙན་ངག་སོགས་པོད་ལྔ་ཡོད་པའི་དགེ་བཤེས།།པྲ་ཉེ་ངག་དབང་བ་ཐུབ་བསྟན་རྒྱ་མཚོ་མཆོད་དོ།།

༼༡༠༥༽

རིགས་དང་ཡོན་ཏན་གྱིས་མཐོ་ཡང་དམན་ཆ་ལེན་པའི།།དཔོན་ཚང་ཆོས་མཛད་པ་དགེ་བཤེས་བློ་གྲོས་རྒྱ་མཚོ།།འཇིགས་བྱེད་བརྙེན་ཆེན་པ་དྲེད་ཁོག་བློ་བཟང་སྦྱིན་པ།།དགེ་བཤེས་འདི་གཉིས་ཀྱང་གུས་པའི་སྒོ་ནས་འདུད་དོ།།

༼༡༠༦༽

བཀྲ་ཤིས་འཁྱིལ་བ་ནས་མཁས་པའི་ཡང་རྩེར་སོན་ནས།།ཁྱ་དགེར་མཚན་ཉིད་བཙུགས་རོང་བ་ཧལ་ཞི་སྤན་དུ།།ཞལ་གྲངས་ལྔ་བརྒྱ་ལ་ཉེ་བའི་འདུས་སྡེ་བཙུགས་པའི།།བསྟན་དོན་རྒྱ་ཆེ་བ་དཀོན་མཆོག་དམ་ཆོས་མཆོད་དོ།།

༼༡༠༧༽

ཁྲི་ཆེན་གུང་ཐང་བར་རྨི་ལམ་ནང་ནས་མཇལ་ཏེ།།ཤེར་སྙིང་ཡོངས་རྫོགས་ཀྱི་ལྗགས་བཤད་གནང་བ་རྨིས་བས།།ལུང་རིགས་སྨྲ་བ་ཡི་སྤོབས་པ་ཀློང་ནས་རྡོལ་བའི།།མཛོད་ཀྱི་དཀའ་གནས་པ་དཀོན་མཆོག་ཉི་མར་འདུད་དོ།།

༼༡༠༨༽

དཔག་དཀའི་ཡོན་ཏན་གྱི་རྒྱ་མཚོ་བསྐྱིལ་བའི་སྟེང་ལ།།མཁས་བཙུན་བཟང་གསུམ་གྱི་བ་དན་མཐོན་པོར་བསྐྱོད་པ།།ཐབས་ཤེས་གྲུ་གཟིངས་ཀྱིས་འགྲོ་བ་འདྲེན་པའི་དེད་དཔོན།།སྒོ་མང་མཁན་པོ་སྟེ་བློ་བཟང་ཚུལ་ཁྲིམས་མཆོད་དོ།།

༼༡༠༩༽

བཀའ་པོད་གཞུང་ལྔ་ལ་ཐོས་པས་ངོམས་པ་མེད་ཅིང་།།གསང་ཆེན་སྡེ་བཞི་ལ་བསམ་པས་མྱོང་བ་ཐོན་པ།།ཐོས་བསམ་གདམས་ངག་ཏུ་བསྩལ་ནས་གསུང་རྩོམ་གནང་མཁན།།རྒྱལ་མཁན་བཞི་བ་སྟེ་གྲགས་པ་རྒྱ་མཚོ་མཆོད་དོ།།

༼༡༡༠༽

དཔའ་རིས་རབ་གསལ་གྱིས་བཀའ་པོད་ལྔ་ག་ཞུ་སའི།།གཞུང་བརྒྱ་སྨྲ་བ་ཡི་དབང་ཕྱུག་དམ་པར་གྱུར་བ།།རྒྱལ་བོ་རཱ་མ་ཎཱའི་རྟོགས་འགྲེལ་རྩོམ་སྐུལ་གནང་མཁན།།དགེ་བཤེས་དཔའ་རིས་པ་བློ་བཟང་ཆོས་འཕེལ་མཆོད་དོ།།

༼༡༡༡༽

དཔའ་རིས་རབ་གསལ་གྱིས་དགོངས་པ་ཞུས་རྗེས་བཞག་པའི།།ཁྲི་ཆེན་ཟམ་ཚ་བ་སྐུ་ཕྲེང་ལྔ་བའི་ཡོངས་འཛིན།།གསུང་འབུམ་རིན་ཐང་ཅན་སྔགས་རིམ་ལྟ་བའི་མིག་འབྱེད།།ལེགས་རྩོམ་གནང་མཁན་གྱི་དགེ་བཤེས་འདན་ཕྲུག་མཆོད་དོ།།

༼༡༡༢༽

ཞྭ་དམར་པཎྜི་ཊ་དགེ་འདུན་བསྟན་འཛིན་མཆོག་དང་།།དཔའ་རིས་རབ་གསལ་ལ་སྒྲ་རྩིས་རྫོགས་པར་གནངས་མཁན།།སྡེ་ཁྲི་རིན་པོ་ཆེའི་དྲུང་ཡིག་ཐུབ་བསྟན་རྒྱ་མཚོར།།བཀའ་དྲིན་ཆེ་བ་དེའི་ཆ་ནས་གུས་པས་མཆོད་དོ།།

༼༡༡༣༽

རྩོད་རིགས་རྣོ་བ་དང་བརྩོན་པས་མཚན་ཕུད་གནང་སྟེ།།གཞུང་ཆེན་པོད་ལྔ་དང་ལྷག་པར་མཛོད་ལ་མཁས་པས།།ཁ་གྱ་དར་རྒྱས་དང་ཕལ་ཆེར་མཉམ་ཞེས་གླེང་སའི།།སྤོས་མེས་མཚན་ཕུད་བ་དཀོན་མཆོག་དགེ་ལེགས་མཆོད་དོ།།

༼༡༡༤༽

ཐོར་གོད་ཇ་སག་གིས་གྲྭ་རྒྱུན་ལྔ་བཅུའི་ནང་གི།།པོད་ལྔའི་ཚིག་དོན་ལ་མཁས་ཤིང་འགྲན་ཟླ་བྲལ་བ།།དགོན་ཆེན་དུ་མ་ལ་འཆད་ཉན་དར་སྤེལ་གཏོང་མཁན།།ཐོར་གོད་ཆོས་ལྡན་ཞེས་དགེ་བཤེས་དེ་ལ་འདུད་དོ།།

༼༡༡༥༽

རྒྱུན་ལྡན་བརྩོན་འགྲུས་དང་ཤེས་རབ་ཟུང་དུ་སྦྲེལ་བས།།གཞུང་ཆེན་པོད་ལྔ་ལ་གོ་བ་ཡང་དག་རྙེད་དེ།།དཀོན་མཆོག་ཉི་མ་དང་མཁས་གྲགས་གཉིས་ཀ་མཉམ་པའི།།ཤིས་ཚང་དགེ་བཤེས་ཏེ་འཇམ་དབྱངས་ཐོགས་མེད་མཆོད་དོ།།

༼༡༡༦༽

སྣ་རིང་དྲུག་བརྒྱ་ལྷག་ཚོགས་རྒྱུགས་ཤར་ཤུར་ཕུལ་ཅིང་།།ཐལ་ཕྲེང་ཟུར་བཀོལ་ཀུན་བློ་ལ་ངེས་པའི་སྟེང་ནས།།པོད་ཐུ་ལྔ་ག་ལ་དགེ་བཤེས་དཔེ་མེད་ཐོན་པའི།།སྐྱ་གྱ་སྐྱོར་དཔོན་ཏེ་དཀོན་མཆོག་བཟོད་པ་མཆོད་དོ།།

༼༡༡༧༽

གཞུང་ལུགས་རབ་འབྱམས་ལ་གུས་རྟག་བརྩོན་པས་སྦྱངས་ནས།།རྒྱ་ནག་སྤྲུལ་སྐུ་དང་རྩོད་པའི་མཆེད་ཟླར་གྱུར་བ།།དགོན་ལྷག་མང་བོ་ལ་འཆད་ཉན་སྤེལ་བའི་དྲིན་ཅན།།རྫོང་གྲྭ་འགྱོང་ནང་གི་དཀོན་མཆོག་རྒྱ་མཚོ་མཆོད་དོ།།

༼༡༡༨༽

ཞྭ་དམར་པཎྜི་ཏའི་སློབ་དཔོན་གུང་ཐང་ཚུལ་ཁྲིམས།།སྡེ་ཁྲིའི་ཐུབ་བསྟན་དང་ཨ་ལགས་ནུ་གའི་ཟླ་བ།།བྲག་དགོན་རྒྱལ་མཚན་སོགས་ཐ་སྙད་མཁན་པོ་ཚོ་ཡང་།།ཐ་སྙད་གཙུག་ལག་ལ་བཀའ་དྲིན་ཆེ་བས་མཆོད་དོ།།

༼༡༡༩༽

གཉན་ཁྲོད་ཆུ་མིག་ལ་བརྒྱ་རྩ་བཅུ་ལྷག་འགྲིམ་ནས།།ལུས་སྦྱིན་གདམས་པ་ཡིས་རྟོགས་པ་རང་གྲོལ་བྱས་པ།།གྲུབ་པའི་རྣལ་འབྱོར་བ་སྐལ་བཟང་ཐུབ་བསྟན་དབང་ཕྱུག།སྐྱབས་མགོན་བཞི་བ་མཆོག་གུས་པས་ལན་བརྒྱར་འདུད་དོ།།

༼༡༢༠༽

རྨ་ཆུའི་ཕ་རོལ་ཏུ་གདིང་བ་བཏིང་ནས་ཕེབས་དུས།།གྲུ་དཔོན་རྒན་པོ་ཡང་མི་ཕྱེད་དད་པ་སྐྱེས་ཏེ།།བླ་བྲང་གྲྭ་བ་ཚོར་གླ་ཆ་མི་ལེན་ཟེར་སའི།།སྨད་སོག་ལེགས་བཤད་ཅེས་གྲུབ་ཐོབ་དེ་ལ་འདུད་དོ།།

༼༡༢༡༽

ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ།།མཁས་རྒུའི་གཙུག་ནོར་བ་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ།།མཁས་དབང་འདི་གཉིས་ཀྱིས་གདམས་པ་འདི་ནས་བླངས་ཏེ།།གཞན་ལ་སྤེལ་བ་དེའི་སྒོ་ནས་གུས་པས་འདུད་དོ།།

༼༡༢༢༽

མདོ་དབུས་གཉིས་ཀ་ནས་བཀའ་པོད་ལྔ་ལ་སྦྱངས་ནས།།དགོན་པ་སུམ་ཅུ་ཡི་དགོན་མགོ་བཟུང་སྟེ་བསྐྱངས་ཤིང་།།ཆོས་སྲིད་གཉིས་ཆ་ནས་བསྟན་འགྲོར་བྱས་རྗེས་ཆེ་བའི།།ཁྲི་ཆེན་གུང་ཐང་བ་བསྟན་པའི་ཉི་མ་མཆོད་དོ།།

༼༡༢༣༽

དབལ་མང་པཎྜི་ཏའི་མདུན་ནས་རབ་ཏུ་བྱུང་ཞིང་།།བཀའ་པོད་ལྔ་ག་ལ་སྦྱངས་ཤིང་ཁྲི་མང་མཛད་ལ།།ཆོས་འཁོར་སྒར་གསར་གྱི་མཚན་ཉིད་སློབ་དཔོན་བྱས་པའི།།དགེ་བཤེས་རྐང་ཚ་བ་དཀོན་མཆོག་དོན་ཡོད་མཆོད་དོ།།

༼༡༢༤༽

གཞུང་པོད་ལྔ་ག་ལ་མཁས་པའི་རྡོ་རྗེ་འཛིན་པ།།ཀླུ་ཤོད་སྐྱི་ཚ་ཡི་དགེ་བཤེས་བསོད་ནམས་རྒྱལ་མཚན།།པོད་ལྔར་མཁས་པ་ཡི་ཐེ་བོ་དཀོན་མཆོག་ཕུན་ཚོགས།།དགེ་བཤེས་འདི་གཉིས་ཀྱང་གུས་པའི་སྒོ་ནས་མཆོད་དོ།།

༼༡༢༥༽

ཁྲི་རབས་བཅོ་བརྒྱད་པ་ཁྲི་ཆེན་རབ་བརྟན་རྒྱ་མཚོས།།བརྒྱ་མཆེད་ངག་དབང་གི་བུ་རུ་སྐྱེ་ཞེས་གསུངས་བཞིན།།འཁྲུངས་ཤིང་ཆོས་དཔལ་ཞིང་དགོན་པ་གསར་འདེབས་མཛད་མཁན།།སྤྲུལ་སྐུ་དཀོན་མཆོག་དེ་བསྟན་འཛིན་རྒྱ་མཚོ་མཆོད་དོ།།

༼༡༢༦༽

ཆུང་དུས་སློབ་གཉེར་ལ་བརྩོན་པ་ལྷོད་མེད་བྱས་མཐར།།སྐྱབས་མགོན་བཞི་བ་ཡིས་བཀའ་བཞིན་གཉན་ཐོག་དགོན་བཏབ།།ཕྱིས་སུ་རི་ཁྲོད་ནས་སྤངས་དང་རྟོགས་པ་བརྙེས་པའི།།གཉན་ཐོག་གཅོད་པ་བ་སྐལ་བཟང་ཐབས་མཁས་མཆོད་དོ།།

༼༡༢༧༽

བདེ་སྟོང་ཟུང་འབྲེལ་གྱི་ཉམས་ལེན་མཐའ་ལ་གཏུགས་ཅིང་།།དགེ་ལྡན་སྙན་བརྒྱུད་ཀྱི་མན་ངག་ཐུགས་ལ་བསྐྱིལ་ཏེ།།མི་ཟད་གསང་གསུམ་གྱི་གདམས་པ་ཡོངས་སུ་རྫོགས་པའི།།བླ་ཁོ་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་མཆོད་དོ།།

༼༡༢༨༽

བཀའ་པོད་ཡོངས་རྫོགས་ལ་མཁས་ཞེས་གྲགས་པ་རྒྱས་པའི།།གླིང་ཚང་སྤྲུལ་སྐུ་སྟེ་འཇིགས་མེད་བློ་གྲོས་རྒྱ་མཚོ།།མདོ་དབུས་གཉིས་ཀ་ནས་མཁས་པའི་རྒྱ་མཁར་ལྔ་བ།།སྤྲུལ་སྐུ་འདི་གཉིས་ཀྱང་མཁས་པ་ཡིན་པས་མཆོད་དོ།།

༼༡༢༩༽

བཀྲ་ཤིས་འཁྱིལ་བ་ནས་མཁས་པའི་གོ་འཕང་བརྙེས་ནས།།སྐུ་འབུམ་བྱམས་གླིང་གི་ཁྲི་རབས་དོན་གཉིས་བཞུགས་ཤིང་།།གྲོ་ཚང་མཁན་ཆེན་ཞེས་མཁས་པའི་གྲགས་པ་ཅན་གྱི།།གྲོ་ཚང་བློ་བཟང་བ་བསྟན་པ་ཡར་འཕེལ་མཆོད་དོ།།

༼༡༣༠༽

སྐྱེས་སྦྱངས་ཤེས་རབ་ཀྱི་གཡུ་རལ་མཁའ་ལ་གསིག་ཅིང་།།རྒོལ་ངན་སྙིང་འགས་པའི་རྩོད་པའི་མཆེ་སྡེར་བགྲད་ནས།།ཞྭ་སེར་བསྟན་པ་ཡི་གངས་ལ་འགྱིང་བའི་དཔའ་བོ།།དཔའ་རིས་རབ་གསལ་ཞེས་རིགས་པའི་སེང་ཆེན་མཆོད་དོ།།

༼༡༣༡༽

མདོ་དབུས་གཉིས་ཀ་ནས་མདོ་སྔགས་མཁྱེན་པ་ཙམ་མིན།།རིག་པའི་གནས་ཀུན་ལ་སྨྲ་བའི་མཆོག་ཏུ་གྱུར་ཅིང་།།ལྕང་སྐྱའི་གསན་སྦྱོང་ཆེད་དབུ་ཕར་ཚད་གསུམ་མཛད་པའི།།ཀ་མདོའི་ཞབས་དྲུང་བ་དཀོན་མཆོག་ཚུལ་ཁྲིམས་མཆོད་དོ།།

༼༡༣༢༽

དཔའ་རིས་རབ་གསལ་མཆོག་ཐོག་མར་དགོན་འདིར་འགུག་མཁན།།དངུལ་རྭའི་ཁ་ཆེ་དང་དཔྱོད་ལྡན་ཀ་མདོའི་ཞབས་དྲུང་།།སྨད་སོག་གཞོན་ནུ་སོགས་སྟག་སེང་གཡུལ་ངོར་ཞུགས་འདྲའི།།རིགས་སྨྲའི་དཔུང་ཚོགས་དེར་དང་བའི་སེམས་ཀྱིས་མཆོད་དོ།།

༼༡༣༣༽

བཀྲ་ཤིས་འཁྱིལ་བ་ཡི་འཆད་ཉན་ཤིན་ཏུ་དར་སྐབས།།པཎ་ཆེན་དགུ་བ་ཡིས་ཆེད་དུ་གདན་དྲངས་བཞིན་དུ།།བཀྲ་ཤིས་ལྷུན་པོ་ལ་ཀུན་མཁྱེན་ཡིག་ཆ་འཛུགས་མཁན།།བཀྲ་ཤིས་འཁྱིལ་བ་ཡི་དགེ་བཤེས་ལྔ་གར་འདུད་དོ།།

༼༡༣༤༽

ལེགས་བཤད་གཡུ་རལ་གྱི་རྩེ་མོ་དགུང་ལ་གསིག་ཅིང་།།རྩོད་ངག་མཆེ་སྡེར་དེ་རྒོལ་བའི་སྙིང་ལ་འདེབས་པ།།ཟབ་མོ་རྟེན་འབྱུང་དེ་སྙན་པའི་ལམ་ནས་སྒྲོག་མཛད།།ཅོ་ནེ་བླ་མ་སྟེ་བློ་བཟང་རྒྱ་མཚོར་འདུད་དོ།

༼༡༣༥༽

བཀའ་པོད་གཞུང་ལྔ་ཡི་ཚིག་དོན་ཡོངས་སུ་རྫོགས་པ།།བློ་ཡི་གཞོང་བ་ལ་བརྩོན་པས་སྟོབས་ཀྱིས་བསྐྱིལ་བས།།ཀུན་མཁྱེན་ལྔ་བ་ཡིས་གཙུག་གི་རྒྱན་དུ་བཀུར་བའི།།ཡོངས་འཛིན་གྲགས་པ་ཞེས་གྲགས་ཅན་དེ་ལ་འདུད་དོ།།

༼༡༣༦༽

མཁས་གྲགས་འབར་བ་ཡི་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ།།ཐེ་བོ་དཀོན་མཆོག་དང་ཧལ་ཧའི་བསྟན་འཛིན་བསོད་ནམས།།རྒན་གྱའི་གྲགས་པ་སོགས་ཀུན་མཁྱེན་ལྔ་བའི་མཚན་ཞབས།།རིགས་སྨྲའི་ཁྱུ་མཆོག་བརྒྱད་གཙུག་ཏུ་བཀོད་ནས་མཆོད་དོ།།

༼༡༣༧༽

གཞུང་ལུགས་རབ་འབྱམས་ལ་མཁས་རྒྱ་གཟིགས་རྒྱ་ཆེ་ཞིང་།།ལྷག་དོན་འདུལ་མཛོད་ལ་གཟིགས་རྒྱ་གཞན་ལས་ཆེ་བ།།གུང་ཐང་བློ་གྲོས་ལ་མཆིམས་མཛོད་ལན་བདུན་ཁྲིད་མཁན།།མཆིམས་མཛོད་དགེ་བཤེས་ཏེ་དགེ་འདུན་དཔལ་བཟང་མཆོད་དོ།།

༼༡༣༨༽

གཞུང་ཆེན་བཅུ་བདུན་ལ་རྒྱུན་པར་ཐུགས་སྐྱོར་གནང་ཞིང་།།གུས་སྦྱོར་རྟག་སྦྱོར་གྱིས་དཀའ་གནད་དམིགས་ཀྱིས་བཀར་ནས།།ཀུན་མཁྱེན་བླ་མ་ཡི་ལེགས་བཤད་བ་དན་སྒྲེང་མཁན།།གུང་ཐང་བློ་གྲོས་ཞེས་མཁས་ཆེན་དེ་ལ་འདུད་དོ།།

༼༡༣༩༽

རྒྱལ་དབང་བཅུ་གསུམ་པ་སྐུ་འབུམ་དགོན་ལ་ཕེབས་དུས།།གུང་ཐང་བློ་གྲོས་སོགས་དགེ་བཤེས་མང་བོ་ཕེབས་ནས།།པོད་ལྔའི་དམ་བཅའ་ལ་བཞེངས་དུས་མཁས་གྲགས་འབར་བའི།།ས་དཀར་མུག་ཕྲུག་སྟེ་ཚུལ་ཁྲིམས་རྒྱ་མཚོ་མཆོད་དོ།།

༼༡༤༠༽

སྐུ་འབུམ་དགོན་ཆེན་ནས་བཀའ་གདམས་གཞུང་དྲུག་སྦྱར་ནས།།བཤད་པ་འབྱམས་ཀླས་པས་མཁས་པའི་གྲགས་སྙན་འབར་ཞིང་།།ཐུབ་བསྟན་ཡོངས་རྫོགས་ལ་མཁས་པའི་ཡང་རྩེར་སོན་པའི།།བདེ་ཐང་མཁན་ཆེན་དེ་འཇམ་དབྱངས་ཐུབ་བསྟན་མཆོད་དོ།།

༼༡༤༡༽

གུས་རྟག་བརྩོན་འགྲུས་ཀྱིས་གཞུང་ཆེན་ལྔ་ལ་སྦྱངས་ཤིང་།།ལྷག་པར་མངོན་མཛོད་ཀྱི་གཞུང་གི་གཏུགས་སར་གྱུར་བ།།རྔ་བ་སྒོ་མང་ལ་བཤད་ཁྲིད་དཔེ་མེད་མཛད་མཁན།།དགེ་བཤེས་མཛོད་པ་བ་རྔ་བ་སྨོན་ལམ་མཆོད་དོ།།

༼༡༤༢༽

བཀྲ་ཤིས་འཁྱིལ་བ་ནས་མཁས་པར་གྱུར་བའི་རྗེས་ལ།།འཁྱམས་རུ་དགོན་པ་ལ་ཆོས་ཐོག་མང་བོ་བཙུགས་ཤིང་།།ཁྲི་ཁའི་གོང་བ་ཡི་ཁྲི་ལ་བཞུགས་ནས་བསྐྱངས་པའི།།ཁྱམས་རིའི་སྤྲུལ་སྐུ་སྟེ་སྐལ་བཟང་གྲགས་པ་མཆོད་དོ།།

༼༡༤༣༽

བཀའ་པོད་ལྔ་ག་ལ་སྦྱངས་ནས་མཁས་པར་གྱུར་ཚེ།།ཅོ་ནེ་ཆས་བུ་ཤིས་དགོན་པར་རྟག་བཞུགས་གནང་ནས།།དགོན་པ་དེ་ག་ཡི་འཆད་ཉན་བཤད་སྒྲུབ་སྤེལ་བའི།།དགེ་བཤེས་ཆས་བུ་ཤིས་བཀྲ་ཤིས་རྒྱ་མཚོ་མཆོད་དོ།།

༼༡༤༤༽

འཇིགས་བྱེད་བསྙེན་ཆེན་ལ་བཞུགས་ནས་རྟགས་མཚན་ཐོབ་ཏེ།།ནང་མཆོད་ཡར་འཕྱུར་ནས་ཀུར་གུམ་མདོག་འདྲ་བྱུང་བའི།།སློབ་བུ་མཁས་པ་ཡང་མང་བོ་ཅན་དགེ་བཤེས།།ཨ་མཆོག་མུག་ཕྲུག་ཅེས་བཙན་པོ་དེ་ལ་འདུད་དོ།།

༼༡༤༥༽

འཛིན་གྲྭའི་ཡང་རྩེ་ན་ལུང་དང་རིགས་པས་འགྱིང་བའི།།ཨ་མཆོག་བསམ་གཏན་ཞེས་སྐད་གྲགས་ཆེ་བའི་དགེ་བཤེས།།དགེ་བཤེས་བརྩོན་འགྲུས་ཅན་སྨད་སོག་དར་ཀླད་དམར།།མཁས་པ་འདི་གཉིས་ཀྱང་གུས་སྒོ་ནས་འདུད་དོ།།

༼༡༤༦༽

སྨད་སོད་བཀའ་འགྱུར་བ་ཞེས་པའི་གྲགས་ཅན་དེ་དང་།།ཞབས་དྲུང་མགོ་སེར་ཞེས་བཀའ་འགྱུར་གནང་བའི་སྨད་སོག།སྨད་སོག་བཀའ་འགྱུར་བ་བསང་བདག་རྡོ་རྗེ་ལ་སོགས།།སྨད་སོགས་བཀའ་འགྱུར་བ་ཚང་མར་གུས་པས་མཆོད་དོ།།

༼༡༤༧༽

གསར་གཏོད་སྣ་མང་གི་སློབ་གྲྭ་ཐོག་མར་བཙུགས་ཤིང་།།འཆད་ཉན་དག་ཐེར་དང་བཤད་སྒྲུབ་གོང་དུ་སྤེལ་ནས།།ཆོས་སྲིད་ལུགས་གཉིས་ཀྱི་རྩ་ལག་དམ་པར་གྱུར་བའི།།མཁས་གྲུབ་ཟླ་མེད་པ་སྐྱབས་མགོན་ལྔ་བ་མཆོད་དོོ།།

༼༡༤༨༽

དབུ་ཕར་འདུལ་མཛོད་ལ་སྦྱངས་པ་མཐའ་ཆོད་མཛད་ཅིང་།།ཐ་སྙད་རིག་གནས་དང་ཡིག་རིགས་ཀུན་ལ་བྱང་བ།།ལྷག་པར་སྙན་ངག་ལ་དཎྜིའི་ཁྲི་ལ་གནོན་པའི།།ཞལ་ཤུལ་ངག་དབང་བ་བསྟན་པའི་རྒྱ་མཚོ་མཆོད་དོ།།

༼༡༤༩༽

གདན་སའི་ཀྱཻ་རྡོར་དང་སྨན་པ་ཚོགས་ཆེན་ཁྲི་སོགས།།བཞུགས་ནས་དགོན་པ་འདིའི་ཆོས་སྲིད་ལུགས་གཉིས་ཕྱོགས་ནས།།ཀུན་མཁྱེན་བླ་མ་ཡི་མཛད་པའི་ཞབས་འདེགས་ཞུ་མཁན།།དབལ་མང་འཇམ་དབྱངས་དེ་བསྟན་འཛིན་རྒྱ་མཚོ་མཆོད་དོ།།

༼༡༥༠༽

བླ་ཁོ་རྡོ་རྗེ་འཆང་དགྱེས་ནས་གདམས་པ་ཕྱོ་ས།།ར་ཕུག་ཅུང་གསུམ་དང་མིང་དོན་མཚུངས་ཞེས་གླེང་ས།།དབང་ལུང་མན་ངག་གི་བཅུད་ཀྱི་རྒྱ་མཚོ་འཁྱིལ་སའི།།བདེ་ཐང་མཁན་ཆེན་ཏེ་གཞན་ཕན་འཕྲིན་ལས་མཆོད་དོ།།

༼༡༥༡༽

མདོ་སྔགས་གཞུང་ཆེན་ལ་ཐོས་བསམ་སློབ་མཐར་ཕྱིན་ནས།།སྒྲ་སྙན་སྡེབ་སྦྱོར་དང་ལར་ཝར་ཡིག་གཟུགས་བསླབས་ཤིང་།།ལྷག་དོན་སྙན་རྩིས་ལ་མཁས་ཞེས་གྲགས་པ་ཆེ་བའི།།ཀྲང་ཀྱ་ཞབས་དྲུང་སྟེ་སྐལ་བཟང་དཀོན་མཆོག་མཆོད་དོ།།

༼༡༥༢༽

རིག་པ་གློག་ཞགས་ལྟར་འཁྱུག་པའི་རྣམ་དཔྱོད་མྱུར་ཞིང་།།བཀའ་པོད་གཞུང་ལུགས་ལ་ཐོས་རྒྱ་གོ་རྒྱ་ཆེ་བ།།རྩོད་པའི་ཁ་ལྕེ་དེ་མེ་རི་འབར་འབར་བྱེད་པའི།།ཇུན་གར་སྤྲུལ་སྐུ་ཞེས་མཁས་དབང་དེ་ལ་འདུད་དོ།།

༼༡༥༣༽

མདོ་སྔགས་རིག་གནས་དང་བཅས་པའི་ཚིག་དོན་རྫོགས་ཤིང་།།ལུང་རྟོགས་ཡོན་ཏན་གྱི་གཏེར་མཛོད་ཆེན་པོར་གྱུར་བ།།བསྟན་དང་འགྲོ་དོན་དུ་སྐུ་སྲོག་བཏང་བའི་སེམས་དཔའ།།ཡོངས་འཛིན་རྡོ་རྗེ་འཆང་དཀོན་མཆོག་བསམ་འགྲུབ་མཆོད་དོ།།

༼༡༥༤༽

མདོ་ཕྱོགས་བཀའ་པོད་ལྔ་མཁས་པའི་མིང་ཙམ་མིན་པར།།སྔགས་ཕྱོགས་རྒྱུད་སྡེ་བཞིར་སྒོམ་པའི་ཕྱག་རྗེས་ཆེ་བ།།སྔགས་ཀྱི་དོགས་གཅོད་ཀྱི་ལེགས་བཤད་གསུང་རྩོམ་ཅན་གྱི།།དགེ་བའི་བཤེས་གཉེན་ཆེ་བསྟན་འཛིན་རྒྱ་མཚོར་མཆོད་དོ།།

༼༡༥༥༽

ཀུན་མཁྱེན་བླ་མ་ཡི་ལེགས་བཤད་བླ་ན་མེད་པ།།བཀའ་འགྱུར་བསྟན་འགྱུར་གྱི་དགོངས་པའི་མཐིལ་ལ་གཏུགས་ཤིང་།།ལུང་རིགས་སྨྲ་བ་ལ་དགག་སྒྲུབ་གཡུ་རལ་གཟེངས་པའི།།སེང་གེ་དཔུང་ཚོགས་ཏེ་རབ་ཕུག་ཅུང་གསུམ་འདུད་དོ།།

༼༡༥༦༽

གཞུང་ལུགས་རབ་འབྱམས་ཀྱི་ཚིག་དོན་ནང་བྱན་ཆུབ་ཅིང་།།དབང་ལུང་མན་ངག་གི་གདམས་པ་ཡོངས་སུ་མནོས་པ།།པཎ་ཆེན་བཅུ་བ་ཡི་ཡོངས་འཛིན་དམ་པའི་མཚན་འཆང་།།རིགས་ལྡན་པད་དཀར་དེ་བསང་ཁོག་འཇིགས་མེད་འདུད་དོ།།

༼༡༥༧༽

སློབ་པ་འཕགས་པ་ཞེས་སྟག་ཚང་ལྷ་མོའི་དགེ་བཤེས།།ས་ལམ་ཨ་རྒྱ་ཞེས་བྱང་ཁའི་དགེ་བཤེས་གྲགས་ཅན།།དཔའ་རིས་རྐང་རྗེན་ཞེས་མཁས་པའི་སྙན་པ་མཐོ་བའི།།དགེ་བཤེས་ཡ་མཚན་གསུམ་སྙིང་ནས་གུས་པས་འདུད་དོ།།

༼༡༥༨༽

ལ་མོ་བདེ་ཆེན་ལ་འཆད་ཉན་བཤད་སྒྲུབ་སྤེལ་ཤིང་།།བདེ་ཆེན་གྲྭ་རྒྱུན་ཚོ་བཀྲ་ཤིས་འཁྱིལ་ལ་མངགས་མཁན།།ལ་མོ་བདེ་ཆེན་ལ་སྐུ་དྲིན་གཞན་ལས་ཆེ་བའི།།ལ་མོ་དགེ་བཤེས་དེ་བློ་བཟང་བསྟན་པ་མཆོད་དོ།།

༼༡༥༩༽

བིས་མདོ་དགོན་ཆེན་ལ་འཆད་ཉན་བཤད་སྒྲུབ་སྐྱོང་མཁན།།གནས་དེར་སྐུ་དྲིན་ཅན་དགེ་བཤེས་ཐབས་མཁས་སྣ་ལུག།ཞབས་དྲུང་ཁ་ཆེ་ཞེས་དགེ་བཤེས་བརྩི་མཐོང་ཆེ་བ།།དགེ་བཤེས་འདི་གཉིས་ཀྱང་མཉམ་དུ་གུས་པས་འདུད་དོ།།

༼༡༦༠༽

གཞི་འཇམ་ལོག་རས་དང་དགེ་བཤེས་གཙང་བ་ཡོངས་འཛིན།།རོང་རྟའི་ལྷ་རམས་དང་དགེ་བཤེས་གྲགས་པ་མཐའ་ཡས།།དགེ་འདུན་སྐྱ་སྟོང་ཞེས་གྲགས་པའི་དགེ་བཤེས་འདི་རྣམས།།ཚང་མ་མཉམ་གཅིག་ཏུ་གུས་པའི་སྒོ་ནས་མཆོད་དོ།།

༼༡༦༡༽

དགེ་བཤེས་གང་གྲགས་ཚོ་བཞེས་པ་རྒྱ་ཆེར་དྲངས་ཏེ།།དགེ་བཤེས་མང་བོ་ཡི་ཐུགས་བཅུད་གཅིག་ཏུ་བསྡུས་ནས།།ཆོས་མངོན་རྒྱ་མཚོ་ཡི་དཀའ་གནས་ཁྱབ་མཐར་འགོད་མཁན།།མཛོད་ཀྱི་ཁྱབ་མཐའ་བ་སྨད་སོག་དཀོན་མཆོག་མཆོད་དོ།།

༼༡༦༢༽

རྩོད་པའི་རྣམ་དཔྱོད་དང་མཁྱེན་རབ་གཟི་དཔལ་འབར་ཞིང་།།མདོ་སྔགས་གཉིས་ཀ་ལ་གོ་བས་ལག་ལེན་ཐེབ་པ།།འབྱུང་བཞིའི་ཐིམ་རིམ་དེ་ངོ་སྤྲོད་གནང་བཞིན་གཤེགས་པའི།།ཀླུ་རོའི་མུག་ཕྲུག་གམ་འཇམ་དབྱངས་བསམ་གཏན་མཆོད་དོ།།

༼༡༦༣༽

ཀུན་མཁྱེན་ལྔ་བ་ཡི་མཚན་ཞབས་བྱས་ནས་ཕེབས་པའི།།དབུས་ནས་མཁས་གྲགས་གཉིས་རྒྱས་པའི་ཨ་ལགས་ཀ་སྦུག།སྐལ་བཟང་མགོ་སེར་དང་དགེ་བཤེས་རྒན་གྱའི་སྣ་རིང་།།དགེ་བཤེས་སྐད་གྲགས་ཅན་འདི་གསུམ་གུས་པས་མཆོད་དོ།།

༼༡༦༤༽

ཤེས་རབ་སྙིང་བོ་ཡི་བཟློག་སྦྱར་ལན་མང་བྱས་ནས།།སྟག་ཚང་ལྷ་མོ་ནས་སྤྲད་དེ་ནགས་འདིར་སླེབས་དུས།།ཀུན་མཁྱེན་བླ་མ་ཡིས་རྫོང་བ་ཡོད་ཅེས་བསྔགས་སའི།།གནས་ལྔའི་པཎ་ཆེན་དེ་ལྷ་མོའི་ཚུལ་ཁྲིམས་མཆོད་དོ།།

༼༡༦༥༽

གཞུང་ཆེན་པོད་ལྔ་ལ་ཐོས་པས་སྒྲོ་འདོགས་བཅད་ཅིང་།།གསང་ཆེན་སྡེ་བཞི་ལ་སྒོམ་པས་ཉམས་བཞེས་མཛད་པ།།དཔལ་མགོན་ཀླུ་སྒྲུབ་ཀྱི་ལྟ་བ་རྙེད་པར་གྲགས་པའི།།ཁོ་ཚེ་འཇིགས་མེད་ཅེས་རྟོགས་མཐོན་དེ་ལ་འདུད་དོ།།

༼༡༦༦༽

གྲུབ་པའི་རྣལ་འབྱོར་བ་ཐེ་བོའི་ཤེས་རབ་རྒྱ་མཚོ།།མི་བརྗེད་གཟུངས་ཐོབ་པའི་བསང་ཁོག་ཚུལ་ཁྲིམས་རྒྱ་མཚོ།།བསམ་གཏན་དམར་ནག་ཅེས་དབུས་ནས་མཁས་གྲགས་རྒྱས་པའི།།དགེ་བཤེས་འདི་གསུམ་ཡང་སྤྱི་བོར་བཀོད་ནས་མཆོད་དོ།།

༼༡༦༧༽

རྒྱལ་དབང་བཅུ་བཞི་བ་བཀྲ་ཤིས་འཁྱིལ་བ་ལ་ཕེབས་དུས།།ལམ་རིམ་ཆེན་མོ་ཀུན་ཕུལ་མཁན་བློ་གྲོས་པཱ་ཕྲུག།འདུལ་བ་མདོ་རྩ་བ་ཀུན་ཕུལ་མཁན་དགེ་བཤེས་དྲུག་པོ།།ཐམས་ཅད་སྤྱི་གཙུག་ལ་བཀོད་ནས་ལན་བརྒྱར་འདུད་དོ།།

༼༡༦༨༽

གཞུང་བརྒྱའི་གོ་སྟོབས་ལ་འགྲན་པའི་ཟླ་ཡིས་དབེན་ཅིང་།།རྟག་པར་ལྟ་བ་ཡི་གནད་ལ་གོམས་འདྲེས་ཆེ་བས།།སེ་རའི་དབུ་མ་བ་གྲགས་ཅན་ཟིལ་གྱིས་མནན་པའི།།ཐེ་བོར་ཤེས་རབ་ཅེས་རྟོགས་ལྡན་དེ་ལ་འདུད་དོ།

༼༡༦༩༽

ཐོས་བསམ་བསྒོམ་པ་ཡིས་དགེ་བཤེས་མིང་སྙན་ཐོབ་ཅིང་།།བཅོས་མིན་བྱང་སེམས་ལ་མྱོང་བ་གཏིང་ནས་ཐོན་པ།།ལྟ་བའི་གནད་འགག་ལ་དཔྱད་པས་ཉིན་མཚན་འདའ་བས།།སྟོང་ཉིད་རྟོགས་པ་ཡི་ཀླུ་ཤོད་དཀོན་མཆོག་མཆོད་དོ།།

༼༡༧༠༽

ཁོ་ཚེ་འཇིགས་མེད་ལ་འུ་གཉིས་དགེ་ཕྲུག་གཉིས་ཀ།མ་འོང་བསྟན་འགྲོ་ལ་ཕན་པའི་གཉེན་དུ་འགྱུར་ཞེས།།འབྱུང་འགྱུར་ལུང་བསྟན་ལ་ཐོགས་པ་མེད་པའི་སྤྱན་ཅན།།ཨ་མཆོག་གསུང་རབ་ཅེས་དགེ་བཤེས་དེ་ལ་འདུད་དོ།།

༼༡༧༡༽

རྒྱལ་དབང་བཅུ་བཞི་བ་ཕེབས་པའི་བཀྲ་ཤིས་དུས་དེར།།ཀུན་མཁྱེན་བླ་མ་ཡི་ཐུགས་བཅུད་བླ་ན་མེད་པ།།དབུ་མ་ལུང་རིགས་ཀྱི་གཏེར་མཛོད་ཡོངས་སུ་རྫོགས་པ།།རྒྱུགས་ལ་ཕུལ་མཁན་གྱི་མཚོ་ཁའི་ཞབས་ཞུ་མཆོད་དོ།།

༼༡༧༢༽

བཀྲ་ཤིས་འཁྱིལ་བ་ནས་འཆད་ཉན་ཤིན་ཏུ་དར་སྐབས།།བཀའ་རམས་མན་ཆད་ན་དགེ་བཤེས་འདི་འདྲ་མེད་ཅེས།།དོན་ལྡན་བསྟོད་ཚིག་གིས་བསྔགས་པའི་ཡུལ་དུ་གྱུར་བའི།།མཛོད་དགེ་སྐྱ་རས་ཞེས་དགེ་བཤེས་དེ་ལ་འདུད་དོ།།

༼༡༧༣༽

ཨ་ལགས་ཡ་རུང་གི་ཞབས་ཞུ་མདའ་ཚན་ཐུབ་བསྟན།།ཐེ་བོར་ཚུལ་ཁྲིམས་དང་དགེ་བཤེས་སྣང་རའི་གྲགས་པ།།བྱ་ཁྱུང་ཚུལ་ཁྲིམས་དང་དགེ་བཤེས་དངུལ་རྭའི་ཚུལ་ཁྲིམས།། རིགས་སྨྲ་རྩེར་སོན་ལྔ་གུས་སྒོ་ནས་འདུད་དོ།།

༼༡༧༤༽

འཕགས་པ་བརྒྱད་སྟོང་བ་ཉིན་རེར་ཚར་ལྔ་འདོན་ཞེས།།ཀུན་མཁྱེན་ལྔ་བ་ཡིས་གསན་ནས་མདུན་ལ་བོས་ཏེ།།ཞིབ་གཟིགས་གནང་རྗེས་སུ་རྡོ་རྗེ་ལྕེ་ཐོགས་གསོལ་བའི།།རྡོ་རྗེ་ལྕེ་ཐོགས་པ་དཔར་གི་མགོ་སྟུག་མཆོད་དོ།།

༼༡༧༥༽

རྒྱལ་དབང་རིན་པོ་ཆེ་དགྱེས་པའི་མཆོད་པར་དམིགས་ནས།།ལེགས་བཤད་སྙིང་བོ་དང་སྤྱོད་འཇུག་འགྲེལ་བ་དོན་གསལ།།བྱམས་ཆོས་སྡེ་ལྔ་སོགས་བློར་རྒྱུགས་ཤར་ཤུར་ཕུལ་བས།།ངོ་མཚར་རྨད་བྱུང་ཞེས་བསྔགས་ས་ཐམས་ཅད་མཆོད་དོ།།

༼༡༧༦༽

བཀའ་པོད་ལྔ་ག་ལ་མཁས་པའི་ཡང་རྩེར་སོན་བས།།སྟག་ཚང་སྤྲུལ་སྐུ་ཡིས་བཙན་གྱིས་དགོན་དེར་བཟུང་ནས།།སྟག་ཚང་དགོན་པ་ལ་འཆད་ཉན་བྱ་བ་འཛུགས་མཁན།།ཐེ་བོ་ནག་རས་ཞེས་དགེ་བཤེས་དེ་ལ་འདུད་དོ།།

༼༡༧༧༽

དགེ་བཤེས་ཚད་ལྡན་ཞེས་ཀུན་གྱིས་སྔགས་པ་ཐོབ་སའི།།སྟག་ལུང་པ་ཏཱ་ཡི་ཞབས་སུ་གྲོ་ཚང་སྐམ་པོ།།དཔེ་ཁྲིད་རྒྱུན་ལྡན་དུ་བྱེད་པའི་ཅོ་ནེ་ཁ་ཝ།།དགེ་བཤེས་འདི་གཉིས་ཀྱང་གུས་པའི་སྒོ་ནས་འདུད་དོ།།

༼༡༧༨༽

དབལ་མང་ཆུང་བ་ཡི་ཡོངས་འཛིན་ཙ་ཡས་ཧྲེ་ལྡིང་།།གྲོ་ཚང་སྣ་དམར་དང་ཨ་ལགས་གྱོ་རའི་ཞབས་ཞུ།།སོག་པོ་བརྩོན་འགྲུས་སོགས་མཁས་པའི་ཡང་རྩེེར་སྙེག་པའི།།དགེ་བཤེས་འདི་གསུམ་ཡང་དད་པའི་སྒོ་ནས་འདུད་དོ།།

༼༡༧༩༽

རྒྱལ་དབང་ཡིད་བཞིན་ནོར་ཚོགས་དབུར་ཕེབས་པའི་སྐབས་སུ།།གཞུང་ཆེན་བཀའ་པོད་ལྔའི་ཚིག་དོན་འབྲུག་སྒྲ་ལྡིར་འདྲའི།།རྩོད་པའི་ལུང་རིགས་ཀྱིས་རྒྱལ་བ་སྐུ་འཁོར་བཅས་པ།།དགྱེས་པའི་མཆོད་འབུལ་བ་དགེ་བཤེས་ཐམས་ཅད་མཆོད་དོ།།

༼༡༨༠༽

མདོ་སྔགས་གཞུང་ཀུན་གྱི་ཚིག་ཕྲེང་བཟུང་ཙམ་མིན་པར།།ལེགས་བཤད་མཐའ་དག་ལ་དཔྱད་པའི་བློ་གྲོས་རྫོགས་ཤིང་།།རྩོད་པའི་ཁ་ལྕེ་དེ་དུས་མཐའི་མེ་ལྟར་འབར་བའི།།ཧོར་གཙང་མཁར་མོ་ཞེས་གྲགས་ཅན་དེ་ལ་འདུད་དོ།།

༼༡༨༡༽

ཕྱོགས་གླང་གྲགས་པ་ཡི་རིགས་པའི་ཉིང་བཅུད་ཟབ་མོ།།གནས་གསུམ་གཞལ་བྱ་ཀུན་རིགས་པའི་སྟོབས་ཀྱིས་དཔྱད་ཚེ།།དཔལ་ལྡན་ཆོས་གྲགས་ཀྱི་ཁྲི་ཡི་ཕྱེད་ཀ་ནོན་ཞེས།།ཀུན་ལ་གྲགས་པ་ཡི་དངུལ་རྭའི་ཧྲེ་བོར་འདུད་དོ།།

༼༡༨༢༽

སྐྱེས་ཐོབ་ཤེས་རབ་དེ་རྟུལ་ཞེས་ཀུན་གྱིས་བརྙས་ཀྱང་།།ཞུམ་མེད་རྟག་སྦྱོར་གྱི་བརྩོན་འགྲུས་ལྷོད་མེད་གནང་ནས།།སྦྱོར་བྱུང་ཡོན་ཏན་གྱིས་མཁས་པའི་ཡང་རྩེར་སླེབས་པའི།།བརྩོན་འགྲུས་སྣ་ཕིགས་པ་ཐེ་བོའི་དཀོན་མཆོག་མཆོད་དོ།།

༼༡༨༣༽

སྨྲ་བའི་ཁྱུ་མཆོག་ཏུ་གྲགས་པའི་དམུ་དགེ་བསོད་བཀྲ།།གུང་ཐང་ཡོངས་འཛིན་དུ་བཀུར་བའི་དམུ་དགེ་ཐུབ་བསྟན།།མདོ་སྔགས་གཞུང་ལུགས་ལ་གཞན་དྲིང་མི་འཇོག་མཁས་པ།།དམུ་དགེའི་དགེ་སློབ་གཉིས་གུས་པས་སྒོ་ནས་འདུད་དོ།།

༼༡༨༤༽

ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་ཤིང་།།བསླབ་གསུམ་ཉམས་བཞེས་ཀྱི་ལག་ལེན་མཆོག་ཏུ་བསྟར་བ།།ཁོ་ཚེ་འཇིགས་མེད་ཀྱི་ཚ་བོ་རུས་རྐང་ཅན་པོ།།སྐལ་བཟང་འཁོར་ལོ་ཞེས་དགེ་བཤེས་དེ་ལ་འདུད་དོ།།

༼༡༨༥༽

གུང་ཐང་འཇམ་པའི་དབྱངས་བསྟན་པའི་དབང་ཕྱུག་མཆོག་ལ།།དད་གུས་བླ་མེད་ཀྱིས་ཞུས་ནས་བཀའ་བཞིན་སྒྲུབ་དུས།།བློ་བཟང་གྲགས་པ་ཡི་ཞལ་གཟིགས་བྱིན་གྱིས་བརླབས་པའི།།དཔའ་རིས་ནག་རས་ཞེས་ལས་ཅན་དེ་ལ་འདུད་དོ།།

༼༡༨༦༽

རྔ་བ་སྨོན་ལམ་གྱི་ཐུགས་ན་འཁྱིལ་བའི་ཡོན་ཏན།།རྒྱ་མཚོ་ལྟ་བུ་ལས་སྐྱོགས་གང་བཅུས་ཞེས་གྲགས་པ།།དགེ་བཤེས་མཛོད་པ་བ་དཀོན་མཆོག་བསྟན་འཛིན་ཞེས་དང་།།རྔ་བ་ཁ་ཆག་ཅེས་གྲགས་པ་དེ་ལ་འདུད་དོ།།

༼༡༨༧༽

བཀྲ་ཤིས་ཆོས་སྡིངས་ནས་ཕར་ཕྱིན་དམ་བཅའ་བཞག་རྗེས།།དཔྱི་ས་བློ་གྲོས་ཀྱིས་བཀྲ་ཤིས་འཁྱིལ་དུ་སོང་ལ།།ཚེ་མཇུག་སྐྱོངས་ཤིག་ཅེས་གསུངས་སའི་གནས་ལྔར་མཁས་པའི།།མགར་རྩེ་སྦྱིན་པ་ཞེས་དགེ་བཤེས་དེ་ལ་འདུད་དོ།།

༼༡༨༨༽

གཞུང་ལ་གོ་རིག་གི་མཁྱེན་པ་ཀློང་དུ་རྡོལ་ཞིང་།།འཛིན་སྐྱོར་གུས་རྟག་གིས་བརྩོན་པའི་ཕ་མཐར་སོན་པ།།སྒྲ་རྩིས་རྩལ་རྫོགས་ཤིང་བཀའ་དྲིན་ཤིན་ཏུ་ཆེ་བའི།།ཨ་ཁུ་ཁྱ་དགེ་ཚང་ངག་དབང་རབ་གསལ་མཆོད་དོ།།

༼༡༨༩༽

ཤེས་རབ་རལ་གྲི་ཡི་རྩེ་ན་འོད་སྟོང་འཕྲོ་ཞིང་།།འཆད་རྩོད་རྩོམ་པ་ཡི་ཀློང་ན་རྦ་རླབས་འཕྱུར་བ།།བཀའ་བསྟན་ཞུས་དག་པར་རྒྱལ་བའི་དབང་བོས་བསྐོས་པའི།།བཀའ་འགྱུར་ཞུས་དག་པ་རྡོ་སྦིས་དགེ་བཤེས་མཆོད་དོ།།

༼༡༩༠༽

རྡོ་སྦིས་དགེ་བཤེས་དང་ལྷན་དུ་དབུས་ལ་ཕེབས་ཤིང་།།དབུས་ནས་ལྷ་རམས་པ་བཞག་རྗེས་ངྷི་ཚར་ཕེབས་ཏེ།།ངྷི་ཚར་འཆད་ཉན་གྱིས་བསྐྱངས་པའི་ཨ་ལགས་སྒ་ཚ།།སྒ་ཚའི་དགོན་འདེབས་མཁན་རབ་བརྟན་རྒྱལ་མཚན་མཆོད་དོ།།

༼༡༩༡༽

སྐྱབས་མགོན་ཡོངས་འཛིན་དེ་རྒྱ་ནག་དམག་གིས་བཀྲོངས་རྗེས།།སྐྱབས་མགོན་ཡོངས་འཛིན་ལ་བཞུགས་པའི་དགེ་བཤེས་དོན་ཅན།།སྡེ་ཁྲི་འདི་བ་ཡི་དགེ་རྒན་བློ་བཟང་མཐའ་ཡས།།དད་པས་སྤྱི་གཙུག་ལ་བཀོད་ནས་ཡང་ཡང་མཆོད་དོ།།

༼༡༩༢༽

པོད་ལྔའི་ཚིག་དོན་ལ་སྦྱངས་ནས་མཁས་པར་གྱུར་ཅིང་།།ཐ་སྙད་རིག་གནས་ལ་ཚད་ཐིག་མཐོ་བའི་དགེ་བཤེས།།པེ་ཅིན་སློབ་གླིང་གི་དགེ་རྒན་དང་བོར་ཁྲིད་པའི།།སྦྱིན་པ་ཐང་དཀར་ཐང་ཟེར་བ་དེ་ཡང་མཆོད་དོ།།

༼༡༩༣༽

བརྡ་སྤྲོད་གཞུང་ལུགས་ལ་སྦྱངས་པའི་ཕ་མཐར་ཕྱིན་ཅིང་།།ལྷག་པར་སྒྲ་རྩིས་ལ་མཁས་པའི་ནང་བྱན་ཆུབ་པ།།ཐ་སྙད་གཙུག་ལག་ལ་སྐུ་དྲིན་གཞན་ལས་ཆེ་བའི།།ཨ་ཁུ་ཨོཾ་འཁྱིལ་ཚང་འཇམ་དབྱངས་ལེགས་བཤད་མཆོད་དོ།།

༼༡༩༤༽

སྤྱི་ལོ་ང་བརྒྱད་ཀྱི་མེ་དམར་འབར་བའི་ཤུལ་དུ།།རྟེན་དང་བརྟེན་པ་ཡི་ཕུན་ཚོགས་ཡོད་ཚད་བརླགས་སོང་།།ཆོས་དང་རིག་གཞུང་གི་ནོར་བུ་ཟེར་ཚད་འཕྲོག་སོང་།།བཀྲ་ཤིས་འཁྱིལ་བ་ཡི་ཡོད་ཚད་སྟོང་བར་གྱུར་སོང་།།

༼༡༩༥༽

དུས་ཀྱི་འགྱུར་ལྡོག་གི་མེ་རི་འཕྱུར་བའི་ཤུལ་དུ།།ཚ་ཚ་འུར་འུར་གྱི་གདུག་རྩུབ་ཆེ་བའི་སྐབས་དེར།།ཆོས་རིག་སྒྲོན་མེ་ཡི་སྣུམ་ལ་སྣོན་པ་རྒྱག་ས།།བཀྲ་ཤིས་འཁྱིལ་བ་ཡི་ཞིང་དེར་སླར་ཡང་འདུད་དོ།།

༼༡༩༦༽

དེ་འདྲའི་ཡི་ཆད་ཀྱི་མི་ལོ་སུམ་ཅུའི་རྗེས་སུ།།

པཎ་ཆེན་བཅུ་བ་ཡི་ཐུགས་རྗེ་མཚམས་སྤྲིན་འོག་ནས།།གངས་ཅན་ཤར་ཕྱོགས་ལ་སྐྱིད་ཀྱི་ཉི་མ་ཤར་དུས།།འགྱུར་མེད་གསེར་ནག་གི་འོད་ཟེར་མཁའ་ལ་འཕྲོས་སོ།།

༼༡༩༧༽

འཁྲུག་རྩོད་དབང་ཤེད་ཀྱི་རླུང་དམར་ཇི་ལྟར་འཚུབ་ཀྱང་།།ཐབས་ཤེས་ཕྱག་ཟུང་གིས་ཆོས་རིག་སྒྲོན་མེ་བསྐྱབས་ནས།།བསྒུལ་མེད་རི་བཞིན་དུ་ཕན་བདེའི་རྩ་བ་འཛིན་པའི།།སྐྱབས་མགོན་དྲུག་པ་སྟེ་ཆོས་ཀྱི་ཉི་མ་མཆོད་དོ།།

༼༡༩༨༽

གསེར་ནག་རི་བོ་བཞིན་འགྱུར་མེད་གཤིས་ལ་གྲུབ་ཅིང་།།དྲི་མེད་ཆུ་ཤེལ་བཞིན་ཁྲིམས་ལ་ནག་ཐིག་མེད་པར།།ཟད་མེད་རྒྱ་མཚོ་བཞིན་ཡོན་ཏན་འཛད་མཐའ་མེད་པའི།།དགེ་བའི་བཤེས་གཉེན་ཚོ་བཀའ་དྲིན་སྐུ་དྲིན་ཆེའོ།།

 ༼༡༩༩༽

མདོ་སྔགས་ཡོངས་རྫོགས་ལ་མཁྱེན་པའི་འོད་ཀྱིས་ཁྱབ་ཅིང་།།གཞུང་ཆེན་པོད་ལྔ་ལ་རྩོད་པས་བརྡར་ཤ་ཆོད་པ།།བསྟན་པའི་མེ་རོ་དེ་བཀྲ་ཤིས་འཁྱིལ་ནས་གསོ་མཁན།།དམེ་ཤུལ་འཇིགས་མེད་ཅེས་བཀའ་དྲིན་ཅན་དེར་འདུད་དོ།།

༼༢༠༠༽

མདོ་སྔགས་རིས་མེད་ཀྱི་ཚིག་དོན་ཤར་ཤུར་བྱེད་ཅིང་།།བསླབ་གསུམ་ཉམས་ལེན་གྱི་རྟོགས་པ་རྨད་དུ་བྱུང་བས།།ཨ་མཆོག་མཚན་ཉིད་ལ་བསྟན་པའི་མེ་ལྕེ་སྦར་མཁན།།མདོ་སྔགས་རྩལ་རྫོགས་པ་རྔ་བ་སྦྱིན་པར་འདུད་དོ།།

༼༢༠༡༽

ཆོས་རིག་སྒྲ་ཙམ་ཡང་སྒྲོག་པའི་གོ་སྐབས་མེད་དུས།།འཇིགས་མེད་སྙིང་སྟོབས་ཀྱིས་གོང་ལ་གཏུགས་གཤེར་བྱས་ནས།།བོད་པའི་བླ་སྲོག་ལ་གསོན་པའི་དབུགས་རྒྱུན་སྩོལ་མཁན།།ཐོན་མི་གཉིས་པ་སྟེ་དམུ་དགེ་བསམ་གཏན་མཆོད་དོ།།

༼༢༠༢༽

གཉོམ་ཆུང་ཚུལ་མཐུན་གྱིས་ཐོས་བསམ་སློབ་གཉེར་བྱས་པས།།དམུ་དགེ་བསམ་གཏན་ལས་ལྷག་པའི་དགེ་བཤེས་ཡིན་ཞེས།།འཛིན་གྲྭ་གོང་འོག་གིས་བསྟོད་པའི་མཐེ་བོང་བསྒྲེང་སའི།།རྔ་ལུ་དཀར་དྲས་ཞེས་དགེ་བཤེས་དེ་ལ་འདུད་དོ།།

༼༢༠༣༽

བསྡུས་གྲྭའི་རིགས་ལམ་ལ་འགྲན་ཟླ་མེད་པའི་བློ་ཅན།།རྩོད་པའི་ཁ་སྟོབས་ལ་དོ་ཟླ་མེད་པའི་ལྕེ་ཅན།།ལོག་རྟོག་རྩ་བ་ནས་གཏོར་བའི་སྨྲ་རྩལ་ཅན་གྱི།།ཆོས་འབྱོར་ཁ་བོའུ་ཞེས་ཁ་རྣོན་དེ་ལ་འདུད་དོ།།

༼༢༠༤༽

ཐོས་བསམ་སྒོམ་གསུམ་གྱི་རྩིབས་སྟོང་ལྡན་པའི་འཁོར་ལོས།།མཁས་བཙུན་བཟང་གསུམ་གྱི་ཁྲི་ལ་དབང་བསྒྱུར་མཛད་ཅིང་།།སྙན་བརྒྱུད་གདམས་པ་ཀུན་ཉམས་མྱོང་ཚད་མས་སྩོལ་མཁས།།ཁྲི་ཆེན་གུང་ཐང་བ་བསྟན་པའི་དབང་ཕྱུག་མཆོད་དོ།།

༼༢༠༥༽

བཀའ་འགྱུར་བསྟན་འགྱུར་གྱིས་མཚོན་པའི་ལུང་གི་གདམས་པ།།ལམ་རིམ་སྔགས་རིམ་གྱིས་མཚོན་པའི་ཁྲིད་ཀྱི་གདམས་པ།།གསང་སྔགས་བླ་མེད་ཀྱི་མཚོན་པའི་དབང་གི་གདམས་པ།།གདམས་པའི་གཏེར་ཆེན་ཏེ་བདེ་ཐང་ཞབས་དྲུང་མཆོད་དོ།།

༼༢༠༦༽

བླ་ཁོ་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོས།།བུམ་པ་གང་བྱོས་ཚུལ་གནང་སའི་ཐུགས་ཀྱི་སྲས་མཆོག།ཕ་རྗེས་བུ་རང་དུ་ཟིན་པའི་བྱང་གི་མགོན་པོ།།ཞབས་དཀར་ཡོངས་འཛིན་ཏེ་བློ་བཟང་མཁས་གྲུབ་མཆོད་དོ།།

༼༢༠༧༽

དབུ་ཕར་འདུལ་མཛོད་ཀྱི་ཚིག་དོན་ཀུན་ལ་མཁས་ཤིང།།ལྷག་དོན་མཆིམས་མཛོད་ལ་ཀུན་ལས་ཚད་མར་བཟུང་ནས།།མཛོད་ཀྱི་དཀའ་གནས་ལ་འདྲེས་ཆ་ཤིན་ཏུ་ཆེ་བའི།།ངྷི་ཚ་ཡེ་ཤེས་ཞེས་མཁས་དབང་དེ་ལ་འདུད་དོ།།

༼༢༠༨༽

ལྷ་མོ་ཚུལ་ཁྲིམས་ལ་སངས་རྒྱས་དངོས་སུ་བཟུང་ནས།།དད་གུས་བླ་མེད་ཀྱིས་བསྟེན་པས་བློ་གྲོས་རྒྱས་ཤིང་།།འོད་ཟེར་ཅན་མ་ཡིས་རྗེས་བཟུང་བྱིན་གྱིས་བརླབས་པའི།།འཇམ་དབྱངས་ཉི་མ་ཞེས་སྐལ་ལྡན་དེ་འདུད་དོ།།

༼༢༠༩༽

ལྷོད་མེད་བརྩོན་འགྲུས་ཀྱིས་སྦྱོར་བ་དྲག་ཏུ་བསྟེན་ནས།།དབུ་ཚད་འདུལ་མཛོད་ལ་བག་ཆགས་བཞག་ཙམ་མིན་པར།།ཐོས་བསམ་ཉམས་བཞེས་ཀྱིས་གནད་ལ་འདྲེས་ཆ་ཆེ་བའི།།གྲོ་ཚང་དགེ་ལེགས་ཞེས་འདུལ་འཛིན་དེ་ལ་འདུད་དོ།།

༼༢༡༠༽

འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་ཤིང་།།མདོ་སྔགས་ལེགས་བཤད་རྣམས་འཆད་ལ་ཆགས་ཐོགས་མེད་པས།།བཀྲ་ཤིས་འཁྱིལ་བ་ནས་བསྟན་པའི་སྲོག་ཤིང་འཛིན་མཁན།།དགེ་བཤེས་བཀའ་འགྱུར་བ་དགེ་འདུན་རྒྱ་མཚོར་འདུད་དོ།།

༼༢༡༡༽

མཁས་གྲུབ་གཉིས་ཆ་ནས་བསྟན་འགྲོར་མཛད་རྗེས་ཆེ་བས།།འཇིག་རྟེན་གསར་རྙིང་གི་དགེ་བཤེས་ཀུན་གྱི་གཙུག་རྒྱན།།དགེ་ལྡན་སྙན་བརྒྱུད་ཀྱི་གདམས་པའི་གཏེར་མཛོད་ཆེན་མོ།།བླ་བྲང་ཨ་ཁུ་ཚང་འཇམ་དབྱངས་རྒྱ་མཚོར་འདུད་དོ།།

༼༢༡༢༽

ཐོས་དོན་བསམ་བྱུང་གི་སྒོ་ནས་ཉམས་བཞེས་མཛད་ཅིང་།།བསམ་དོན་སྒོམ་སྟོབས་ཀྱིས་ལག་ལེན་རྒྱུད་ལ་ཕབ་ཚུལ།།དགེ་སློང་མི་འཁྲུགས་པའི་དོ་ཟླ་ཉན་ཞེས་གྲགས་པའི།། བསོད་ནམས་རྒྱ་མཚོ་ཞེས་འདུལ་འཛིན་དེ་ལ་འདུད་དོ།།

༼༢༡༣༽

འཇམ་དབྱངས་དཀར་བོ་ཡིས་རྗེས་བཟུང་བྱིན་གྱིས་བརླབས་པས།།བཀའ་པོད་གཞུང་དོན་ལ་མཁྱེན་པའི་འོད་སྟོང་འཕྲོ་བ།།མདོ་སྔགས་གང་ཡིན་གྱི་དཀའ་བའི་གནད་བརྒྱ་དཀྲོལ་མཛད།།རྔ་བ་གྲགས་པ་ཞེས་རིགས་སྨྲའི་སེང་ཆེན་འདུད་དོ།།

༼༢༡༤༽

ལྷན་སྐྱེས་ཤེས་རབ་ཀྱི་ངོ་བོ་ཟབ་ཅིང་གསལ་བས།།ལམ་རིམ་སྔགས་རིམ་གཉིས་ཐུགས་ནས་ཤར་ཤུར་ཐོན་ཅིང་།།དཀོན་པའི་གདམས་ངག་གི་གཏེར་མཛོད་བླ་ན་མེད་པ།།བློ་བཟང་རྒྱ་མཚོ་ཞེས་གྲགས་ཅན་དེ་ལ་འདུད་དོ།།

༼༢༡༥༽

མདོ་སྔགས་ལེགས་བཤད་ཀྱི་ཆུ་གཏེར་ཐུགས་ན་འཁྱིལ་ཞིང་།།སྒྲ་དག་གསལ་གསུམ་གྱི་དབའ་རླབས་མཁའ་ལ་འཕྱོ་བ།།ཁྱད་པར་ལམ་རིམ་གྱི་གནད་ལ་སྒོ་གསུམ་འདྲིས་པའི།།འཇིགས་མེད་དཔལ་ལྡན་ཞེས་དགེ་བཤེས་དེ་ལ་འདུད་དོ།།

༼༢༡༦༽

མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་རྨད་དུ་བྱུང་ཞིང་།།དབང་ལུང་མན་ངག་གི་གཏེར་མཛོད་མཆོག་ཏུ་གྱུར་བས།།རྒྱལ་དབང་བཅུ་བཞི་བས་བསྟེན་ནས་གདམས་ངག་ལེན་སའི།།མགོ་ལོག་གྲགས་པ་ཞེས་མཛད་རྗེས་ཅན་དེར་འདུད་དོ།།

༼༢༡༧༽

རྒྱ་གར་ལྷོ་ཕྱོགས་ཀྱི་གདམས་པ་འདི་ལ་གནང་ཞིང་།།འདི་ཡི་གདམས་ངག་རྣམས་བླངས་ནས་དེ་ལ་སྤེལ་ཏེ།།ཕན་ཚུན་ཆོས་རྒྱུན་ལ་ཁ་གསབ་མཛད་པའི་དྲིན་ཅན།།འབོ་རྭའི་ཡོན་ཏན་ཞེས་བཀའ་དྲིན་ཅན་དེར་འདུད་དོ།།

༼༢༡༨༽

གཞུང་ཆེན་དུ་མ་ལ་སྦྱངས་ནས་མཁས་གྲགས་འབར་སྐབས།།ཀུན་མཁྱེན་ལྔ་བ་དང་ལྷན་དུ་དབུས་ལ་ཕེབས་ཤིང་།།དེ་རྗེས་རྒྱ་གར་ནས་བཤད་སྒྲུབ་ཁུར་ཆེན་བཞེས་པའི།།སྒྱིས་ཚང་དགེ་བཤེས་དེ་འཇམ་དབྱངས་ཡེ་ཤེས་མཆོད་དོ།།

༼༢༡༩༽

རྟག་པར་གཞུང་དོན་ལ་ཟུག་པས་ངོ་མཚར་གྱུར་ཏེ།།གཉིད་ཚེ་རྨི་ལམ་ནས་བརྩད་དེ་སྒྲོ་འདོགས་ཆོད་ཅེས།།ཉལ་ཀྱང་རིགས་ལམ་གྱི་དཔལ་ལ་རྣོ་ཁ་འབར་བའི།།རྨི་ལམ་རྣལ་འབྱོར་བ་མགོ་ལོག་ཚུ་རོལ་མཆོད་དོ།།

༼༢༢༠༽

ཐོས་བསམ་སློབ་གཉེར་གྱིས་དགེ་བཤེས་ཆེན་པོར་གྱུར་ཅིང་།།རྩོད་པའི་ཟིལ་ཤུགས་ཀྱིས་ཁ་བཙན་བཟོད་པར་དཀའ་བ།།ལམ་རིམ་སྟོང་ཚར་གཅིག་བཏོན་ཞེས་གྲགས་པ་ཅན་གྱི།།དར་རྒྱས་ཚར་ཕྲུག་ཅེས་མིང་ཅན་དེ་ལ་འདུད་དོ།།

༼༢༢༡༽

ཐ་སྙད་རིག་གནས་དང་ཐིག་རྩ་བློས་བསླངས་འབྲི་ཚུལ།།སྐུ་འབུམ་རེབ་གོང་སོགས་མང་བོར་ཁྲིད་རྒྱུན་སྤེལ་ཤིང་།།དབྱངས་ཅན་སྒྲ་མདོ་ཡི་འགྲེལ་བ་གླེགས་བམ་དྲུག་ཅན།།སྨད་སོག་བཛྲ་ཞེས་གནས་ལྔ་བ་དེར་འདུད་དོ།།

༼༢༢༢༽

གནའ་དེང་ཟུང་འབྲེལ་གྱི་སྐར་རྩིས་གསར་གཏོད་མཁན་ཞེས།།གྲགས་ཤིང་སྐར་རྩིས་ཀྱི་ཚད་ཐིགས་འཛིན་ས་གཅིག་བུ།།གངས་ཅན་རིས་མེད་ལ་རྩིས་ཀྱི་སྐུ་དྲིན་ཅན་པོ།།བླ་བྲང་རྩིས་རམས་པ་ཨ་ཁུ་བསམ་གྲུབ་མཆོད་དོ།།

༼༢༢༣༽

དགེ་བཤེས་ཁ་བཙན་ཅན་གཙང་གི་འཇའ་བསྟན་སེ་ལི།།བྱམས་དང་སྙིང་རྗེ་ཅན་གཙང་གི་ཨ་ཁུ་ཆོས་གཅེས།།རིགས་སྨྲའི་རྩེར་སོན་གྱི་དགེ་བཤེས་ཕུན་ཚོགས་རྒྱ་སྟུག།གཙང་གི་འཆད་ཉན་གྱི་སྲོག་ཤིང་རྣམས་ལ་འདུད་དོ།།

༼༢༢༤༽

གཞུང་ཆེན་པོད་ལྔ་ལ་ཐོས་བསམ་མཐུག་སྲབ་མེད་ཅིང་།།འཆད་རྩོད་རྩོམ་པ་ཡིས་མཁས་པའི་ཁྲི་ལ་སླེབས་པ།།མགར་རྩེ་དགོན་པ་ལ་བསྟན་པའི་རྨང་གཞི་འཛུགས་མཁན།།བསམ་གཏན་སེར་ལྡང་ཞེས་དགེ་བཤེས་དེ་ལ་འདུད་དོ།།

༼༡༢༥༽

མགར་རྩེ་སྤྲུལ་སྐུ་ཡིས་ཐུགས་དགོངས་ཇི་བཞིན་ཕེབས་ནས།།མགའ་རྩེ་དགོན་པ་ཡི་བསྟན་པའི་རྨང་གཞི་གསོ་མཁན།།མགར་དགོན་ཆོས་གླིང་གིས་བཀའ་དྲིན་གཞལ་མཐའ་མེད་པའི།།མགར་རྩེའི་སློབ་དཔོན་ཏེ་དངུལ་རྭའི་དམ་ཆོས་མཆོད་དོ།།

༼༡༢༦༽

ཐ་སྙད་རིག་གནས་ལ་མཁས་ཤིང་ཁ་ལྕེ་རྣོ་བ།།བསྡུས་གྲྭའི་རིགས་ལམ་རྣམས་བྱང་ནས་རིག་པ་མྱུར་བ།།རོང་བོ་དགོན་ཆེན་ནས་བསྟན་པའི་རྨང་གཞི་གསོ་མཁན།།རེབ་གོང་དཔལ་ལྡན་ཞེས་དགེ་བཤེས་དེ་ལ་འདུད་དོ།།

༼༢༢༧༽

ཐོས་བསམ་རྡོ་རུས་ལ་གཏུགས་ཤིང་བརྩོན་པ་ཆེ་བས།།གཞུང་དོན་བདེ་བླག་ཏུ་རྟོགས་པའི་མཁས་པར་གྱུར་ཏེ།།གདུལ་བྱའི་ཁམས་བཞིན་དུ་འཆད་ཉན་རང་སར་སྤེལ་བའི།།སྤྲེལ་རྫོང་འོད་ཟེར་ཞེས་དགེ་བཤེས་དེ་ལ་འདུད་དོ།།

༼༢༢༨༽

ཚུལ་ཁྲིམས་དྲི་ངད་ཀྱི་ལུས་སྟེང་ཀུན་ལ་ཁྱབ་ཅིང་།།དབང་ལུང་མན་ངག་གིས་ཐུགས་རྒྱུད་ཡོངས་སུ་གཏམས་པས།།འབའ་ཐང་དབྱིག་འཛིན་ལ་དམ་ཆོས་བདུད་རྩི་གཏོར་མཁན།།གསེར་ལག་རི་ཁྲོད་པ་གཉོམ་ཆུང་དེ་ལ་འདུད་དོ།།

༼༢༢༩༽

དཔྱི་ས་བློ་གྲོས་ཀྱིས་བཀའ་བཞིན་བཀྲ་ཤིས་འཁྱིལ་ནས།།བཀའ་འགྱུར་བསྟན་འགྱུར་གྱིས་མཚོན་པའི་ཆོས་རྒྱུན་བླངས་ནས།།རེབ་གོང་ཡུལ་ཕྱོགས་ལ་ས་ཁྱབ་རྡོ་ཁྱབ་བཏང་བའི།།རེབ་གོང་བཀའ་འགྱུར་བ་བསྟན་པའི་རྒྱལ་མཚན་མཆོད་དོ།།

༼༢༣༠༽

དབྱར་དགག་གསོ་གསུམ་གྱི་ལས་དང་ཐོས་བསམ་བྱེད་ཚུལ།།དམ་བཅའ་ཆེ་ཆུང་ཀུན་བཀྲ་ཤིས་འཁྱིལ་ལྟར་བཙུགས་ནས།།ཀླུ་ཚང་དགོན་པ་ལ་འཆད་ཉན་རྨང་ནས་གསོ་མཁན།། སྨོན་ལམ་རྒྱ་མཚོ་འམ་སྨད་སོག་བཟོད་པ་མཆོད་དོ།།

༼༢༣༡༽

ཐོས་བསམ་སྒོམ་གསུམ་གྱིས་མཁས་པའི་རྒྱལ་ཐབ་བཟུང་ཞིང་།།འཆད་རྩོད་རྩོམ་གསུམ་གྱིས་གཞན་དོན་བླ་མེད་སྒྲུབ་མཛད།།སྤྱོད་པ་ཞི་དུལ་གྱིས་མཛེས་པའི་དགེ་སློང་རྣམ་དག།རྒྱ་གར་ལྷ་རམས་པ་བློ་བཟང་དགེ་འདུན་མཆོད་དོ།།

༼༢༣༢༽

བཀྲ་ཤིས་འཁྱིལ་བ་ཡི་འཆད་ཉན་གཡང་གི་མཚོ་མོ།།ཕྱོགས་བཅུའི་ངང་ཕྲུག་ཚོས་ངོམས་མེད་བཏུང་བའི་རྗེས་སུ།།རྩལ་རྒྱས་ལྟོ་འགྲངས་ཚེ་སོ་སོའི་ཡུལ་དུ་འཕུར་ཏེ།།འཆད་ཉན་ཕྱོགས་ཀུན་ཏུ་སྤེལ་འདིར་མིག་གིས་ལྟ་དགོས།།

༼༢༣༣༽

ང་ཡི་རྗེས་སུ་ཡང་སངས་རྒྱས་བྱང་སེམས་མང་བོ།།བསམ་བཞིན་གནས་འདི་རུ་བསྟན་པ་སྐྱོང་གི་ཕེབས་ཞེས།།འབྱུང་འགྱུར་རྗེན་པ་རུ་གཟིགས་པའི་ཀུན་མཁྱེན་བླ་མའི།།རྡོ་རྗེ་བདེན་ཚིག་གིས་དྲངས་པ་ཐམས་ཅད་མཆོད་དོ།།

༼༢༣༤༽

བཤད་དང་སྒྲུབ་པ་ཡིས་བསྟན་པའི་སྙིང་བོ་འཛིན་པའི།།བཀྲ་ཤིས་འཁྱིལ་བ་ལ་འཆད་ཉན་བ་དན་སྒྲེང་མཁན།།གསེར་གྱི་རི་བོ་བཞིན་གཅིག་ལས་གཅིག་ལྷག་ལྟ་བུ།།མ་ཆད་བྱོན་པ་ཡི་ཚུལ་རྣམས་རྫོགས་མཐའ་མི་འདུག།

༼༢༣༥༽

འཇམ་མགོན་ཙོང་ཁ་བའི་ཁྲི་ཁ་གནོན་པའི་ཁྲི་ཆེན།།འཇམ་དབྱངས་བཞད་པ་ཡི་ཆོས་ཁྲིར་བཞུགས་པའི་མཁན་ཆེན།། ལམ་སྔགས་གདམས་པ་རུ་ཤར་ནས་སྒྲུབ་པའི་སྒོམ་ཆེན།།མུ་ཏིག་ཕྲེང་བ་བཞིན་བསྒྲིགས་རྣམས་བསྒྲེང་ནས་མི་ཚར།།

༼༢༣༦༽

མདོ་སྔགས་ཡོངས་རྫོགས་ཀྱི་ཐིག་ཤིང་འཕངས་པའི་སྟེང་ནས།།ཅུང་ཙམ་འདའ་མེད་དུ་བསྟན་འགྲོའི་བྱ་བཞག་སྒྲུབ་པའི།།ཀུན་མཁྱེན་ཡབ་སྲས་གསུམ་བཀྲ་ཤིས་འཁྱིལ་བའི་མཁའ་ན།།ཉི་ཟླ་སྐར་གསུམ་གྱི་དཔེ་བཞིན་ལྷམ་མེར་བཞུགས་ཡོད།།

༼༢༣༧༽

གཞུང་ཆེན་པོད་ལྔ་ཡི་ཚིག་དོན་ཡོངས་སུ་རྫོགས་པ།།ཐོས་བསམ་སྒོམ་པ་ཡིས་སློབ་མཐར་ལེགས་པར་ཕྱིན་ནས།།མདོ་སྔགས་དམ་བཅའ་གཉིས་བཞག་ཟིན་རྒན་པའི་ཁྲོད་ན།།དགེ་བཤེས་ཉི་ཤུ་ལྷག་མཁས་པའི་ཁྲི་ཁ་མནན་ཡོད།།

༼༢༣༨༽

བརྡ་སྤྲོད་རིག་པ་ཡིས་གཞུང་ཤིང་བྱས་པའི་སྟེང་ནས།།གཞུང་ཆེན་པོད་ལྔ་ལ་གོ་སྟོབས་ཤིན་ཏུ་ཆེ་ཞིང་།།རིགས་ལམ་རྩོད་པ་ཡིས་འགྲན་ཟླ་མེད་པའི་དགེ་བཤེས།།བཀའ་རམས་རྡོ་རམས་པ་བརྒྱ་ཕྲག་གཅིག་ལས་བརྒལ་ཡོད།།

༼༢༣༩༽

བཤེས་གཉེན་བསྟེན་ཚུལ་དེ་གཞན་ལས་ཁྱད་དུ་འཕགས་ཤིང་།།གུས་རྟག་བརྩོན་པ་ཡིས་ཐོས་བསམ་ལྷོད་མེད་གནང་བའི།།ཡ་རབས་སྤྱོད་བཟང་གི་དགེ་འདུན་སྟོང་དང་བརྒྱད་བརྒྱས།།བཀྲ་ཤིས་འཁྱིལ་བ་ཡི་ད་ལྟ་བའི་རྨང་གཞི་བཟུང་ཡོད།།

༼༢༤༠༽

དེང་རབས་ལག་རྩལ་ཀུན་མཐུན་པའི་རྐྱེན་དུ་བསྒྱུར་ཏེ།།སྔོན་བྱོན་མེས་པོ་ཚོས་བཏོད་པའི་ལམ་ཆེན་དེད་ནས།།རྒན་བཀུར་གཞོན་བྱམས་ཀྱི་མཐུན་སྒྲིལ་བསྡམས་ནས་སོང་ན།།ཕ་རྗེས་བུ་རབས་ཚོས་ཟིན་པའི་བྱས་རྗེས་ལོས་ཞོག།

༼༢༤༡༽

ཀུན་མཁྱེན་བླ་མ་ཡི་ཐུགས་བསྐྱེད་ནམ་མཁའི་དབྱིངས་ནས།།བཤེས་གཉེན་ཀླུ་དབང་ཚོས་གདམས་པའི་ཆར་ཆེན་ཕབས་ཏེ།།དད་པའི་ཞིང་ས་ལ་ལུང་རྟོགས་མེ་ཏོག་འཁྲུངས་པའི།།སྐལ་ལྡན་སློབ་བུ་རྣམས་དགའ་བདེའི་དཔལ་གྱིས་མྱོས་ཡོད།།

༼༢༤༢༽

བསྟན་པའི་ལྕགས་རི་སྟེ་སྡེ་བདུན་རིགས་པའི་འཕྲུལ་འཁོར།།རྩོད་པའི་རིགས་ལམ་གྱིས་ལྷོད་མེད་བསྐོར་བའི་སྒོ་ནས།།ལམ་ལ་ལོག་ཞུགས་ཀྱི་འཁྲུལ་བ་རྩ་ནས་བཀག་ཏེ།།ལམ་གྱི་ངོ་བོ་དེ་རིགས་པས་སྒྲུབ་ནས་བཞུགས་ཡོད།།

༼༢༤༣༽

ཡུམ་གྱི་སྦས་དོན་ཏེ་དངོས་བརྒྱད་དོན་བདུན་བཅུ་ཡི།།ངོ་བོ་གྲངས་ངེས་སོགས་རྒྱ་བོད་གཞུང་ལ་གཏུགས་ནས།།ལམ་གྱི་ཉམས་ལེན་དེ་ཕ་རོལ་ཕྱིན་པའི་གཞུང་ལ།།གུས་རྟག་བརྩོན་པ་ཡིས་རྟག་པར་འཇུས་ནས་བཞུགས་ཡོད།།

༼༢༤༤༽

ཡུམ་གྱི་དངོས་བསྟན་ཏེ་ཟབ་མོ་སྟོང་བའི་ངང་ཚུལ།།ཀླུ་སྒྲུབ་ཡབ་སྲས་དང་འཇམ་མགོན་བླ་མས་བཀྲལ་བཞིན།།ལམ་གྱི་ལྟ་བ་སྟེ་དབུ་མའི་དགག་སྒྲུབ་སྟེང་ལ།།སྐྱེས་སྦྱོར་ཤེས་རབ་ཀྱིས་རྩལ་ཀུན་བཀོལ་ནས་བཞུགས་ཡོད།།

༼༢༤༥༽

ཆོས་མངོན་རྒྱ་མཚོ་ལ་འཇུག་པའི་གྲུ་གཟིངས་ཆེན་མོ།།ཁྱབ་མཐའི་ཀློང་ཡངས་ནས་ཕྲ་ཞིབ་བློ་གྲོས་འཁྱུག་བཞིན།།མཛོད་ཀྱི་ཚིག་དོན་ལ་ཕྱོགས་རིས་མེད་པའི་སྒོ་ནས།།ལམ་གྱི་ཞིབ་ཆ་སྟེ་མཛོད་ལ་འབད་ནས་བཞུགས་ཡོད།།

༼༢༤༦༽

བསྟན་པའི་ནང་མཛོད་དམ་སྟོན་པའི་གདུང་འཚོབ་གཅིག་བུ།།འདུལ་བའི་ལག་ལེན་ལ་ལུས་ངག་གནས་པའི་སྟེང་ནས།།བསྟན་པའི་ཡང་སྙིང་སྟེ་གསང་འདུས་བཤད་སྒྲུབ་ཕྱོགས་ལ།།འབད་པ་བརྒྱ་ཕྲག་གིས་བརྩོན་པ་གནང་ནས་བཞུགས་ཡོད།།

༼༢༤༧༽

བཀའ་པོད་གཞུང་ཆེན་ལྔའི་ས་ཞིང་བཟང་བོའི་སྟེང་ལ།།གསང་ཆེན་སྡེ་བཞི་ཡི་ལམ་གྱི་འཁྲི་ཤིང་སྐྱེས་ཏེ།།སྒྲ་སྙན་སྨན་རྩིས་སོགས་རིག་པའི་མེ་ཏོག་བཞད་ནས།།རྩ་བ་ཡལ་ག་དང་བཅས་པ་རྒྱས་ནས་བཞུགས་ཡོད།།

༼༢༤༨༽

གཞུང་ཆེན་པོད་ལྔ་ཡི་ཚིག་དོན་ངེས་པའི་སྟེང་ནས།།རྣམ་དཔྱོད་རྩལ་འདོན་གྱིས་རིགས་ལམ་བརྡར་ཤ་བཅད་དེ།།གསར་བར་ལམ་སྟོན་དང་འཆད་ཉན་ལམ་དུ་འཇོག་མཁས།།བཀའ་རམས་རྡོ་རམས་ཚོས་སྲོག་ཤིང་བྱས་ནས་བཞུགས་ཡོད།།

༼༢༤༩༽

བཀའ་བསྟན་གཞུང་ལུགས་ལ་ལག་རྗེས་བསྡད་ནས་འཇོག་དགོས།།ཕྲ་ཞིབ་རིགས་ལམ་ལ་རྣོ་ཁ་བརྩད་ནས་འཕུད་དགོས།།ནང་ཆོས་ངོ་མ་དེ་བསམ་པའི་སྟེང་ན་ཡོད་དགོས།།རྒྱུན་ཤེས་འདི་ཙམ་གྱི་རྨང་གཞི་ཆགས་ནས་བཞུགས་ཡོད།།

༼༢༥༠༽

རྒྱ་གཞུང་བོད་གཞུང་གི་ལེགས་བཤད་པོད་ཏི་མང་བོ།།གྲྭ་ཚང་ཚོགས་དབུས་སུ་ཚོགས་རྒྱུགས་ཕུལ་བའི་གྲངས་ཀ།།ལོ་རེར་བརྒྱ་ཕྲག་ལ་ཉེ་བའི་གྲྭ་གཞོན་མང་བོས།།བྲག་ཐོག་ཆུ་བོའི་རླབས་འབྱོ་འབྱོ་བྱས་ནས་བཞུགས་ཡོད།།

༼༢༥༡༽

དད་བརྩོན་ཟུང་འབྲེལ་གྱིས་སྡེ་སྣོད་གསུམ་གྱི་འཆད་ཉན།།རིམ་གཉིས་རྣལ་འབྱོར་གྱིས་བསླབ་པ་གསུམ་གྱི་ཉམས་ལེན།།ཁ་མིན་ལག་ལེན་གྱིས་ལུང་རྟོགས་བསྟན་པ་གཉིས་ཀ།འཛིན་སྐྱོང་སྤེལ་མཁས་པའི་བསྟན་འཛིན་མང་བོ་བཞུགས་ཡོད།།

༼༢༥༢༽

གཞུང་ཆེན་པོད་ལྔ་དང་གསང་ཆེན་རྒྱུད་སྡེ་བཞི་ཡི།།འཆད་ཉན་བཤད་སྒྲུབ་དང་ཉམས་ལེན་ཕྱག་བཞེས་ཕྲ་རགས།།ཐ་ན་རྡུལ་ཚོན་དང་འདོན་རྟ་ཆོ་ག་ལག་ལེན།།དགོན་སྡེ་ཕལ་ཆེར་ཞིག་འདི་ལ་གཏུགས་ནས་བཞུགས་ཡོད།།

༼༢༥༣༽

བཀའ་འགྱུར་བསྟན་འགྱུར་གྱིས་མཚོན་པའི་ལུང་གི་བརྒྱུད་པ།།བདེ་གསང་འཇིགས་གསུམ་གྱིས་མཚོན་པའི་དབང་གི་བརྒྱུད་པ།།གཞུང་ཆེན་པོད་ལྔ་ཡིས་མཚོན་པའི་ཁྲིད་ཀྱི་བརྒྱུད་པ།།བརྒྱུད་པ་ཕལ་ཆེར་ཞིག་འདི་ལ་གཏུགས་ནས་བཞུགས་ཡོད།།

༼༢༥༤༽

གཞུང་ཆེན་པོད་ལྔ་ཡི་དཀའ་གནས་ཁྲིད་པའི་གདམས་པ།།རིགས་ལམ་རྩོད་པ་ཡིས་བརྡར་ཤ་གཅོད་པའི་གདམས་པ།།སྒྲ་ཐག་བརྙན་འཁོར་གྱིས་ཀུན་ལ་ཁྱབ་ནས་ཡོད་པས།།དགེ་བཤེས་ཕལ་ཆེར་ཞིག་འདི་ལ་ཁེན་ནས་བཞུགས་ཡོད།།

༼༢༥༥༽

གཞུང་ཆེན་བཀའ་པོད་ལྔས་མཚོན་པའི་མདོ་ཡི་ལེགས་བཤད།།གསང་ཆེན་སྡེ་བཞི་ཡིས་མཚོན་པས་སྔགས་ཀྱི་གསུང་རབ།།སྒྲ་སྙན་བརྡ་སྤྲོད་ཀྱིས་མཚོན་པའི་གནས་ལྔའི་གཞུང་ཀུན།།ལུང་རིགས་ཟུང་སྦྲེལ་གྱིས་འཛིན་རྣམས་བཀར་ནས་བགྲངས་ཡོད།།

༼༢༥༦༽

མཁས་ཀྱང་སྤྱོད་ལམ་སོགས་དགེ་འདུན་སྡེ་ལ་མི་མཐུན།།བཙུན་ཀྱང་མཁས་གྲུབ་ཀྱི་ཡོན་ཏན་དེ་ཙམ་མེད་པ།།བཟང་ཡང་མཁས་བཙུན་གྱི་ཚད་ཐིག་མི་འདང་མཁན་ཚོ།།གཅིག་ཀྱང་ཕྱག་རྗེས་ཅན་འདི་ཚོའི་གྲལ་ལ་བགྲངས་མེད།།

༼༢༥༧༽

སྒྲ་རིག་སྨྲ་བ་ལ་སྤོབས་པ་གཟེངས་སུ་མཐོ་ཞིང་།།རྩིས་དང་སྡེབ་སྦྱོར་ལ་འཁྲུལ་བའི་དྲི་མ་ཉུང་བ།།ཐ་སྙད་རིག་གནས་ཀྱི་གསུང་རྩོམ་ལེགས་པོ་ཡོད་ཅིང་།།ཁྲིད་རྒྱུན་མི་ནུབ་པར་བསྐྱངས་པ་འགའ་ཡང་བགྲངས་ཡོད།།

༼༢༥༨༽

གཞུང་ལུགས་ཆེ་རྣམས་ལ་ཐོས་བསམ་སྒོམ་པ་མ་བྱས།།དངོས་པོའི་ཆོས་ཉིད་ལ་འཆད་རྩོད་རྩོམ་པས་མ་ཞུགས།།ཐ་སྙད་ཚིག་སྐམ་གྱིས་རྨོངས་པ་ངོ་མཚར་སྐྱེད་རྣམས།།གྲྭ་ས་འདི་འདྲ་ནས་མཁས་པའི་གྲལ་ལ་མི་ཐེ།།

༼༢༥༩༽

སྒྲ་རྩིས་གཞུང་ལུགས་ལ་བྱང་བའི་བྱིས་པའང་མང་ལ།།སྙན་ངག་སྡེབ་སྦྱོར་ལ་མཁས་པའི་ལོ་ཆུང་གྲངས་མེད།།ཡོན་ཏན་དེ་ཙམ་གྱིས་མཁས་པའི་གྲལ་ལ་བཞག་ན།།དགོན་ཆེན་འདི་འདྲ་ཡི་མཁས་པའི་རིན་ཐང་ཉམས་འགྲོ།།

༼༢༦༠༽

ཐོས་བསམ་སྒོམ་གསུམ་གྱིས་རང་རྒྱུད་བསྟན་པ་སྤེལ་ཞིང་།།འཆད་རྩོད་རྩོམ་གསུམ་གྱིས་གཞན་གྱི་ལོག་རྟོག་བཀག་ཏེ།།ལུང་རྟོགས་བསྟན་པ་གཉིས་བཤད་སྒྲུབ་ཟུང་གིས་འཛིན་པའི།།ལམ་ལུགས་འདི་ཉིད་ལ་འགྱུར་བ་མེད་པར་བཞུགས་ཡོད།།

༼༢༦༡༽

ཕྱི་མཛེས་ལྷ་ཁང་དང་འདུ་ཁང་ཁྱད་དུ་འཕགས་ཤིང་། །ཆ་རྐྱེན་དེང་རབས་ཀྱི་ཁོར་ཡུག་དྭངས་གཙང་མེད་ཀྱང་། །ཐོས་བསམ་སྒོམ་སྒྲུབ་ཀྱིས་ཉམས་བཞེས་གྲུབ་པའི་རྟགས་མཚན། །འུར་འདྲོགས་རླུང་ནང་ན་བསྒུལ་མེད་ལྷོད་ཀྱིས་བཞུགས་ཡོད།།

༼༢༦༢༽

དེ་ལྟར་བསྟན་འཛིན་ཚོའི་མིང་ཙམ་བགྲངས་པས་མཐུ་ལས།།བསྟན་འཛིན་སྐྱེས་བུ་ཚོས་མདོ་སྔགས་གཞུང་ལུགས་སྦྱངས་སྟངས།།རྒྱུས་མེད་མཁོ་མེད་དུ་སྨྲ་བའི་ཤུགས་འདི་ཉམས་ནས།།ངེས་དོན་བསྟན་འཛིན་ཚོའི་དབུ་འཕངས་རྒྱས་པའི་སྐྱབས་འཇུག།

༼༢༦༣༽

སྟོན་པ་འཇིག་རྟེན་དུ་བྱོན་པའི་དགོས་པ་གཙོ་བོ།།

ལུས་ངག་སྤྱོད་ལམ་གྱི་བསླབ་བྱ་ཙམ་ཞིག་མིན་པར།།བསྟན་པའི་ཡང་སྙིང་གི་ལྟ་གྲུབ་རྣམ་དག་ཤེས་ནས།།རྟེན་འབྱུང་སྒྲོག་མཁས་ཚོའི་རིན་ཐང་ཤེས་པའི་སྐྱབས་འཇུག།

༼༢༦༤༽

མིང་ལ་བསྟན་འཛིན་ཞེས་ཐོགས་པ་ཙམ་ཞིག་མིན་པར།།བསླབ་གསུམ་ཉམས་ལེན་དང་སྡེ་སྣོད་གསུམ་གྱིས་འཆད་ཉན།།ལུང་རིགས་ཟུང་འབྲེལ་དང་འཆད་རྩོད་རྩོམ་པས་འཛིན་རྣམས།།བསྟན་འཛིན་དོན་མཐུན་ཞེས་མིང་དོན་འཕྲོད་པའི་སྐྱབས།།

༼༢༦༥༽

དངོས་བསྟན་སྦས་དོན་གྱི་གནད་ལ་འཕགས་སེང་ཇི་བཞིན།།གསང་སྔགས་རྣལ་འབྱོར་གྱི་སྒོམ་ལ་མི་ལ་རས་བཞིན།།མདོ་སྔགས་ཟུང་འབྲེལ་གྱི་བཤད་སྒྲུབ་ཙོང་ཁ་བ་བཞིན།།བསྟན་པའི་ཡང་སྙིང་དེ་ཤེས་ནས་འཛིན་པའི་སྐྱབས་འཇུག།

༼༢༦༦༽

འཆད་ལ་ཐོགས་མེད་པ་རི་གཟར་འབབ་ཆུའི་རླབས་ཕྲེང་།།རྩོད་ལ་ཐོགས་མེད་པ་སེངྒེ་ཁྲོས་པའི་གད་རྒྱངས།།རྩོམ་ལ་ཐོགས་མེད་པ་ཚངས་སྲས་ལྷ་མོའི་མཆེད་ཟླ།།འཆད་རྩོད་རྩོམ་གསུམ་གྱིས་བསྟན་འཛིན་འཕྱུར་བའི་སྐྱབས་འཇུག།

༼༢༦༧༽

ལམ་ཞུགས་ཁྲི་བརྒྱད་ཀྱི་གདན་སའི་ཆེ་བ་བརྗོད་འདིར།།ཀུན་མཁྱེན་ཡབ་སྲས་རྣམས་དགྱེས་བཞིན་རྗེས་སུ་བཟུང་ནས།།བྱང་ཆུབ་མ་ཐོབ་བར་ལེགས་བཤད་བཅུད་ཀྱིས་གསོས་ཏེ།།བཤད་སྒྲུབ་རྩིབས་སྟོང་གི་འཁོར་ལོ་དབང་བའི་སྐྱབས་འཇུག།

༼༢༦༨༽

བཀྲ་ཤིས་འཁྱིལ་བ་ཡི་དགེ་མཚན་ཀུན་གྱི་སྙིང་བོ།།ལུང་རིགས་ཟུང་སྦྲེལ་གྱིས་བསྟན་པའི་རྒྱལ་མཚན་སྒྲེང་མཁན།།བསྟན་འཛིན་སྐྱེས་བུ་ཚོའི་རླབས་ཆེན་མཛད་རྗེས་འདི་ཀུན།།ཕྱོགས་བཅུའི་རྒྱལ་བ་ཀུན་དགྱེས་པའི་མཆོད་པར་གྱུར་ཅིག།

 

༧ ཅེས་སྐྱབས་མགོན་འཇམ་དབྱངས་བཞད་པ་ཡབ་སྲས་ཉི་ཟླ་ལྟ་བུ་རྣམས་ཀྱི་ཞལ་ལ་དངོས་སུ་མཇལ་ཞིང་གསུང་གི་བདུད་རྩི་མྱོང་བའི་སྐལ་བ་ཅན་དབུས་སྨྲ་བས་ལམ་ཞུགས་ཁྲི་ཕྲག་བརྒྱད་ཀྱི་གདན་ས་ཆེན་མོ་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་རང་སྤྱིལ་ལུང་རིགས་ཚོལ་བའི་དགའ་ཚལ་ནས་༢༠༡༧ཧོར་ཟླ་༡/༥ཉིན་མཇུག་རྫོགས་པར་བྲིས་པའི་དགེ་བས་མིང་སྟོང་ཙམ་མ་ཡིན་པར་ངེས་པ་དོན་གྱི་བསྟན་འཛིན་དམ་པ་རྣམས་ཀྱིས་ས་སྟེང་གང་ནས་མཁའ་ཁྱབ་སྐྱེ་འགྲོ་ཀུན་གྱི་གདུང་བ་ལྷག་མེད་དུ་ཞི་སྟེ་འཕྲལ་ཕུགས་ལེགས་ཚོགས་ཀྱི་རླབས་ཕྲེང་མཁའ་ལ་འཕྱུར་ནས་གཏན་བདེའི་དཔལ་ལ་རོལ་བའི་རྒྱུ་རུ་གྱུར་ཅིག། ཐམས་ཅད་བཀྲ་ཤིས་པར་གྱུར་ཅིག།

 

  རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 

གསལ་འདེབས། 

    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།